|
སྐུ་གསུང་ཐུགས་ཀྱི་གསང་བ་བསམ་མི་ཁྱབ། །
གདུལ་བྱའི་ཁམས་མཐུན་བོན་སྦྱིན་དལ་འགྲོའི་རྒྱུན། །
སྟོང་གསུམ་གསེར་བཀང་ཕུལ་བས་གཞལ་དུ་མེད། །
དེ་ལྟ་ན་ཡང་རང་ཅག་ལྷ་སྐལ་གྱི། །
མེ་ཏོག་ཕོག་པའི་ཞིང་མཆོག་མ་ནོར་བ། །
སྔོན་བསགས་བསོད་ནམས་སྟོབས་སུ་སྨིན་པའི་མཐུས། །
གསེར་ཞལ་དངོས་མཇལ་སྐལ་པ་ལྷ་ཡིས་བསྩལ། །
དེ་ཡང་རྔ་གཡང་ཕྱུག་མོའི་ལྗོངས་ཞེས་པའི། །
ནོར་འཛིན་དཔལ་མོར་སྔོན་བྱོན་སྐྱེས་ཆེན་རྣམས། །
རིམ་པར་བྱོན་ནས་བྱིན་རླབས་ཆར་རྒྱུན་གྱིས། །
དགེ་བཅུའི་དཔལ་ཡོན་རྒྱ་མཚོ་བཞིན་དུ་འཁྱིལ། །
སྣང་བ་སྣ་ཚོགས་གཞི་ལ་ཞིག་པའི་གཤེན། །
སྣང་ཞིག་གདུང་རྒྱུད་ཐོག་མ་དོ་འཕགས་གཤེན། །
སྣང་སྲིད་འགྲོ་ཁམས་ཁ་ལོ་བསྒྱུར་བའི་གཤེན། །
སྣང་སྟོན་སྐལ་བཟང་བློ་གྲོས་རྒྱ་མཚོ་གཤེན། །
གང་ཉིད་ཕྱོགས་འདིར་ཆེད་དུ་གདན་འདྲེན་ན། །
སྤྱན་འདྲེན་ཕོ་ཉའི་འགྲོ་འོང་བརྒྱ་ཕྲག་དང༌། །
རྟ་དང་གླང་པོས་ཆིབས་བསུ་ཟླ་བའི་ལམ། །
རྐང་ཐང་སེར་ཕྲེང་སྒྲིག་པ་ཉིན་ལམ་དགོས། །
སྲས་ཀྱི་ཐུ་བོས་བསྟན་འགྲོའི་དོན་དགོངས་ནས། །
ད་ལམ་འདི་ལྟར་སྟབས་བདེའི་ངང་ཉིད་དུ། །
དེང་རབས་འཕྲུལ་གྱི་རླངས་འཁོར་ལ་བཞུགས་ཏེ། །
བྱང་གི་ཨཀྟ་རོང་འདིར་ཆིབས་ཞལ་བསྒྱུར། །
དབལ་རམ་འབུམ་པའི་གྲུབ་ཐོབ་རྣམ་གསུམ་གྱི། །
བརྒྱུད་འཛིན་ཕུར་ཐོགས་སྟོང་དང་དགུ་བརྒྱ་ཡིས། །
དབལ་གསས་རྔམ་པའི་སྒྲུབ་པ་ཆེན་མོ་ནི། །
སྤྱི་རྟིང་འཁོར་ལོའི་གདན་ས་འདི་ན་སྒྲུབ། །
སྒྲུབ་ཆེན་འདིའི་ཐོག་སྣང་སྟོན་ཞབས་ཟུང་གི། །
བཀྲ་ཤིས་ཟེར་མ་གཡོ་བ་མངོན་བཀོད་ནས། །
དབང་ལུང་མན་ངག་གྲུ་ཆར་བསྙིལ་བ་ནི། །
སྐལ་ལྡན་སྔོན་བསགས་རྣམ་དཀར་ལྷུན་པོར་ལྟ། །
བྱིན་རླབས་ཚན་ཁ་ཤིན་ཏུ་མཐོ་བའི་ཕྱག །
འགྲོ་མང་སྙིམ་པ་དུད་པའི་སྤྱི་བོ་རུ། །
བཀོད་ནས་ཕྱི་ནང་གསང་བའི་བར་ཆོད་བགེགས། །
རང་སར་ཞི་བའི་ལེགས་མཛད་ཨེ་མ་ཧོ། །
དེ་ཡང་གངས་ཅན་མདོ་སྨད་བྱང་ཁའི་རྒྱུད། །
ཨཀྟ་རོང་ཞེས་རེབ་གོང་གསེར་ལྗོངས་སུ། །
དབལ་རམ་འབུམ་པའི་བསྟན་པ་རྒྱས་པ་དང༌། །
བརྒྱུད་འཛིན་མང་འཕེལ་སྐུ་ཚེ་རབ་བརྟན་ཕྱིར། །
དེང་འདིར་འཆི་མེད་ཚེ་ཡི་དབང་བསྐུར་བའི། །
ཡོན་དུ་ཚངས་རྒྱུང་འཇིག་རྟེན་གྲངས་མེད་ལ། །
རིན་ཆེན་སྣ་ཚོགས་ཕྱུར་བུར་གཏམས་པ་དང༌། །
ཉི་ཟླ་ཟུང་རེས་བརྒྱན་ནས་ཕུལ་ན་ཡང༌། །
རི་རྒྱལ་ལྷུན་པོའི་དཔངས་ལས་ཆེས་མཐོ་བའི། །
བཀའ་དྲིན་ཆེན་པོའི་ཆ་ཤས་ཕྲ་མོ་ཙམ། །
གཞལ་ལ་དམིགས་སུ་མེད་ཀྱང་སྐལ་ལྡན་གྱི། །
སློབ་མ་ཡོངས་ནས་སྣང་སྟོན་ཆེན་པོ་ལ། །
བཅོས་མིན་སྙིང་གི་དད་གུས་མཚོན་པའི་ཕྱིར། །
མེ་ཏོག་ཆུང་རུང་ལྷ་རྫས་གུརགུམ་ནི། །
ཉུང་ཡང་སྨན་རྫས་དཔེ་བཞིན་ཟང་ཟིང་གི །
དངོས་པོའི་འབུལ་བ་ཙམ་བཏེགས་རིམ་པ་ནི། །
༼འབུལ་བ་བཏེགས་པ་ཟུར་དུ་གསལ་ལ། སྐྱབས་མགོན་རིན་པོ་ཆེས་ཐུཊ་བརྩེ་བ་ཆེན་པོའི་སྒོ་ནས་འབུལ་བ་རྣམས་ཕྱིར་རེབ་གོང་བོན་མང་འདུས་སྤྱི་ལ་གནང་བ་དང༌། དེ་བཞིན་དུ་སྤྱི་ཁ་གསུམ་གྱི་འབུལ་བ་རྣམས་ཀྱང་ཕྱིར་གནང་བའོ།༽
བདེར་གཤེགས་གསུང་གི་གསང་བ་རིན་ཆེན་ལས། །
འགྲོ་ཁམས་ལྐུགས་པ་ཁ་འབྱེད་ལྡེ་མིག་མཆོག །
བརྩེ་ཆེན་ཡེ་ཤེས་ཐིག་ལེར་འཛུམ་པའི་སྐུ། །
དབྱངས་ཀྱི་རྒྱལ་མོ་སླར་ཡང་སྤྱི་བོར་བསྙེན། །
རྨད་བྱུང་གྱེར་བསྟན་རྒྱ་མཚོའི་འཇིངས་བགྲོད་མཁས། །
མཁས་ཚུལ་གསུམ་གྱིས་བསྟན་དང་འགྲོ་དོན་མཛད། །
མཛད་བཟང་རྒྱལ་བ་ཇི་བཞིན་འཛམ་གླིང་རྒྱན། །
རྒྱན་དྲུག་མཁས་པའི་ཞལ་ཚབ་སྣང་སྟོན་མཆོག །
ཟབ་བརླིང་ལེགས་བཤད་སྒྲོག་ལ་ངག་གི་དཔལ། །
དཔལ་ལྡན་རིག་པའི་རྒྱལ་པོ་སྣང་ཞིག་མཚན། །
མཚན་དཔེའི་རྒྱན་སྤྲས་འགག་མེད་ཚངས་པའི་དབྱངས། །
དབྱངས་ཅན་གསང་གསུམ་དཔལ་ཡོན་ཅན་དེ་རྨད། །
བཀྲ་ཤིས་སྐུ་མཆོག་གར་ཕེབས་ཉི་མ་བཞིན། །
བཀྲ་ཤིས་གསུང་ལས་གང་བྱོན་གདམས་ངག་བཅུད། །
བཀྲ་ཤིས་ཐུགས་ལ་མཁྱེན་བརྩེའི་རི་མོ་བཀྲ། །
བཀྲ་ཤིས་ཡོན་ཏན་འཕྲིན་ལས་བསྟན་འགྲོའི་དཔྱིད། །
གང་གི་ཞབས་ཟུང་རིན་ཆེན་དང་པོའི་ཁམས། །
བྱིན་རླབས་འོད་ཀྱི་ཟེར་མ་ལམ་ལམ་དུ། །
བྱང་གི་ཨཀྟ་རོང་ལ་བཀོད་པའི་ཚེ། །
དཀར་ཕྱོགས་ལྷ་ཀླུས་བསུ་བ་སྤྲིན་དུ་གཏིབས། །
དེ་རྣམས་རང་རང་བསོད་ནམས་ལས་གྲུབ་ཀྱི། །
རིན་ཆེན་སྣ་ཚོགས་མཆོད་པའི་བྱེ་བྲག་ནི། །
སྔོན་ཚེ་གཤེན་རབ་ལྷ་ཀླུའི་ཞིང་ཁམས་སུ། །
ཕེབས་པའི་ཀུན་བཟང་མཆོད་སྤྲིན་ཇི་བཞིན་ནོ། །
བརྩེ་ཆེན་ཡེ་ཤེས་ཐུགས་ལ་བཀྲམ་པ་གང༌། །
རྣམ་དག་མགུལ་གྱི་བུམ་བཟང་ལ་དྲངས་ཏེ། །
དུང་གི་ཚེམས་བར་ལས་བཏོན་བཀའ་ལུང་དང༌། །
འཆི་མེད་ཚེ་དབང་བདུད་རྩིས་འགྲོ་ཁམས་གསོས། །
དབལ་རམ་འབུམ་པའི་བསྟན་པ་སྤེལ་བའི་ཕྱིར། །
དྲན་པ་ནམ་མཁའ་སྡོམ་བརྩོན་ཆེན་པོའི་སྐུར། །
བཞེངས་ནས་ཨཀྟ་རོང་དུ་དབང་ལུང་གི །
གྲུ་ཆར་འཇོ་ཞེས་སུམ་རྩེན་གནས་ན་གླེང༌། །
སྣང་སྟོན་ཆེན་པོ་ལྷ་ཀླུ་མི་གསུམ་གྱི། །
སྤྱི་རྗེའི་འཁོར་གྱི་ཐོག་མར་གྱུར་པའི་གཤེན། །
ཕུར་ཐོགས་སྟོང་དང་དགུ་བརྒྱའི་རིག་འཛིན་སྡེས། །
དངོས་འབྱོར་ཟང་ཟིང་མཆོད་པ་འདི་ཡིས་མཚོན། །
སྟོང་ཉིད་སྙིང་རྗེ་ཟུང་འབྲེལ་ཏིང་ངེ་འཛིན། །
ལོངས་སྤྱོད་རྒྱན་(༡) གྱི་འཁོར་ལོས་རབ་སྤེལ་བའི། །
ཟད་མེད་མཆོད་པའི་སྤྲིན་འདི་གཟུགས་གྲུབ་ན། །
རྒྱ་མཚོའི་གོས་ཅན་ཡངས་པ་སྣོད་དུ་ཆུང༌། །
དེ་ལྟར་སྒོ་གསུམ་དག་པའི་དགེ་རྩ་གང༌། །
བྱང་ཆེན་རྒྱ་མཚོའི་ཀློང་དུ་མངོན་འདྲེས་ཏེ། །
གདུལ་བྱའི་རྒྱུད་ཀྱི་མ་རིག་ཚ་བའི་དབལ། །
གཞིལ་བའི་རྩེ་དགའ་ཟད་མེད་སྐྱབས་འཇུག་ཞུ། །
མགོན་ཁྱོད་ཐུགས་བསྐྱེད་དག་པའི་ལྷ་ལམ་ནས། །
བསྟན་འགྲོའི་དོན་ཆེན་སྤྲིན་དཀར་རབ་གཡོ་ཞིང༌། །
འདི་ཕྱོགས་ནམ་ཡང་ཐུགས་ལ་བཏགས་པའི་ངོས། །
དབང་ལུང་ཁྲིད་ཀྱི་ཆར་རྒྱུན་ཡང་ཡང་ཞུ། །
མཁྱེན་པ་ཉིན་བྱེད་སྟོང་གི་དཀྱིལ་འཁོར་ནས། །
བརྩེ་ཆེན་སྙིང་རྗེའི་ཚ་ཟེར་རབ་དཀྲིགས་ཏེ། །
བསྟན་འགྲོའི་པད་ཚལ་ལེགས་པར་སྐྱོང་བའི་མགོན། །
མགོན་ཁྱོད་སྐུ་ཚེ་རྒྱལ་མཚན་བརྟན་གྱུར་ཅིག །
(༡) སྐྱེད་ཆོག་རྣམས་ལས། ལོངས་སྤྱོད་རྒྱན་གྱི་འཕྲོ་འདུས་མཆོད་པའི་མི་གཙང་བ་སྦྱང་ནས་སྟོང་གསུམ་འཇིག་རྟེན་གྱི་ཁམས་གང་བར་རྒྱ་ཆེར་སྤེལ་བར་གསུངས།
འདི་སོགས་དུས་གསུམ་རྣམ་དཀར་དགེ་བའི་མཐུས། །
མཐའ་ཡས་མ་རྣམས་སྡུག་བསྔལ་ལས་ཐར་ནས། །
སྣང་སྟོན་ཞབས་རྡུལ་དད་གུས་རྒྱལ་མཚན་རྩེར། །
མཆོད་པའི་སྐལ་པ་བཟང་པོར་སྐྱབས་འཇུག་ཞུ།།
ཞེས་འབུལ་བཤད་བསྡུས་པ་འདི་ནི། ཁོ་བོ་བསོད་ནམས་གཡུང་དྲུང་རེབ་གོང་བོན་མང་ཕུར་ཐོགས་སྟོང་དང་དགུ་བརྒྱའི་ཚོགས་གྲལ་དུ་ཐོག་མར་ཞུགས་ཚེ། སྣང་ཞིག་སྐྱབས་མགོན་རིན་པོ་ཆེས་ཚེ་སྒྲུབ་ཀྱི་དབང་བསྐུར་བ་དང་ཁེལ་བས། བོན་མང་འདུས་སྤྱི་ནས་འདི་འདྲ་ཚིག་ཉུང་དོན་འདུས་ཀྱི་འབུལ་བཤད་ཅིག་མྱུར་དུ་འབྲི་ དགོས་ཀྱི་བཀའ་བབས་པས། མེ་ཁྱི་ཟླ་བ་བཅུ་བའི་ཚེས་དགུའི་ཞོགས་པར་སྤྱི་རྟིང་གད་སྐྱ་རིག་འཛིན་དར་རྒྱས་གླིང་དུ་མགྱོགས་བྲིས་བྱས་པ་དགེ་ཞིང་བཀྲ་ཤིས་པར་གྱུར་ཅིག།
|