|
དབང་བྱེད་དོ།། བལྟ་ན་སྡུག་ཅེས་དབྱིབས་དང་ཁ་དོག་ལེགས་པའི་རི་ལ་ཤིང་ཐ་ལེ་ལྗོན་པ་འཁྲུངས། ཤིང་དེའི་འབྲས་བུ་ལས་ལྷའི་བུ་བལྟ་ན་སྡུག་ཅེས་བརྫུས་ཏེ་སྐྱེས་ནས་དབང་བྱེད་དོ།། རྟ་རྣ་འཛིན་ཞེས་དྲི་ཤིང་ལོ་བཟང་རྟ་ཡི་རྣ་བ་འདྲ་བ་སྐྱེ། དེ་ལ་ལྷའི་བུ་མི་ལུས་རྟ་མགོ་ཅན་གྱིས་དབང་བྱེད་དོ།། ཀུན་འདུད་འཛིན་ཞེས་ལྷའི་རྒྱལ་པོ་འཁོར་ལོ་བཞི་པ་ཞེས་བྱ་བ་ཡིད་དུ་འོང་ཞིང་དབྱིབས་ལེགས་པ་ཞིག་གནས་ཏེ། དེ་ལ་ལྷ་ཀླུ་གནོད་བྱིན་ཀུན་འདུས་ནས་དགའ་ཞིང་མགུ་བར་བྱེད་དོ།། མུ་ཁྱུད་འཛིན་ནི་རི་རྣམས་ཀྱི་ཕྱི་རོལ་ཁོར་ཡུག་ཏུ་གནས་ཏེ། དེ་ལ་ཤིང་དྷེ་ན་ལོ་བཟང་གི་མེ་ཏོག་ལས་ལྷའི་རྒྱལ་པོ་ཕྱི་འཁོར་མུ་ཁྱུད་འཛིན་ཞེས་བརྫུས་ཏེ་སྐྱེས་ནས་དབང་བྱེད་དོ།། དེ་ལྟར་རི་དེ་རྣམས་རི་རབ་ལ་བསྐོར་བའི་ཚུལ་དུ་གནས་ཤིང་བར་མཚམས་ཐམས་ཅད་ཆུས་ཁེངས་ནས་ཡོད་དོ།།
མཚོ་བདུན་ནི། མངར་བའི་མཚོ། བསིལ་བའི་མཚོ། ཞིམ་པའི་མཚོ། དྭངས་པའི་མཚོ། ཡང་བའི་མཚོ། ཕན་པའི་མཚོ། བདེ་བའི་མཚོའམ། ཡང་ན་མཆོག་མཚོ། གཉའ་མཚོ། མདའ་མཚོ། འཕང་མཚོ། གསེར་མཚོ། སྒྲ་སྙན་མཚོ། མུ་ཁྱུད་མཚོ་སྟེ་ལྷ་ཀླུ་གནོད་བྱིན་ཀུན་དུས་བཟང་དག་ལ་རོལ་ཏེ་མཆོད་པར་བྱེད་པས་རོལ་མཚོ་ཟེར། མཚོ་དེ་རྣམས་རི་རབ་དང་རི་བདུན་གྱི་བར་དུ་གནས་ཏེ་ཕྱི་མ་བ་ཚྭ་ཅན་དང་འབྲེལ་ནས་ཆུ་བཞི་གླིང་བཞི་ལ་འབབ་སྟེ། ཤར་གླིང་དུ་ཆུ་སྲིན་མ་ཧཱའི་ཁ་ནས་འབབ། བྱང་སེང་གེ ནུབ་གླང་པོ། ལྷོ་རུས་སྦལ་གྱི་ཁ་ནས་འབབ་པའོ།།
གོང་གི་སྙིགས་མས་གླིང་དང་གླིང་ཕྲན་རྣམས་མཚོ་ནང་དུ་དུམ་བུར་ཆགས་ཏེ། དང་པོ་འཛམ་གླིང་གི་ཤར་ན་ཤར་གླིང་ལུས་འཕགས་པོ་ཞེས་མི་རྣམས་ཀྱི་ལུས་ཚད་གླིང་གཞན་ལས་དཔག་ཚད་ཕྱེད་ཀྱིས་འཕགས་པ། ཡར་མར་དུ་སྦ་སྨྱུག་གནམ་དུ་བསྐྱོད་པ་ལྟ་བུ་དང༌། ཕར་ཚུར་དུ་ཕུབ་ཐོག་ཏུ་རྒྱ་ལོང་བསྒྱུར་ལྟ་བུར་ཆགས་སོ།། གླིང་དེའི་གཡས་གཡོན་དུ་རྐོ་རིང་ཞེས་ལུས་ཤིན་ཏུ་རིང་བ་དང༌། རྐོ་ཐུང་ཞེས་ལུས་ཤིན་ཏུ་ཐུང་བའི་གླིང་ཕྲན་ཡོད་དོ།།
བྱང་དུ་བྱང་གླིང་སྒྲ་མི་སྙན་ཞེས་ནམ་མཁའ་ནས་འཆི་བའི་སྒྲ་མི་སྙན་པ་སྒྲོགས་ཏེ། སྒྲ་དེ་ཕོ་མོའི་ཕྲག་པ་གཡས་གཡོན་ནས་སྐྱེ་བར་འདོད་ལ། སྒྲ་ཐོན་པ་དང་ཤིང་རེ་སྐྱེ། ཤིང་དེའི་རྩ་བར་འདུག་ནས་ཁུ་བ་བཏུང༌། འབྲས་བུ་ཟ། ལོ་མ་གྱོན། བཙའ་རྫི་ཕ་མས་བྱེད། མགོན་སྐྱབས་གནོད་བྱིན་སྐར་མདའ་གདོང་གིས་བྱེད། མིང་སྲིང་བཟའ་མི་བྱེད། མི་རྒས་པ་ཤིང་སྐམ། འཆི་བའི་དུས་སུ་ཤིང་དེ་ལས་དུག་གི་རླངས་པ་བྱུང་ནས་འཆིའོ།། འཆི་དུས་འཛམ་བུ་གླིང་དུ་སྐྱེ་བའི་སྨོན་ལམ་འདེབས། དབྱིབས་ནི་ཡར་མར་དུ་ཐིག་ཤིང་གནམ་ལ་བསླང་བ་འདྲ་བ་དང༌། ཕན་ཚུན་དུ་ཤྭ་རྭ་བཀོད་པ་ལྟ་བུར་གྲུབ་བོ།། དེའི་གཡས་གཡོན་དུ་གྱག་ཏི་རྒས་ཤིང་ན་བ་དྲན་པ་དང༌། གྱོག་ཏི་སྡུག་བསྔལ་འཆི་བ་ཚོར་བའི་གླིང་ཕྲན་གཉིས་ཆགས་སོ།།
ནུབ་ཏུ་ནུབ་གླིང་བ་ལང་སྤྱོད་ཅེས་པའི་བཙས་པའི་དུས་སུ་ནོར་གྱི་སྐལ་པ་བ་གྲུས་མ་རེ་གཏད་དེ། དེའི་ཞོ་མར་ཟས་སུ་བྱེད། པགས་སྤུ་གོས་སུ་གོན། དབྱིབས་ནི་ཡར་མར་དུ་རྒྱལ་པོ་གདན་ལ་བཞུགས་པ་འདྲ་ཞིང༌། ཕན་ཚུན་དུ་ཚེས་བརྒྱད་ཀྱི་ཟླ་བ་ལྟ་བུར་གནས་སོ།། དེའི་གཡས་གཡོན་དུ་མར་ཞི་གསེར་ལ་ལོངས་སྤྱོད་པ་དང༌། ཏིང་ཞི་གཡུ་༼དངུལ༽ལ་ལོངས་སྤྱོད་པའི་གླིང་ཕྲན་དག་ཆགས་སོ།།
ལྷོ་རུ་འཛམ་བུ་གླིང་ཞེས་དགེ་མི་དགེ་ལུང་མ་བསྟན་ཀུན་འཛོམ་མམ། ཡང་ན་ཤིང་ཛམ་བུ་པྲྀཀྵའི་རྒྱུ་མཚན་གྱིས་བཏགས་པའི་གླིང་འདིར། ཡར་མར་དུ་སྡིག་པ་བྲག་ལ་འཛེགས་པར་འདྲ་ཞིང༌། ཕན་ཚུན་དུ་ལུག་སོག་ལྡེར་ནང་དུ་བསྐྱུར་བ་ལྟ་བུར་གནས་སོ།། དེ་ཡང་སྲིད་པ་རྒྱུད་ཀྱི་ཁ་བྱང་ལས། གླིང་བཞི་རི་རབ་བཅས་པ་འདིར།། ཚེ་ཚད་སྒྲ་མི་སྙན་ན་རིང༌།། དཀོར་ཕྱུགས་བ་ལང་སྤྱོད་ན་ཆེ།། གཟུགས་བྱད་ལུས་འཕགས་པོ་རུ་བཟང༌།། ཡོན་ཏན་འཛམ་བུ་གླིང་ན་ཚོགས།། ཞེས་དང༌། འཛམ་གླིང་འདི་ལའང༌། དབུས་ཀྱི་ལྟེ་བ་ཏི་སེ་ཞེས། བོད་སྐད་དུ་གངས་རིར་བསྒྱུར་བའི་རི་དེའི་རྩེ་མོ་གངས། རྩ་བ་བྲག དབྱིབས་ཤེལ་གྱི་མཆོད་རྟེན་ལྟ་བུའི་གཟུགས་སུ་གནས་ལ། དེའི་ཕ་རོལ་ཏུ་སྤོས་རི་ངད་ལྡན། ཚུ་རོལ་དུ་མཚོ་མ་པང་སྟེ། གངས་རི་མཚོ་གསུམ་ནི་འཛམ་གླིང་དབུས་ཀྱི་ལྟེ་བ་ཡིན་ལ། དེ་ལས་གྱེས་པའི་རི་ནག་པོ་དགུས་འཛིན་ཅིང༌། ཆུ་ཆེན་པོ་བཞིས་བཅད་པ་སྟེ། དྲན་པའི་སྒྲ་འགྲེལ་ལས། འཛམ་བུ་གླིང་གི་ཁ་ཁྱེར་ན་མཚོ་དང་གླིང་དུ་འབྱེད་པའི་ཏི་སེ་ཅན་གྱི་རི་རྒྱུད་ལ་གཅན་གཟན་གནས། དེའི་ལྷོ་ན་དྷ་ན་ཤན་གྱི་རི་རྒྱུད་ལ་གནོད་བྱིན་ཕོ་མོ་མངོན་སུམ་དུ་རྒྱུག དེའི་ལྷོ་ན་བ་ཤ་ཚོགས་ཀྱི་རི་རྒྱུད་ལ་མི་རྒོད་ཤ་ཤོར་གྱི་རིགས་གནས། དེ་ནས་མཐའ་འཁོབ་དང་གེ་སར་འབྱེད་པའི་ལ་ཤང་རྩེ་མངས་ཀྱི་རི་རྒྱུད་ལ་རྩི་ཤིང་སྣ་ཚོགས་འཁྲུངས། ཕྲོམ་དང་གེ་སར་འབྱེད་པའི་དྷ་ན་ཤ་ཡི་རི་རྒྱུད་ལ་འདབ་ཆགས་གནས། ཕྲོམ་དང་ཧོར་དུ་འབྱེད་པའི་བྱང་གཙུག་གི་རི་རྒྱུད་ལ་གཅན་གཟན་རྒྱུ། ཧོར་དང་གྲུ་གུར་འབྱེད་པའི་ཤ་ལ་ནག་པོའི་རི་རྒྱུད་ལ་ཟངས་རི་དང་ལྕགས་ཐང་ཡོད། གྲུ་གུ་དང་ཚ་གསེར་འབྱེད་པའི་བ་ཐག་༼དག༽ཤན་གྱི་རི་རྒྱུད་ལ་རི་དྭགས་གནས། ཚ་གསེར་དང་འབྲུ་བཅུད་འབྱེད་པའི་ཏ་ལ་ནག་པོའི་རི་དང་དགུས་འཛམ་གླིང་འཛིན་པའོ།།
ཆུ་བཞི་ནི། འཛམ་གླིང་གི་དབུས་ན་རུས་སྦལ་ཁ་བཞི་པ་ཞིག་གནས་པའི་ཤར་རྟ་ཁྲ་བོའི་ཁ་ནས་རྒྱ་གར་དུ་འབབ་པའི་ཆུ་བོ་གངྒ། བྱང་སེང་གེའི་ཧོར་ཡུལ་དུ་འབབ་པའི་ཆུ་བོ་སེང་གྷ། ནུབ་བན་གླང་གི་ཁ་ནས་ཏ་ཟིག་ཏུ་འབབ་པའི་ཆུ་བོ་སིནྡུ༼སིནྡྷུ༽། ལྷོ་རྨ་བྱའི་ཁ་ནས་བོད་ཡུལ་དུ་འབབ་པའི་ཆུ་བོ་པགྵུ་༼པཀྵུ༽། དེ་རྣམས་ཀླུའི་གཡུང་དྲུང་སེམས་དཔའ་བཞིའི་ཁྲུས་ཆབ་ཡིན་པས་བཀྲུས་ན་སྒྲིབ་པ་དག བཏུང་ན་ནད་ལས་གྲོལ་བའི་ཡོན་ཏན་ཡོད་གསུངས་སོ།། རི་དང་ཆུ་བོ་དེ་དག་གི་བར་ན་ས་ཡུལ་ཆེན་པོ་བཅུ་དྲུག ཡང་འཁོབ་ཆེན་པོ་བཅོ་བརྒྱད་ལ། སྐད་རིགས་སུམ་བརྒྱ་དང་དྲུག་ཅུར་ཡོད་པར་བཤད་དོ།། དེ་དག་ཡུལ་ཆེན་དྲུག་ཏུ་བསྡུས་ན། ནུབ་དང་བྱང་དུ་འབྲེལ་བའི་འཛམ་གླིང་སོག་ཁ་ཤིན་ཏུ་རྒྱ་ཆེ་བ་ལ་ཏ་ཟིག་འོལ་མོ་ལུང་རིང་ཞེས་སངས་རྒྱས་འབྱོན་གནས། ལུང་རྟོགས་དར་རྒྱས་ཀྱི་ཡུལ་ཡིན་ཅིང༌། དེའི་བྱང་ན་ཤམ་བྷ་ལ་ཞེས་རིགས་ལྡན་རྒྱལ་པོའི་འདུལ་ཞིང་ཡིན་ནོ།། འདིར་འོལ་མོ་ལུང་རིང་དང་ཤམ་བྷ་ལ་དོན་གཅིག་ཟེར་བ་མཐུན་སྣང་ལ་འཇུག་ཀྱང༌། རང་རེའི་མདོ་རྒྱུད་ཕལ་ཆེར་ནས་འཛམ་གླིང་ནུབ་ཕྱོགས་སུ་འདོད་ཅིང༌། གཞན་སྡེའི་དུས་འཁོར་སོགས་ནས་འཛམ་གླིང་བྱང་དུ་ཤམ་བྷ་ལ་འདོད་པས་ཕྱོགས་འགལ་ཅུང་ཟད་སྣང་རུང༌། ཁོ་བོའི་རྟོགས་ངོར་འོལ་མོ་ལུང་རིང་ནི། འཛམ་གླིང་སུམ་ཆ་ཙམ་གྱིས་ནུབ་ནས་བྱང་དུ་ཁྱབ་པས། བྱང་གི་ཡུལ་ཕྲན་ཞིག་ལ་ཤམ་བྷ་ལར་འབོད་ཅིང༌། ཡུལ་དེའི་
|