གླིང་བརྒྱ་བ་དོན་གྲུབ་རྒྱལ།
གླིང་བརྒྱ་བ་དོན་གྲུབ་རྒྱལ། ཕ་ཡུལ་རེབ་གོང་། ལས་ཐོབ་སློབ་འབྲིང་གི་མཐོ་རིམ་ལས་ཐོབ་༼中教高级职称༽དང་ཆེད་ལས་བོད་ཡིག་ཡིན། ༡༩༦༢ ལོར་ཞིང་གྲོང་ཞིག་ཏུ་སྐྱེས་ཤིང་ལོ་བདུན་ནས་བཟུང་ལོ་ལྔའི་སློབ་ཆུང་གི་སློབ་གསོ་མྱངས། ༡༩༧༤ ལོ་ནས་བཟུང་རྨ་ལྷོ་མི་རིགས་དགེ་ཐོན་སློབ་གྲྭ་རུ་ལོ་གསུམ་རིང་བོད་རྒྱ་སྐད་ཡིག་དང་རྩིས་རིག་སོགས་ལ་སློབ་སྦྱོང་བྱས་པ་དང་། ༡༩༧༧ ལོའི་ཟླ་བདུན་པར་དམའ་འབྲིང་མཐར་ཕྱིན་ཏེ་གཞི་རིམ་དུ་དགེ་རྒན་གྱི་བྱ་བར་ཞུགས། དགེ་རྒན་གྱི་བྱ་བ་གཉེར་ཞོར་སྔ་གཞུག་ཏུ་མཚོ་སྔོན་མི་རིགས་སློབ་ཆེན་དང་ཀྲུང་དབྱང་མི་རིགས་སློབ་ཆེན་དུ་ཆེད་ལས་སློབ་གཉེར་ལ་ཞུགས་ཏེ། མཁས་དབང་ཤར་གདོང་བློ་བཟང་བཤད་སྒྲུབ་རྒྱ་མཚོ་ཚང་དང་། བསེ་ཚང་བློ་བཟང་དཔལ་ལྡན། དགེ་རྒན་ཆེན་མོ་ཐུབ་བསྟན་ཕུན་ཚོགས་སོགས་བོད་ཀྱི་མཁས་པ་དུ་མའི་མདུན་ནས་སྒྲ་ཚད་སྙན་རྩིས་སོགས་རིག་གནས་སྤྱི་དང་་། ཁྱད་པར་《སྙན་ངག་མེ་ལོང》དང་《དབྱངས་ཅན་དགྱེས་གླུ》 《སྙན་འགྲེལ་ཡང་གསལ་སྣང་མཛོད》 《སྙན་འགྲེལ་ཚངས་སྲས་བཞད་སྒྲ》སོགས་སྙན་ངག་གི་གཞུང་ལུགས་དང་བསྟན་བཅོས་དུ་མར་སྦྱོང་བ་གནད་དུ་ཐིངས་པ་རེ་བྱས་ཏེ་སློབ་གྲྭ་ཆེན་མོའི་ཆེད་སྦྱོང་འཛིན་ཡིག་བླངས། ཕྱིས་སུ་མཁས་དབང་བོན་བརྒྱ་རིན་པོ་ཆེ་དང་སྐྱང་སྤྲུལ་རིན་པོ་ཆེ་ནམ་མཁའ་བསྟན་འཛིན་སོགས་བོན་གྱི་དགེ་བའི་བཤེས་གཉེན་དུ་མའི་མདུན་ནས་བོན་གྱི་མདོ་སྔགས་སེམས་གསུམ་དང་དབང་ལུང་ཁྲིད་གསུམ་གྱི་བཀའ་དྲིན་མཆོག་ཏུ་མནོས་ཤིང་། བོན་གྱི་རིག་གནས་སྤྱི་དང་ཁྱད་པར་རྫོགས་པ་ཆེན་པོའི་གཞུང་ལ་བག་ཆགས་ཤིག་འཇོག་ཐུབ་པའི་སྐལ་བ་མི་དམན་པ་ཐོབ། ད་ལྟ་རེབ་གོང་མི་རིགས་སློབ་འབྲིང་དུ་མཐོ་འབྲིང་བོད་ཡིག་དགེ་རྒན་གྱི་བྱ་བ་སྒྲུབ་བཞིན་ཡོད། འབྲེལ་གཏུག་ཞལ་པར། 13639733041 0973-8725387 |


