སཱུ་ ར་ དོ་ ཙ་ ནྡ་ མཱུ་ ཁཿ བེ་ ནུ་ ཨཱ་ ནཱ་ སུ་ དྷཱ་ བཻ།།
བརྩེ་ཆེན་ཟླ་བའི་བཞིན་རས་ལས།། ཟག་མེད་བདུད་རྩིའི་ཐིག་ལེ་ཡིས།།
ཧཱ་ ས་ ཙི་ རྡོ་ བྤ་ ལ་ ཤྲིའ།། སཱ་ ར་ སཽ་ མཿ་ ཛི་ ར་ ཀྵཿ
དཔྱོད་ལྡན་སྙིང་གི་ཨུད་པལ་བཞད།། རྒྱལ་ཡུམ་མཚོ་བྱུང་དཔལ་མོས་སྐྱོངས།།
ཚོགས་གཉིས་རིན་ཆེན་བྱེ་བའི་ཆུ་གཏེར་ལས།།
སྤངས་རྟོགས་ཡོན་ཏན་སྨིན་པའི་དཔག་བསམ་ཤིང༌།།
ཇི་སྙེད་ཕན་བདེའི་འབྲས་བུས་འཇིག་རྟེན་འཚོ།།
བསྐལ་བཟང་འདྲེན་པ་བསྟན་པའི་གཙོ་ལ་འདུད།།
བདེན་གཉིས་ཁུ་བྱུག་སྒེག་པའི་གླུ་དབྱངས་ཀྱིས།།
མ་རིག་གཏི་མུག་གཉིད་སློང་ལུང་རྟོགས་བོན།།
དེ་འཛིན་ལམ་དང་ལམ་མིན་རྣམ་འབྱེད་པའི།།
ཤེས་རབ་སྤྱན་ལྡན་སེམས་དཔའི་ཚོགས་ལ་བསྟོད།།
དུས་གསུམ་ཤེས་བྱའི་མེ་ལོང་རྨད་པོ་ཆེ།།
སྦྱངས་སྟོབས་བརྩོན་འགྲུས་བྱི་དོར་མ་བསྐྲུན་ན།།
བློ་ལྡན་ཇི་ལྟར་མཁས་ཀྱང་རྗེས་དཔག་གིས།།
དཀའ་གནད་ཚད་མ་གཞལ་བའི་རྩལ་མི་ལྡན།།
སྙིགས་དུས་མཁས་དང་མཁས་མིན་མི་འབྱེད་ཅིང༌།།
ལུགས་འགལ་བསྡེབ་ལོག་དབང་གིས་ལེགས་བཤད་བསླད།།
དེ་ཕྱིར་རྩི་དུག་འདྲེས་པའི་ཆུ་ཀླུང་ཀུན།།
བློ་ལྡན་ངང་པའི་གྲེ་བས་ཤན་འབྱེད་བྱ།།
སྔོན་བྱོན་མཁས་པའི་ལེགས་བཤད་ཉིན་བྱེད་དབང༌།།
གཟུ་ལུམ་དུས་ཀྱི་ཆུ་ལྷས་གུད་དུ་སྦས།།
སྔོན་མེད་བསྟན་རྩིས་དུ་བ་མཇུག་རིང་འགའ།།
གཤེན་བསྟན་ནམ་མཁའི་མཛེས་པ་འཕྲོག་ཕྱིར་རྒྱུ།།
ཉེས་པའི་དྲི་མ་བགྲུངས་བྱེད་ཀེ་ཏ་ཀཿ།
བློ་གྲོས་དཔྱིས་འབྱིན་གྱུར་པའི་གྲུ་གཟིངས་ཚུལ།།
ལུང་རིག་གློག་གི་གར་མཁན་འདི་ཙམ་གྱིས།།
སྐལ་ལྡན་སྙིང་གི་མུན་པ་སེལ་བར་འགྱུར།།
དེ་ཕྱིར་མཁས་པའི་རང་སྒྲ་དྲི་ཟའི་གླུ།།
སྙན་འཇེབས་མགྲིན་པའི་ཟོལ་ནས་ལེགས་རྒྱུགས་པས།།
ལས་ཅན་ཀུན་དགའ་ཁོང་ནས་དགོད་བྱེད་ཅིང༌།།
ཐོས་བསམ་འཛུམ་རླབས་གཡོ་བའི་ཚུལ་འདི་འཆད།།
དེ་ལ་འདིར་བསྐལ་བཟང་པདྨ་སྟོང་ལྡན་གྱི་བསྟན་འབྱུང་རིག་པའི་ཤན་འབྱེད་བསྟན་པ་ལ་ལྔ། ཕྱི་སྣོད་འཇིག་རྟེན་ཆགས་ཚུལ། ནང་བཅུད་སེམས་ཅན་གྲོལ་ཚུལ། འགྲོ་འདུལ་སྟོན་པ་བྱོན་ཚུལ། བསྟན་པ་དར་ནུབ་བྱུང་ཚུལ། མ་འོངས་བསྐལ་པ་འགྲིབ་ཚུལ་ལོ།།
དང་པོ་ནི། མཛོད་ལས། གནའ་སྟེ་སྲིད་པའི་དང་པོ་ལ། །རང་བཞིན་ཡེ་སྲིད་སྲིད་པ་ནི། །ཞེས་སོགས་ནས། དེ་བཞིན་མཐུན་པར་ཀུན་ནས་སྲིད།། ཅེས་གསུངས་པ་ལ་སོགས་ལས་འཕྲོས་ནས། སྤྱིར་སེམས་ཅན་གྱི་ལས་དང༌། སངས་རྒྱས་ཀྱི་ཐུགས་རྗེ་བསམ་གྱིས་མི་ཁྱབ་བརྗོད་ཀྱིས་མི་ལོངས་ཤིང༌། བྱེ་བྲག་ཏུ་འདུས་བྱས་ཐམས་ཅད་མི་རྟག་པར་ཤེས་པའི་དོན་དུ་སྣོད་བཅུད་ཀྱི་ཐ་སྙད་སྲིད་དོ།།
དེ་ཡང་སངས་རྒྱས་བྱོན་པའི་དུས་སུ་སྒྲོན་བསྐལ་དང༌། མི་འབྱོན་པའི་དུས་སུ་མུན་བསྐལ་བྱ་སྟེ། སྔོན་མངོན་པར་དགའ་བའི་བསྐལ་པ་ལ་འདྲེན་པའི་སངས་རྒྱས་ཁྲི་དང་དྲུག་སྟོང་བྱོན་ལ། དེ་འོག་ མུན་པ་ཅན་གྱི་བསྐལ་པ་བཞི་བཅུར་འབྱུང༌། དེ་ནས་ད་ལྟའི་བསྐལ་པ་བཟང་པོ་འདི་ལ་སངས་རྒྱས་ སྟོང་དང་རྩ་གཉིས་བྱོན་ལ། དེ་འོག་མུན་པའི་བསྐལ་པ་དྲུག་ཅུར་འབྱུང༌། དེ་ནས་སྙན་པ་ཅན་གྱི་བསྐལ་པ་ལ་སངས་རྒྱས་ཁྲི་བྱོན་ལ། དེ་འོག་མུན་བསྐལ་བརྒྱད་ཅུར་འབྱུང༌། དེ་ནས་ལེགས་པར་བཀྲམ་པའི་བསྐལ་པ་ལ་སངས་རྒྱས་ཁྲི་བྱོན་ཞིང༌། དེ་འོག་མུན་བསྐལ་སུམ་བརྒྱར་འབྱུང༌། དེ་འོག་ཡོན་ཏན་བཀོད་པའི་བསྐལ་པ་ལ་སངས་རྒྱས་བརྒྱད་ཁྲི་བྱོན་ཞིང༌། དེ་འོག་མུན་པའི་བསྐལ་པ་ ཇི་སྙེད་ཅིག་འབྱུང་སྟེ། ཇི་ལྟར་སྨག་རུམ་དུ། སྐད་ཅིག་རེ་གློག་འགྱུ་བ་བཞིན། མུན་པའི་བསྐལ་པ་གྲངས་མང་ལ། སྒྲོན་མེའི་བསྐལ་པ་རེ་རེ་ཙམ་མོ།།
འོ་ན་ད་ལྟའི་བསྐལ་པ་བཟང་པོ་འདི། དང་པོ་ཇི་ལྟ་བུར་ཆགས་སྙམ་ན། གཞི་ཅི་ཡང་མེད་པ་སྟོང་པའི་རང་བཞིན་ལ། རྒྱུ་ལས་དང་ཐུགས་རྗེ་འཛོམས་པའི་དབང་གིས། རྐྱེན་མཁའ་ལས་རླུང་བྱུང༌། རླུང་གིས་རྡུལ་དུ་མ་བསྡུས་པས། འོག་གཞི་རླུང་གི་དཀྱིལ་འཁོར་ཞེས་བྱ་བ་མི་གཏོང་འཛིན་པའི་ རླུང་འོད་ཟེར་གྱི་དྲྭ་བ་ཅན། དབྱིབས་རྡོ་རྗེ་རྒྱ་གྲམ་མམ། གཞུ་འོད་མའི་འབུར་ཕྱིར་བསྟན་པ་ལྟར་སྲ་ཞིང་བརྟན་པར་གནས་ལ། ཁ་དོག་ནག་ལ་རིན་ཆེན་མཐོན་ལྗང་གི་འོད་འབར་ཞིང༌། རྔམས་སུ་དཔག་ཚད་ས་ཡ་དྲུག་འབུམ་ཡོད་པ་དང༌། ཞེང་དང་མཐའ་ཚད་ལ་གྲངས་མེད་དོ།། དེ་ལྟར་མི་གཏོང་འཛིན་པའི་རླུང་རྣམས་འདབ་འབྲེལ་ནས་སྟོང་གསུམ་འཇིག་རྟེན་དུས་གཅིག་ཏུ་འདེགས་པར་འདོད་དེ། སྟོང་གསུམ་འཇིག་རྟེན་མཉམ་ཆགས་མཉམ་འཇིག ཅེས་མདོ་ཡི་ཚིག་གིས་གསལ་ལོ།། དེ་ནས་རླུང་དེ་དྲག་ཏུ་བསྐྱོད་པས་དྲོད་འདྲིལ། དྲོད་ཀྱི་སྙིང་པོ་བསྲུབས་པ་ལས་མེ་བྱུང་ནས་མེའི་དཀྱིལ་འཁོར་དུ་གྲུབ། མེ་དང་རླུང་ཚ་གྲང་འཐབ་པས་རླན་ངད་ཆུ་ཡི་དཀྱིལ་འཁོར་རྒྱ་ཆེ་ཚད་དང་ལྡན་པར་ཆགས་ལ། ཆུ་དེ་རླུང་གིས་ཡོངས་སུ་བསྲུབས་པས་དྭངས་སྙིགས་གཉིས་སུ་ཕྱེ་ནས་འོ་མ་ལ་སྤྲིས་མ་ཆགས་པ་ལྟར་གསེར་གྱི་ས་གཞི་འདི་ཉིད་མཐའ་བསྐོར་དཔག་ཚད་བྱེ་བ་ཕྲག་གསུམ་དྲུག་འབུམ་ཆིག་ཁྲི་བཞི་བརྒྱའི་ཚད་དུ་ཟླུམ་པོར་ཆགས་ལ། རྔམས་སུ་སུམ་འབུམ་ཉིས་ཁྲི་ཡོད་པར་གསུངས་སོ།། དེ་ཡང་སེམས་ཅན་གྱི་ལས་མ་ཟད་ཅིང་བསོད་ནམས་ཀྱི་ཆ་མ་འགྲིབ་པའི་དུས་འདིར་རླུང་གིས་སྣོད་བཅུད་འདེགས་ཤིང་འཕེལ་བར་བྱེད་ལ། མེས་དྲོད་ཅིང་སྨིན་པར་བྱེད་ཅིང༌། ཆུས་བསྡུད་ཅིང་བསྐྱེད་པར་བྱེད་ལ། ས་གཞིས་བརྟན་དང་འཁྲས་པར་བྱེད་དོ།། ལས་དང་བསོད་ནམས་རྫོགས་པ་དང་འབྱུང་བ་རྣམས་འཁྲུགས་ནས་གཏོར་བསྲེག་འཁྲུད་འཇིག་གིས་རྐྱེན་བྱེད་དོ།། དེ་ནས་རླུང་གིས་མེ་སྦར། མེས་ཆུ་བསྲོས། ཆུའི་དྲོད་ས་དང་འདྲེས་པས་རླངས་པ་བྱུང་སྟེ་མཁའ་ལ་སྤྲིན་དུ་ཆགས། སྤྲིན་ལས་ཆར་བབས་ཏེ་དཔག་ཚད་བརྒྱད་ཁྲིའི་རྔམས་དང་ལྡན་པའི་བ་ཚྭ་ཅན་གྱི་རྒྱ་མཚོ་འཁྱིལ། དེ་རླུང་གིས་གཙུབས་པས་འབྱུང་བའི་སྙིང་པོར་འདྲིལ་ཏེ་དྭངས་སྙིགས་བར་གསུམ་དུ་གྱུར། དྭངས་མས་དབུས་ཀྱི་རི་རབ་ལྷུན་པོ་རིན་པོ་ཆེ་སྣ་ལྔ་ལས་གྲུབ་པ་གྲུ་བཞི་བང་རིམ་གྱི་ཚུལ་དུ་དཔག་ཚད་བརྒྱད་ཁྲི་ཆུ་ལ་ནུབ་ཅིང༌། བརྒྱད་ཁྲི་ཡར་ལ་འཕགས་པ། ཤར་ཤེལ་ཀང་ཀ་རི། བྱང་གཡུ་ག་ལྗང༌། ནུབ་པདྨ་ར་ག ལྷོ་བཻཌཱུརྱ། དབུས་གསེར་ལས་གྲུབ་པ་ཆགས་ཏེ། རི་འོད་མཚོ་ལ་ཕོག མཚོ་འོད་མཁའ་ལ་འཆར། མཁའ་འོད་གླིང་སོགས་ལ་འཆར་བར་བཤད་དོ།། བར་པས་གསེར་གྱི་རི་བདུན་དང༌། རོལ་པའི་མཚོ་བདུན། ཕྱི་ཡི་ལྕགས་རི་དང་བཅས་པ་ཆགས་སོ།།
དང་པོ་རི་བདུན་ནི། གཉའ་ཤིང་འཛིན་ཞེས་གནོད་བྱིན་ཀུ་མ་ར་ཙས་དབང་བྱེད་པའི་རི་དེ་ལ་རྩི་ཤིང་ཐམས་ཅད་སྦོམ་ཕྲ་གཉའ་ཤིང་ཙམ་དུ་ཡོད་པའོ།། གཤོལ་མདའ་འཛིན་ཞེས་གནོད་བྱིན་ཐོང་གཤོལ་འཛིན་པས་དབང་བྱེད་པའི་རི་དེ་ལ་རྩི་ཤིང་ཐོང་གཤོལ་ཙམ་དུ་ཡོད་པའོ།། གསེར་གྱི་མདོག་ཅེས་རི་བྲག་ཐམས་ཅད་གསེར་དུ་སྣང་བ་ལ་ལྷ་ཡི་བུ་གསེར་མདོག་ལྡན་པས་
|