༄༅། །བསྟན་འབྱུང་རིག་པའི་ཤན་འབྱེད་ནོར་བུ་ཀེ་ཏ་ཀའི་དོ་ཤལ་ཞེས་བྱ་བ་བཞུགས།

འདོད་དོ།། དེ་ཡང་སྔར་བྱས་པའི་ལས་ནི་དཀའ་བ་ཐུབ་པས་ཟད་ལ། ཕྱི་མ་རྣམས་ནི་ཡིད་ཀྱིས་སྡོམས་པས་གྲོལ། གྲོལ་བའི་ཚེ་འཇིག་རྟེན་ཐམས་ཅད་ཀྱི་སྟེང་གདུགས་དཀར་པོ་གྱེན་དུ་བཀན་པ་ལྟ་བུ་ཞིག་གི་སྟེང་ནས་ཡར་འགྲོ་བར་འདོད་དོ།། རྒྱང་འཕེན་པ་རྣམས་ཀྱིས་ཚེ་སྔ་ཕྱི་མེད་ཅིང་དགེ་བས་ཕན་པ་དང་སྡིག་པས་གནོད་པ་མེད་ལ་སྐྱེ་མཆེད་ཐམས་ཅད་རང་གི་ངོ་བོ་ཉིད་ལས་འབྱུང་གི་རྒྱུ་འབྲས་ལ་མི་ལྟོས་པར་འདོད་དེ། ཇི་སྐད་དུ། ཉི་ཤར་ཆུ་བོ་ཐུར་དུ་འབབ་པ་དང༌།། སྲན་ཟླུམ་ཚེར་མ་རྣོ་ཞིང་གཟིང་རིང་བ།། རྒྱལ་པོའི་བུ་མོ་ལྟ་ན་སྡུག་པ་རྣམས།། སུས་ཀྱང་མ་བྱས་ངོ་བོ་ཉིད་ལས་བྱུང༌།། ཞེས་ཟེར། རིག་བྱེད་པ་རྣམས་ཀྱིས་ཚེ་སྔ་ཕྱི་དང་ལས་ལ་དགེ་སྡིག་ཡོད་ཀྱང༌། དྲི་མ་སེམས་ཀྱི་ཆོས་ཉིད་ལ་ཞུགས་པས་ཆགས་སོགས་སྤངས་ཀྱང་ཐར་པ་མེད་ཟེར། བྱེ་བྲག་པ་འགའ་ཞིག་གིས་འཇིག་རྟེན་གྱི་བདེ་སྡུག་ཐམས་ཅད་ཚངས་པས་བྱས། ལ་ལས་དབང་ཕྱུག་གིས་བྱས། ལ་ལས་ཁྱབ་འཇུག་གིས་བྱས་པས། ལྷ་དེ་རྣམས་མཆོད་ཅིང་མཉེས་ན་མཐོ་རིས་སུ་ལྷ་ཡི་གོ་འཕང་ཐོབ་ལ། མ་མཆོད་ཅིང་མ་མཉེས་ན་ངན་སོང་དུ་འཕེན་ལ་སྡུག་བསྔལ་སྦྱོར་བར་འདོད་དོ།། གཞན་ཡང་དབུས་གཏེར་གྱི་གཏན་ཚིགས་རིག་པ་སྨྲ་བའི་མདོ་ལས། ཡུལ་བོད་དང་ཞང་ཞུང་གི་རུ་མཚམས་བྱེ་མ་གཡུང་དྲུང་དང༌། ཆུ་མིག་བརྒྱད་ཅུ་རྩ་གཉིས་ཀྱི་མགོ་བོར། ནང་པ་གཤེན་རབ་པ་དང་ཕྱི་རོལ་མུ་སྟེགས་པ་གཉིས་རྩོད་པ་ཆེས་ཆེར་བྱུང་བའི་ཚེ། བདག་ཅག་གི་སྟོན་པ་ཐུགས་རྗེ་ཆེ་བ་དེ་ཉིད་མུ་སྟེགས་ཀྱི་སྟོན་པ་ཤ་རི་ར་ཙ་བྱ་བ་ལོ་བཅུ་གསུམ་ཙམ་གྱི་ན་ཚོད་དུ་སྤྲུལ་ནས། མུ་སྟེགས་ཀྱི་བླ་མཚོ་མེར་བ་དེའི་དབུས། བླ་རི་དབང་ཆེན་བྲག་ནག་གི་ཁར། བླ་ཤིང་ཡལ་ག་ཐུར་དུ་གཡོ་བའི་ཚལ་དུ་མུ་སྟེགས་རང་གི་གཙང་རིགས་ཀྱི་གཞལ་ཡས་ཁང་དུ་བཞུགས་ནས་མུ་སྟེགས་ཀྱི་སྟོན་པ་བཅུ་གཉིས་དབང་དུ་བསྡུས་ཏེ། གང་ཞེས་ན། སྟོན་པ་སེར་སྐྱ་པ། གཞོན་ནུ་གྲངས་ཅན་པ། དྲང་སོང་གཅེར་བུ་བ། ཡེ་མཁྱེན་སྐོས་མཁན། ཕྱྭ་སྲས་ཀུན་སྟོན། གང་ཟག་བདེན་སྟོན་པ། སྣ་ཚོགས་རླབས་སྟོན་པ། བདག་ཉིད་ཆེ་བཙུན་པ། གང་ཟག་བརྗོད་མེད་པ། རྒྱལ་ཆེན་རྗེས་འཇུག་པ། ལྷུན་ཆེན་ཉི་མ། དྲང་སོང་རྒྱལ་ཆེན་པ་དང་བཅུ་གཉིས་ཀྱིས་གྲུབ་མཐའ་གཏན་ལ་ཕབ། དེ་ཡང་རྒྱུ་འབྲས་ཀྱི་གཏན་ཚིགས་བཀོད། སུན་འབྱིན་པའི་ཐལ་འགྱུར་འཕངས། ཡང་དག་རིག་པས་བརྡ་སྤྲོད་མཛད་དེ་མུ་སྟེགས་པ་ཕལ་ཆེར་ནང་པའི་རྟགས་སུ་བཀོད་པར་གསུངས་སོ།། མདོར་ན་མུ་སྟེགས་པ་དེ་དག་བསམ་གཏན་གྱི་ཏིང་ངེ་འཛིན་སོགས་བསྐལ་པ་བརྒྱ་བའི་བར་དུ་མི་གཡོ་བ་ཐོབ་ཀྱང་རྩ་བ་བདག་ཏུ་འཛིན་པ་མ་སྤང་བས། སླར་ཡང་ཉོན་མོངས་པ་དུག་གསུམ་དུག་ལྔ་ལྡང་ནས་སྡུག་བསྔལ་འཁོར་བའི་མུ་ལ་སྟེགས་བཅའ་བ་མ་གཏོགས་གཏན་གྱིས་ཐར་པ་ཐོབ་མི་སྲིད་དོ།།
     གཉིས་པ་སངས་རྒྱས་ཆོས་ཀྱི་བྱུང་ཁུངས་ནི། བསྐལ་པ་བཟང་པོ་འདི་ལ་ཐེག་ཆེན་པ་ལྟར་ན་སངས་རྒྱས་སྟོང་བྱོན་ཅིང༌། ཐེག་པ་དམན་གྱིས་ལྔ་བརྒྱར་བྱོན་པ་འདོད་ལ། ཐོག་མར་མི་རྣམས་ཚེ་ལོ་བཞི་ཁྲི་ཐུབ་པའི་དུས་སུ་སངས་རྒྱས་འཁོར་བ་འཇིག་བྱོན། སུམ་ཁྲི་ལ་གསེར་ཐུབ་བྱོན། ཉིས་ཁྲི་ལ་འོད་སྲུང་བྱོན། འོད་སྲུང་གི་བསྟན་པ་རྫོགས་ནས་ཡུན་རིང་པོར་ཞིག་ནས། སངས་རྒྱས་ཤཱཀྱ་ཐུབ་པ་བྱོན། དེ་ཡང་རྣམ་འདྲེན་བཞི་པ་འདི་ཉིད་ཀྱིས་དག་པ་ལྷའི་གནས་ནས་གཟིགས་དགོངས་མཛད་དེ། འཕགས་ཡུལ་རྡོ་རྗེའི་གདན་དུ། ཡབ་ཤཱཀྱའི་རྒྱལ་པོ་ཟས་གཙང་གི་རིགས་དང༌། ཡུམ་ལྷ་མོ་སྒྱུ་འཕྲུལ་མའི་ལྷུམས་སུ་ཞུགས་ནས། ལྕགས་སྤྲེལ་ས་ག་ཟླ་བའི་ཚེས་བདུན་ལ་ལུམ་བྷིའི་ཚལ་དུ་སྐུ་བལྟམས་ནས་མཚན་རྒྱལ་བུ་དོན་ཀུན་གྲུབ་པར་གསོལ། དེ་ནས་བསྟན་པ་བཞག འགྲོ་བ་འདུལ། ཁབ་བཞེས། སྲས་སྤྲུལ། རབ་ཏུ་བྱུང༌། བདུད་བཏུལ། ཆོས་འཁོར་བསྐོར་བ་སོགས་མཛད་པ་བཅུ་གཉིས་ཀྱི་ཚུལ་བསྟན་ནས་འགྲོ་བ་དྲངས། དེ་ཡང་འགྲོ་བ་རྣམས་དམུ་རྒོད་ཅིང་ཐར་པའི་གནས་དང་བྲལ་བ་རྣམས་ལ་ཟབ་མོའི་ཆོས་གསུངས་ཀྱང་མ་གོ་བས་ཐུབ་པ་ཉིད་ཐུགས་ལ་སྐྱོ་བ་སྐྱེས་པའི་ཚིག་གསུངས་པ། ཟབ་ཅིང་སྤྲོས་བྲལ་འོད་གསལ་འདུས་མ་བྱས།། བདུད་རྩི་ལྟ་བུའི་ཆོས་ཞིག་ཁོ་བོར་གནས།། སུ་ལ་བསྟན་ཀྱང་གོ་བ་མི་འདུག་པས།། མི་སྨྲ་ནགས་འདབ་ཉིད་དུ་གནས་པར་བྱ།། ཞེས་གསུངས་པ་ལ་འཕགས་པ་རྟ་ཐུལ་སོགས་ཀྱི་སྙོམས་འཇུག་སློང་ནས་བདེན་པ་བཞིའི་ཆོས་འཁོར་ལན་གསུམ་བཟླས་ཏེ་བསྐོར་བས་འཁོར་ལྔ་སྡེ་བཟང་པོ་དགྲ་བཅོམ་པའི་འབྲས་བུ་ཐོབ། ཆོས་འཁོར་དེ་དང་མཐུན་པར་སྐུ་མྱ་ངན་མ་འདས་ཀྱི་བར་དུ་གདུལ་བྱ་ཉན་ཐོས་ཀྱི་རིགས་ལ་ཐེག་པ་ཆུང་ངུའི་མདོ་སྡེ་དང༌། དེ་གཏན་ལ་འབེབ་པའི་མངོན་པ་དང༌། འཁོར་རྣམས་བསླབ་ཁྲིམས་ལ་དཀྲི་བའི་འདུལ་བ་རྣམས་གསུངས། དེ་ཡང་མདོ་སྡེ་ཉིས་ཁྲི་ཆིག་སྟོང༌། འདུལ་བ་ཉིས་ཁྲི་ཆིག་སྟོང༌། མངོན་པ་ཉིས་ཁྲི་ཆིག་སྟོང༌། ཆ་མཉམ་པ་ཉིས་ཁྲི་ཆིག་སྟོང་སྟེ་ཆོས་ཚན་མི་འདྲ་བ་བརྒྱད་ཁྲི་བཞི་སྟོང་གསུངས་སོ།།
    ཆོས་འཁོར་དང་པོ་དེའི་རྗེས་སུ་འབྲེང་བ་རྣམས་ལ་ཉན་ཐོས་ཀྱི་སྡེ་པ་ཞེས་བྱའོ།། དེ་ཡང་རྩ་བའི་སྡེ་པ་བཞི་ནི། འོད་སྲུང་ཆེན་པོའི་མཁན་རྒྱུད་ཕལ་ཆེན་སྡེ་པ་དང༌། སྒྲ་གཅན་འཛིན་གྱི་མཁན་རྒྱུད་ཡོད་པར་སྨྲ་བ་དང༌། ཉེ་བ་འཁོར་གྱི་མཁན་རྒྱུད་གནས་རྟེན་པ་དང༌། ཀ་ཏ་ཡ་ནའི་མཁན་རྒྱུད་མང་པོས་བཀུར་བ་དང་བཞིའོ།། དེ་ལས་རྒྱལ་པོ་ཀྲི་ཀྲིའི་རྨི་ལམ་དང་མཐུན་པར་སྡེ་པ་བཅོ་བརྒྱད་དུ་གྱེས་ཀྱང་བསྡུས་ན་བྱེ་བྲག་སྨྲ་བ་དང་མདོ་སྡེ་པ་གཉིས་སུ་འདུས་པའོ།།
    དེ་ནས་བྱ་རྒོད་ཕུང་པོའི་རི་སོགས་ལ་བྱམས་པ་དང་འཇམ་དབྱངས་ལ་སོགས་བྱང་ཆུབ་སེམས་དཔའ་རྣམས་དང༌། ཤ་རིའི་བུ་དང་རབ་འབྱོར་ལ་སོགས་ཉན་ཐོས་ཆེན་པོ་རྣམས་ལ་ཐེག་པ་ཆེན་པོའི་ཆོས་མཚན་ཉིད་མེད་པ་ཞེས་བྱ་བའི་ཆོས་འཁོར་གཉིས་པ་བསྐོར།
     ཡངས་པ་ཅན་སོགས་ལ་གཟུངས་ཀྱི་དབང་ཕྱུག་རྒྱལ་པོ་སོགས་ལ་དོན་རྣམ་པར་ངེས་པའི་ཆོས་འཁོར་གསུམ་པ་བསྐོར། གཞན་ཡང་མ་ག་དྷ་དང༌། འོག་མིན་དང༌། སུམ་ཅུ་རྩ་གསུམ་དང༌། ནུབ་ཕྱོགས་ཨོ་རྒྱན་གྱི་ཡུལ་སོགས་ཕྱག་ན་རྡོ་རྗེ་དང༌། བདེ་བའི་མགོན་པོ་སོགས་ལ་གསང་སྔགས་རྡོ་རྗེ་ཐེག་པའི་ཆོས་རྒྱུད་སྡེ་བཞི་གསུངས། ཆོས་འཁོར་དེ་དག་གི་རྗེས་སུ་འབྲེང་བ་རྣམས་ལ་ཐེག་ཆེན་ཟེར་རོ།། དེ་ཡང་ཐུབ་པའི་དངོས་སློབ་འཇམ་དཔལ་དབྱངས་དང༌། བྲམ་ཟེ་ས་ར་ཧ་སོགས་དང༌། སློབ་དཔོན་ཀླུ་སྒྲུབ་རྣམས་དངོས་སུ་མཇལ་ཞིང་ཐེག་པ་ཆེན་པོའི་སྙིང་པོ་མང་དུ་གསན། ལྷག་པར་འཕགས་ཡུལ་གྱི་ཤིང་རྟ་རྣམ་གཉིས་ཞེས། ཟབ་མོ་ལྟ་བའི་ཤིང་རྟ་སློབ་དཔོན་ཀླུ་སྒྲུབ། རྒྱ་ཆེ་སྤྱོད་པའི་ཤིང་རྟ་འཕགས་པ་ཐོགས་མེད་གཉིས་ཀྱིས་ཐུབ་པའི་བསྟན་པ་སྤེལ་བའོ།། དེ་ཡང་ཀླུ་སྒྲུབ་ཀྱིས་ཤེར་ཕྱིན་སྟོང་ཕྲག་བརྒྱ་པ་ཀླུ་ཡུལ་ནས་གདན་དྲངས། ནུབ་ཕྱོགས་ཨོ་རྒྱན་གྱི་ཡུལ་ནས་གསང་སྔགས་ཀྱི་ཆོས་མང་པོ་སྤྱན་དྲངས་ནས། དེ་དག་གི་དགོངས་འགྲེལ་དུ་གྱུར་པའི་བསྟན་བཅོས་ནི། རིན་ཆེན་ཕྲེང་བ་ལ་སོགས་གཏམ་ཚོགས་

青ICP备08000069号
QQ:568095347
E-mail:liamrgbm@yahoo.com.cn

པར་དབང་རེབ་གོང་བོན་མང་དྲ་བར་དབང་བས་གཞན་གྱིས་མི་སྤྱོད་པར་མཁྱེན།
བོད་ཀྱི་ཆ་འཕྲིན་ལག་རྩལ་དྲ་བས་ལག་རྩལ་ཕྱོགས་ནས་རོགས་སྐྱོར་བྱས་པར་ཐུགས་རྗེ་ཆེ་ཞུ།