|
གཤེན་ཞལ་མཇལ་ཙམ་ན། །འཇའ་ལུས་འོད་ཀྱི་ཕུང་པོར་གྱུར། །མཐར་ཐུག་མངོན་སངས་རྒྱས་ཏེ་སོང་། །འདིས་མཚོན་སྐྱོན་དང་སྐྱོན་སེལ་རིགས། །ཇི་སྙེད་མཁས་པའི་བློ་ཡིས་དཔོག །བསྟན་བཅོས་མི་ཤེས་སྦྱོར་ཉེས་ན། །ཡོན་ཏན་སྔོན་དུ་སྐྱོན་ཀུན་འབྱུང་། །བརྩམས་དེ་འདོར་བ་ཅི་སྨོས་ཏེ། །ཕྱི་རབས་གཤེན་གྱི་ལོག་རྟོག་སློང་། །དེ་ཕྱིར་སྙན་ངག་མཁན་རྣམས་ཀྱིས། །བརྩམ་ལ་ཞིབ་མོའི་བློས་བརྟག་སྟེ། །སྐྱོན་གྱི་རྣམ་པ་ཕྲ་མོ་ཡང་། །བཏང་སྙོམས་མ་བཞག་འཕྲལ་དུ་བཅོས། །ཚད་གསུམ་ཟུང་དུ་འབྲེལ་བ་ཡི། །དོན་ལྡན་ལེགས་པར་སྦྱོར་ཤེས་ན། །བསྟན་དང་འགྲོ་བའི་དཔལ་འགྱུར་ཞིང་། །སྙན་གྲགས་ཀུན་ཏུ་ཡུན་རིང་གནས། །བསྐལ་པ་གྲངས་མེད་གནས་འགྱུར་ཡང་། །དེ་ཡི་བསོད་ནམས་འཛད་མི་ཤེས། །སྐྱོན་དང་དམིགས་བསལ་སྐྱོན་སེལ་དང་། །ཉེས་ལེགས་སྐྱོན་ཡོན་བསྟན་པ་འོ། །དོན་སྒྲ་གབ་ཚིག་སྐྱོན་སེལ་བཅས། །ཐུན་མོང་རྒྱན་རྣམས་གྲུབ་པ་འོ། །ལུས་སྲོག་སྐྱོན་ཡོན་རྒྱན་དང་བཅས། །དོན་གྱི་དངོས་པོ་བསྟན་ཟིན་ཏོ། །སྙན་ངག་གི་བསྟན་བཅོས་རིན་ཆེན་ལྡེ་མིག་ལས་སྐྱོན་སེལ་མཇུག་བསྡུ་བསྟན་པའི་སྐབས་ཏེ་ལྔ་བའོ། །
སྙན་ངག་རིན་ཆེན་ལྡེ་མིག་འདི། །གྲགས་འདོད་ཅོ་འདྲིས་མ་གོས་པར། །རྒྱལ་བའི་བསྟན་དང་བསྟན་འཛིན་ལ། །སྲི་ཞུ་བགྱི་བའི་བློས་བསྐུལ་ཏེ། །དྲི་མེད་གཟི་བརྗིད་མ་རྒྱུད་དང་། །ཤ་རའི་སྒྲ་འབུམ་བཀོལ་བྱང་དང་། །མཚན་ཉིད་སྲིད་པའི་མཛོད་རྣམས་ཀྱི། །དགོངས་དོན་དྲི་མ་མེད་པ་དང་། །འགྲོ་མགོན་བློ་གྲོས་རྒྱལ་མཚན་དང་། །རྒྱལ་བ་གཉིས་པ་ཤེས་རབ་རྒྱལ། །གཤེན་མཁས་ཚུལ་ཁྲིམས་རྒྱལ་མཚན་དང་། །ཉི་བསྟན་ཡོངས་འཛིན་རྣམ་འོད་སོགས། །མཁས་པའི་ལེགས་བཤད་ལ་བརྟེན་ནས། །རྟོག་བཟོའི་སྐྱོན་གྱིས་མ་བསླད་པར། །གོང་མའི་དགོངས་པ་ཇི་ལྟ་བ། །གོ་སླ་འཇུག་བདེའི་གཞུང་འདི་སྦྱར། །རིན་ཆེན་དང་པོའི་ལྷུན་པོ་ལ། །ཉི་གཞོན་བྱེ་བས་འཁྱུད་མཛེས་བཞིན། །རྒྱལ་བའི་བསྟན་དང་མཁའ་མཉམ་འགྲོ། །དུས་རྣམས་ཀུན་ཏུ་ཤིས་གྱུར་ཅིག །བཀའ་ལུང་རིག་པ་ཟུང་སྦྲེལ་ནས། །ལྷག་བསམ་དག་པས་བཤད་མོད་ཀྱི། །མ་རིག་འཁྲུལ་སྐྱོན་ཅི་མཆིས་པ། །རིན་ཆེན་གསུམ་ལ་སྙིང་ནས་བཤགས། །བློ་གྲོས་བཟང་པོའི་མཐུར་བརྟས་པའི། །རྣམ་དཀར་དགེ་རྩ་ཅི་མཆིས་པ། །དུས་གསུམ་བསགས་པའི་དགེ་ཚོགས་བཅས། །འགྲོ་ཀུན་བྱང་ཆུབ་འཐོབ་ཕྱིར་བསྔོ། །འདི་ལ་འབད་པའི་བསོད་ནམས་ཀྱིས། །གཤེན་བསྟན་དར་རྒྱས་ཡུན་གནས་ཤིང་། །སྐྱེ་དགུ་བདེ་སྐྱིད་ཕུན་ཚོགས་ཏེ། །རྫོགས་ལྡན་བསྐལ་བཟང་ཡར་འཕེལ་ཤོག །སྙན་ངག་གི་བསྟན་བཅོས་རིན་ཆེན་ལྡེ་མིག་ཅེས་བྱ་བ་རྫོགས་སོ། །ཅེས་པའི་ཚུལ་འདི་མཁན་ཆེན་ཤེས་རབ་བློ་ལྡན་དབང་གི་རྒྱལ་པོ་དང་ཡོངས་འཛིན་བློ་གྲོས་རྒྱ་མཚོ་སོགས་ཀྱི་ཞབས་རྡུལ་སྤྱི་བོར་འཆིང་བའི་གཤེན་གྱི་བཙུན་གཟུགས་ཚུལ་ཁྲིམས་རྒྱལ་མཚན་བདག་ལ་འདི་ཕྱོགས་ལ་མོས་པའི་སློབ་འབངས་འགའ་ཡིས་རང་ལུགས་དང་མཐུན་པའི་སྙན་གཞུང་རྒྱས་པ་གྲོང་ཚིག་གིས་མ་བཅིངས་ཤིང་གོ་སླ་འཇུག་བདེ་ཞིག་དགོས་ཚུལ་གྱི་གསུངས་བསྐུལ་མ་ལྡོག་ཙམ་དུ་གཤེན་བསྟན་གཡུང་དྲུང་གླིང་དུ་བགྱིས་པ་འདི་ཡང་བསྟན་པ་རིན་པོ་ཆེའི་མཛེས་རྒྱན་དུ་གྱུར་ཅིག །ཐ་ཚན་མུ་ཚུག་སྨྲར་རོ། །དགེའོ། །བཀྲ་ཤིས་པར་གྱུར་ཅིག ། |