སྙིང་ཉེ་ཞིང་མཁྱེན་དཔྱོད་ཡངས་པའི་བོད་རིགས་སྤུན་ཟླ་རྣམ་པ།
ཁྱེད་རྣམ་པའི་སྐུ་ཁམས་བཟང་།
ད་ལྟ་ནི་མིའི་རིགས་དཔལ་འབྱོར་དང་ཚན་རྩལ་རིག་གནས་ཀྱི་ལམ་དུ་འཕུར་སྐྱོད་བྱེད་པའི་དུས་ཡིན་ལ། དམིགས་བསལ་གྱི་ཁོར་ཡུག་འདི་འདྲའམ་རྙོག་འཛིང་ཆེ་བའི་སྤྱི་ཚོགས་ཀྱི་སྒྲིག་གཞི་འདི་འདྲའི་འོག་ཏུ། ང་ཚོ་རང་གི་འཚོ་གནས་དང་འབྲེལ་བའི་ཕྱོགས་མང་པོ་ཞིག་གི་ཐད་ན་ཉེན་ཁ་དང་དཀའ་ཁག་ལ་ཕྲད་ཀྱིན་ཡོད་ཅིང་། འདི་ལྟ་བུའི་དངོས་ཡོད་གནད་དོན་ལ་ཁ་གཏོད་དུས་ང་ཚོས་རང་ལ་རྩིས་བཤེར་དང་འདོར་ལེན་གང་ལེགས་ཤིག་གནང་དགོས་ལ། གཞན་ཀྱི་ལེགས་ཆས་རང་གི་ཞན་ཆར་བསྒྱུར་བཀོལ་བྱེད་དགོས་པའང་ཁ་ཚ་དགོས་གཏུག་གི་དོན་ཞིག་ཏུ་འགྱུར་གྱིན་ཡོད་པ་རེད།
དེ་ཡིན་ནའང་ང་ཚོས་ཅིས་ཀྱང་ངེས་དགོས་པ་ཞིག་ནི་ང་ཚོ་ཡང་རྒྱ་དཀར་ནག་དང་འདྲ་བར་བསྐལ་བའི་ཕུགས་ལམ་ནས་བརྒྱུད་འོངས་པའི་གནའ་བོའི་མི་རིགས་ཤིག་ཡིན་པ་དང་། ང་ཚོ་ཡང་རང་རྐྱ་ཐུབ་པའི་རིག་གནས་དང་ལོ་རྒྱུས་བྱུང་མྱོང་བའི་མི་རིགས་རླབས་ཆེན་ཞིག་ཡིན་པ་དེ་ལགས་ཤིང་། ཕྱིན་ཆད་ཀྱི་ལོ་ཟླའི་ནང་དུ་ང་ཚོ་ལམ་བུ་གང་འདྲ་ཞིག་ཏུ་འགྲོ་བ་དང་། ང་ཚོས་རང་ལ་ཡོད་པའི་རིག་གནས་གོམས་སྲོལ་དང་བཅས་པར་དུས་དང་མཐུན་པའི་འདོར་ལེན་གྱི་ལག་ཟུང་ཇི་འདྲ་ཞིག་རྐྱོང་ནའང་། ཅིས་ཀྱང་འཁུར་དགོས་པ་ནི་ལོ་རྒྱུས་ཀྱི་འགན་འཁུར་ལྗིད་ཏིག་གེ་བ་དེ་དང་། ཅིས་ཀྱང་སྲུང་ཞིང་སྐྱོབ་དགོས་པའང་ཕ་མེས་ཀྱི་ཤུལ་བཞག་དངོས་རྫས་སམ། ཡང་ན་སྔར་ནས་རང་གི་བླ་སྲོག་ཏུ་གྲུབ་ཚར་བའི་སྐད་ཡིག་དང་སྐད་ཡིག་གི་འཇིག་རྟེན་གཙང་ཞིང་ཡངས་པ་དེ་རེད།
དེའི་ཕྱིར་ངེད་རེབ་གོང་བོན་མང་ཞིབ་འཇུག་ཚོགས་པས་ཀྱང་དུས་ཀྱིས་བྱིན་པའི་ཤུལ་དངོས་ཉར་ཚགས་ཀྱི་ལས་འདི་མ་བསྐོས་ཕྲག་ཏུ་བླངས་ཏེ། སྲུང་སྐྱོབ་ཀྱི་རྣམ་འགྱུར་ཙམ་སྟོན་པའི་ལས་ལ་འབད་ཀྱིན་ཡོད་ལ། འདི་ཡང་གྲུབ་མཐའི་ལ་རྒྱ་ཙམ་མ་ཡིན་པར་བོད་རིག་པའི་ངོས་ལ་ཞབས་འདེགས་ཤིག་ཏུ་ཨེ་འགྱུར་དང་། དྲ་རྒྱའི་ལམ་ནས་རང་རེའི་སྐད་ཡིག་གི་འཇིག་རྟེན་གསར་སྐྲུན་ལ་འཚོལ་རྟོག་བྱེད་པའི་ལག་ལེན་ཙམ་དུ་བསམ་གྱི་ཡོད།
ཡིན་ནའང་ཚང་མས་གསན་འདོད་མེད་པ་ཞིག་ལ་ང་ཚོའི་ཚོགས་པ་འདི་ནི་རྒྱལ་ཁབ་ཀྱི་ཆོག་མཆན་དང་བླ་མ་དགེ་བཤེས་འདུས་པ་རྒྱ་མཚོའི་ལགས་སོ་མ་བརྒྱུད་པའི་སྒེར་གྱི་རང་མོས་ཚོགས་པ་ཞིག་ཡིན་པས། ང་ཚོའི་བྱ་བ་འདི་ལའང་རང་རེ་བོད་ཀྱི་ལས་གཞི་ཆེ་མ་ཆུང་གསུམ་མང་བོ་ཞིག་དང་འདྲ་བར། གྲོན་དངུལ་གྱི་ཁག་ཐག་དང་ཡོངས་ཁུངས་གང་ཡང་མེད་པར་ཁེར་རྐྱང་གི་རྣམ་པ་ལྟ་བུར་ཆགས་ཡོད།
དེ་བས་ན་འདིར་མི་ཞུ་ཐབས་མེད་ཅིག་ལ་རྒྱ་ཆེའི་ཤེས་ལྡན་པ་དང་། སྦྱིན་བདག་གཏོང་ཕོད་ཅན་རེ་ཡོད་ན་ཁོ་བོ་ཅག་ལ་སྦྱིན་པའི་སྤར་མོ་རེ་བརྐྱང་སྟེ་མ་དངུལ་གྱི་མཐུན་རྐྱེན་གང་འོས་རེ་སྦྱོར་རྒྱུའི་བཀའ་དྲིན་སྙིང་ནས་ཡང་ཡང་དུ་ཞུའོ།།
མཐར་བོད་ཁ་བ་ཅན་གྱི་ཚེ་བསོད་དབང་ཐང་རྒྱས་པའི་སྨོན་འདུན་དང་བཅས།
རེབ་གོང་བོན་མང་ཞིབ་འཇུག་ཚོགས་པས་གུས་པས །
༢༠༠༨ ལོའི་ཟླ ༩ ཚེས ༡༦ ཉིན་ཕུལ་བ་ལགས།
ཐོ་ཁུངས་དངུལ་ཁང་། ཀྲུང་གོ་འཛུགས་སྐྲུན་དངུལ་ཁང་། 中国建设银行
རྩིས་ཐོ་ཨང་གྲངས། 4427009980130004653
ཐོ་མིང་། 索南扎西
འབྲེལ་གཏུག་ཁ་པར། ༼ལག་འཁྱེར༽13619733012 ༼ ཁྱིམ ༽0973-8722803 |