|
དྲག་པོ་ཕུར་པ་བསྒྲུབས་ནས་བགེགས་དང་སྲིན་པོ་བསྒྲལ། ཕུར་པའི་རྒྱུད་ལ་མདོར་བསྡུས་ན། རི་རོང་ནག་པོ་རྒྱུད་ཀྱི་ཁོག་དབུབ། ཀ་བ་ནག་པོ་མན་ངག་ལག་ལེན། ཤ་འབལ་ནག་པོ་ལས་ཀྱི་ཁ་ཚར་དང་གསུམ་ལ་འདུས་པར་སེམས་སོ།།
ཞང་ཞུང་མེ་རིའི་བོན་སྐོར་བརྒྱུད་ཚུལ་ནི། ཀུན་བཟང་གསང་ལུང་དག་ནས་རིམ་གྱིས་བརྒྱུད་དེ་གྲུབ་ཆེན་ཉི་ཤུ་རྩ་ལྔ་འདས་པའི་རྗེས་སུ་སྤྲུལ་སྐུ་ཏ་པི་ཧྲི་ཙས་གྱེར་སྤུངས་སྣང་བཞེར་ལོད་པོ་ལ་ཉེ་བརྒྱུད་ཐོག་བབས་སུ་བསྩལ། དེ་ནས་རྫོགས་པ་ཆེན་པོ་སྙན་རྒྱུད་ཡི་གེ་མེད་པའི་མན་ངག་གྲུབ་ཐོབ་བཞི་བཅུ་ཞེ་གཉིས་ལ་རིམ་གྱིས་ཕྱིས་མེ་ཏྲི་ཤེས་རབ་གྲགས་ཀྱིས་མན་ངག་གུ་གེར་བརྒྱུད་པས་སློབ་དཔོན་ཐུགས་ཁྲོས་ནས་བཀའ་ཆད་བྱུང་ཡང་ཟེར་རོ།། ཡང་ཚེ་ལོ་བརྒྱད་ཁྲིའི་དུས་སུ་ལྷ་དང་ལྷ་མིན་འཐབ་པའི་ཚེ་དབལ་ཆེན་གེ་ཁོད་དཔག་བསམ་གྱི་ཤིང་དུ་སྤྲུལ་ནས་ལྷ་གཤེན་སྐུ་སྐྱོབ་ལྷ་མིན་ཆམ་ལ་ཕབ། ཛྭ་ཐིས་སྔགས་ཀྱི་སྒྲུབ་པ་མཛད་ནས་བརྒྱུད།།
ཡང་གཅིག་དབལ་ཆེན་གཡེན་དགུའི་སྲས་སུ་སྤྲུལ་ཏེ། དྲེགས་པ་ཆེན་པོ་རི་རབ་ཀྱི་ཁ་ལ་བཞེངས་ནས་གསེར་གྱི་གཏར་རྡོ་འབར་བ་རྒྱ་མཚོ་ལ་འཕངས་པས་རི་རབ་ཉིལ་ཞིང་རྒྱ་མཚོ་གཏིང་ནས་ཁོལ། གཡེན་ཁམས་ཐམས་ཅད་འགྲེ་ལྡོག་བརྒྱལ་ཤི་བྱུང༌། དེ་དུས་ཀུ་བྱི་མང་སྐེ་ལ་ཕྱག་དང་སྲོག་སྙིང་ཕུལ། བརྒྱ་པའི་དུས་སུ་སྟོན་པ་གཤེན་རབ་ཀྱིས། གསང་བའི་འཁོར་ལ་ཞང་ཞུང་བོན་སྡེ་གསུངས། དེ་དག་བསྡུས་ན་ཛྭ་སྐྱ་ཕྱི་རྒྱུད་དང༌། ཛོ་དམར་ནང་རྒྱུད་དང༌། གྱད་ཕུར་གསང་བའི་རྒྱུད་དང་གསུམ་ལ་འདུས་སོ།།
ཡང་སྔོན་ཚེ་ཐར་པ་ནག་པོ་བྱ་བ་ཞིག ཟབ་མོ་སྟོང་ཉིད་རྩིས་ཀྱིས་མ་ཟིན་ནས། སྦྱོར་སྒྲོལ་རང་ཁ་མ་སྤྱད་པས་ལམ་ལོག་སྟེ། བདུད་མ་ཏྲམ་ནག་པོ་བྱ་བར་སྐྱེས། ལང་ཀའི་རི་ལ་དུར་ཁྲོད་ཀྱི་ཕོ་བྲང་བརྩིགས་ཏེ་སྲིན་པོ་ལང་ཀ་མགྲིན་བཅུ་འཁོར་དུ་བཀོད་ནས་མ་རུངས་པའི་ལས་ལ་བརྩོན་པས། དབལ་གཤེན་ཁྲོ་གསས་བདེ་བ་ཐུགས་ཁྲོས་ཏེ། བདུད་པོ་མ་ཏྲམ་ནག་པོ་གདན་དུ་བཏིང༌། གནོད་སྦྱིན་ཕོ་ལྔ་མོ་དྲུག་གིས་སྲོག་སྙིང་ཕུལ། དེ་ཚེ་མངོན་པར་རོལ་པའི་རྒྱུད་སྡེ་ཞི་ཁྲོ་གཉིས་དང༌། གསང་སྔགས་ངན་སྔགས་མ་ཏྲམ་བུ་ཏྲམ་བཅས་པའི་ཚོགས་རྣམས་རིམ་གྱིས་རྒྱུད་ནས་རྒྱ་གར་གྱི་གཤེན་ལ་བརྒྱུད་དོ།། དེ་ནས་བོད་དུ་དར་བའོ།། དབལ་ཆེན་རམ་པའི་བྱུང་ཁུངས་འོག་ཏུ་འབྱུང་ངོ༌།།
གསུམ་པ་གསང་རྒྱུད་བོན་གྱི་སྐུ་ལས་བརྒྱུད་ཚུལ་ནི། བོན་ཉིད་མ་འགག་འདུས་མ་བྱས་པའི་དབྱིངས་སུ། ཀུན་ཏུ་བཟང་པོ་ཀུན་གྱི་ཡང་མེས་དེས། ཕྱོགས་བཅུའི་སངས་རྒྱས་བྱེ་བ་ཕྲག་ཁྲིག་ལ། ཡེ་ཤེས་རྒྱུན་ཆད་མེད་པའི་བོན་འཁོར་བསྐོར་ནས་འཁོར་འདས་བཟང་ངན་མཉམ་པའི་གཏན་ཚིགས་བཀོད། རང་ཤེས་རིག་པའི་རྒྱལ་པོ་བཅས་བཅོས་དང་སྒྲོ་འདོགས་མེད་པར་རྟོགས་པའི་རྫོགས་པ་ཆེན་པོའི་བོན་རྣམས་ཡིན་ཅིང༌། དེ་ཡང་ཁུ་བྱུག་གྲགས་མ་ཐག་ཏུ་ལྐུགས་པ་བཞིན། རྫོགས་ཆེན་བསྟན་པ་ནུབ་ཁར་གྲགས་པར་ཙམ་ལས་མ་བྱུང་ཞིང༌། ཀུན་རྫོབ་ཙམ་དུ་དབྱིངས་ཀྱི་སྟོན་པ་ཀུན་ཏུ་བཟང་པོས་དགོངས་པ་མི་གཡོ་རོལ་པས་ཐུགས་རྗེའི་སྟོན་པ་ལ་བརྒྱུད། དེས་ཀློང་ཆེན་བདེ་བ་ཆེན་པོས་སྤྲུལ་པའི་སྟོན་པ་ལ་བརྒྱུད། དེ་ནས་ཚིག་དང་ཡི་གེ་མེད་པར་རིམ་གྱིས་བརྒྱུད་ཅེས་སྙ་ཆེན་ལི་ཤུས་གསུངས་སོ།།
གཉིས་པ་གཞན་ལུགས་ལ་གཉིས་ཏེ། ཕྱི་རོལ་མུ་སྟེགས་པ་བྱུང་བའི་ལོ་རྒྱུས་དང༌། སངས་རྒྱས་ཆོས་ཀྱི་བསྟན་པ་བྱུང་བའི་ཁུངས་བཤད་པའོ།། དང་པོ་ནི། འཇིག་རྟེན་ཆགས་ནས་རྫོགས་ལྡན་གྱི་བསྐལ་པའི་དུས་སུ། མི་རྣམས་མ་རྨོས་པའི་ལོ་ཏོག་ལ་ལོངས་སྤྱོད་པའི་ཚེ། ལེ་ལོ་ཅན་གྱིས་གསོག་འཇོག་བྱས་པས་སོ་ནམ་བྱེད་དགོས་པར་བྱུང༌། འགའ་ཞིག་གིས་མ་བྱིན་པ་བླངས་པས་རྩོད་པ་བྱུང༌། དེ་དག་ལ་མི་དྲང་པོ་ཞིག་དཔོན་དུ་བསྐོས། དཔོན་དེ་མང་པོས་བཀུར་ནས་རྒྱལ་པོར་བྱས། རྒྱལ་པོས་བདེན་རྫུན་སྙོམས་ཤིང་ཉེས་པ་ཅན་ལ་ཆད་པ་གཅོད་པ་སོགས་བྱས། དེ་མཐོང་ནས་སྙིང་རྗེ་ཅན་འགའ་ཞིག་སྐྱོ་བ་སྐྱེས་ཏེ། ནགས་གསེབ་ཏུ་སོང་ནས་གཅིག་པུར་བསྡད། ལུས་སེམས་དབེན་པའི་རྐྱེན་གྱིས་སེམས་རྩེ་གཅིག་པའི་ཏིང་ངེ་འཛིན་ཐོབ། དེའི་སྟོབས་ཀྱིས་ལྷ་ཡི་མིག་ལ་སོགས་མངོན་ཤེས་དང་རྫུ་འཕྲུལ་མངའ་བ་མང་དུ་བྱུང༌། དེ་རྣམས་ལ་བྲམ་ཟེ་དང་དྲང་སྲོང་གི་མིང་བཏགས། དེར་དྲང་སྲོང་རྐང་མིག་ཅེས་བྱ་བ་འཇིག་རྟེན་གྱི་ལྷ་དབང་ཕྱུག་ཆེན་པོ་མཐོང་བ་ཞིག་བྱུང༌། ལྷའི་བྱིན་རླབས་ཀྱིས་བློ་གྲོས་དང་སྤོབས་པ་སྐྱེས་ནས་གཞུང་མང་པོ་བརྩམས། གཞུང་དེའི་རྗེས་སུ་འབྲེང་བ་རྣམས་ལ་ཕྱི་རོལ་མུ་སྟེགས་པ་ཞེས་བྱའོ།། དེ་ལའང་རྟག་པར་ལྟ་བ་དང༌། ཆད་པར་ལྟ་བ་གཉིས་ལས། རྟོག་གེ་སྡེ་ལྔ་དང༌། མངོན་ཚན་ཅན་དགུ་བཅུ་རྩ་ལྔ༌། ལྟ་ལོག་སུམ་བརྒྱ་དང་དྲུག་ཅུ་སོགས་གྱེས་སོ།།
དང་པོ་རྟག་པར་ལྟ་བའི་སྡེ་ནི། གངས་རིའི་ངོས་དང་ཉེ་བར་ཆུ་བོ་སྐལ་ལྡན་ཤིང་རྟའི་འགྲམ་དུ་དྲང་སྲོང་སེར་སྐྱ་ཞེས་རལ་པ་སེར་སྐྱ་ཡོད་པ་མངོན་པར་ཤེས་པ་ལྔ་དང་ལྡན་པ་ཞིག་བྱུང༌། དེ་དང་སྐར་མདའ་གདོང་དང་རྐང་གདུབ་ཅན་ལ་སོགས་པའི་རྗེས་སུ་འབྲང་བ་རྣམས་ལ་གྲངས་ཅན་པའམ་སེར་སྐྱ་པ་ཟེར། ཡང་སྐྱེ་རྒུ་རྣམས་ཚེ་ལོ་ཉིས་ཁྲི་ཐུབ་པའི་ཚེ་ཡུལ་འཁོར་སྲུང་དང་སྐྱ་བསེང་གཉིས་འཁྲུགས་དུས་དྲང་སྲོང་རྒྱས་པ་བྱ་བ་བྱུང༌། དེའི་རྗེས་འབྲེང་རྣམས་ལ་གཅེར་བུ་བ་ཟེར།།
ཆད་པར་ལྟ་བའི་སྡེ་ནི། དྲང་སྲོང་འཇིག་རྟེན་མིག་ཅེས་བྱ་བ་རྟོག་གེ་ལ་མཁས་པ་ཞིག རང་གི་བུ་མོ་མཛེས་མ་ཞིག་ཡོད་པ་ལ་ཆགས་ནས། དེ་དང་དགའ་མགུར་སྤྱོད་པའི་ཕྱིར་དུ། ཚེ་སྔ་ཕྱི་མེད། ལས་དགེ་སྡིག་མེད་ཟེར་བའི་གྲུབ་མཐའི་གཞུང་འབུམ་གཅིག་བརྩམས། དེའི་རྗེས་སུ་འབྲེང་བ་རྣམས་ལ་རྒྱང་འཕེན་པ་ཞེས་ཤིན་ཏུ་ཐ་ཆད་པ་དེ་བྱུང༌། གཞུང་དེ་དག་ཆུ་བོ་གང་གའི་ནང་བསྐྱུར་བས་ལས་ཀྱི་དབང་གིས་མ་བཏུལ་མ་འཁྱགས་པར་རྒྱ་མོན་གྱི་ཡུལ་དུ་ཁྱེར་ཏེ་རིག་པ་ཅན་འགའ་ཞིག་གིས་རྙེད་པར་གྲགས་སོ།། ལྷ་གནས་སུ་བྲཾཧསྤཏི་ཞེས་བྲམ་ཟེ་ཕུར་བུ་སྒྲ་རིག་སྨྲ་བའི་དབང་ཕྱུག་དེ་ཡང་མུ་སྟེགས་ཀྱི་ལྟ་བ་ཡིན་ལ། དེའི་ལུགས་ལས་ཨ་ཏི་ར་ཙའི་སྤྱོད་པ་སོགས་འགའ་ཞིག་ནི། ལྷ་དང་ལྷ་མ་ཡིན་གྱི་སྡེ་ལ་ཁྱབ་པར་མངོན་ནོ།། དྲང་སྲོང་རྐང་མིག་གི་རྗེས་སུ་འབྲེང་བ་རྣམས་ལ་རིག་བྱེད་པ་ཟེར། གཟེག་ཟན་གྱི་རྗེས་འབྲེང་ལ་བྱེ་བྲག་པ་ཟེར། དེ་དག་གི་ལྟ་བའི་འདོད་ཚུལ་གྲངས་ཅན་པ་རྣམས་ཀྱིས་འདི་ལྟར་སྣང་བ་ཐམས་ཅད་གང་ལས་བྱུང་བའི་གཞི་ནི། བདག་ཤེས་རིག་གི་སྐྱེས་བུ་ཞེས་བྱ་བ་སྲན་མ་ཙམ་ཞིག་སྙིང་གི་དཀྱིལ་ན་གནས་ལ། བདག་དེ་བསམ་གཏན་སྒོམ་པ་ལ་བརྟེན་ནས་རིག་པར་བྱས་ནས་འཁོར་བའི་སྣང་བ་ཐམས་ཅད་འདུས་ནས་གྲོལ་བར་འདོད། བདག་གི་རྩལ་ལས་བྱུང་བའི་རྡུལ་དང་མུན་པ་སྙིང་སྟོབས་སོགས་བདག་ཕྲ་རགས་ཀྱི་འདོད་ཚུལ་མང་ངོ༌།། གཅེར་བུ་བ་རྣམས་ཀྱིས་དགེ་བས་མཐོ་རིས་དང་སྡིག་པས་ངན་སོང་དུ་སྐྱེ་བ་ཡིན་ལ། མཐར་དགེ་སྡིག་གཉིས་ཀའི་ལས་ཟད་ནས་ཐར་པར་
|