༄༅། །བསྟན་འབྱུང་རིག་པའི་ཤན་འབྱེད་ནོར་བུ་ཀེ་ཏ་ཀའི་དོ་ཤལ་ཞེས་བྱ་བ་བཞུགས།

གསུམ་དང༌། རྩ་བ་ཤེས་རབ་ལ་སོགས་རིག་པའི་ཚོགས་དྲུག་དང༌། ཆོས་དབྱིངས་བསྟོད་པ་ལ་སོགས་བསྟོད་པའི་ཚོགས་བརྒྱད་དང༌། རིམ་པ་ལྔ་དང༌། ཕྱག་བརྒྱ་བཞི་ལ་སོགས་པའི་མན་ངག་གི་ཚོགས་སོགས་མང་དུ་མཛད། རང་གི་སློབ་མ་ཨརྱ་དེ་བ་དང༌། ཀླུའི་དབང་ཕྱུག་ལ་སོགས་ལ་ཐེག་པ་ཆེན་པོའི་བསྟན་པ་སྤེལ་ཞིང༌། མུ་སྟེགས་དང་ཉན་ཐོས་ལ་སོགས་ཕས་ཀྱིས་རྒོལ་བ་ཚར་གཅོད་ནུས་པ་མང་དུ་བྱུང༌། དེ་ཡང་ཨརྱ་དེ་བ་སོགས་ཀྱིས་མདོ་ཕྱོགས་གཙོ་བོར་བཤད། ཀླུའི་དབང་ཕྱུག་སོགས་ཀྱིས་སྔགས་ཕྱོགས་གཙོ་བོར་བཤད། མདོར་ན་ཀླུ་སྒྲུབ་རྗེས་འབྲང་དང་བཅས་པ་ལ་དབུ་མ་པ་ཟེར། འཕགས་པ་ཐོགས་མེད་སངས་རྒྱས་ཀྱི་དངོས་སློབ་བྱམས་པ་མགོན་པོ་དང་མཇལ་ནས་བྱམས་ཆོས་སྡེ་ལྔ་ཐུགས་ལ་བཟུང༌། དེའི་དགོངས་འགྲེལ་དུ་གྱུར་པའི་སྡེ་ལྔ་སྡོམ་གཉིས་ལ་སོགས་པའི་བསྟན་བཅོས་མང་དུ་མཛད་ནས་རང་གི་ནུ་བོ་དབྱིག་གཉན་ལ་བཤད། དབྱིག་གཉན་ལ་སློབ་མ་རང་དང་མཉམ་པ་བཞིར་བྱུང་སྟེ། ཚད་མ་རང་དང་མཉམ་པ་ཕྱོགས་ཀྱི་གླང་པོ། འདུལ་བ་རང་དང་མཉམ་པ་ཡོན་ཏན་འོད། ཕར་ཕྱིན་རང་དང་མཉམ་པ་འཕགས་པ་གྲོལ་སྡེ། མངོན་པ་རང་དང་མཉམ་པ་ཁ་ཆེ་བློ་བརྟན་རྣམས་ཡིན་ཏེ། མདོར་ན་ཐོགས་མེད་རྗེས་འབྲང་དང་བཅས་པ་ལ་སེམས་ཙམ་པ་ཟེར་རོ།།
    དེ་ལྟར་ཐུབ་པའི་རྗེས་འབྲང་གྲུབ་མཐའ་སྨྲ་བ་བཞིར་གྲགས་ཏེ། ཉན་ཐོས་སྡེ་གཉིས་དང༌། ཐེག་ཆེན་སྡེ་གཉིས་སམ་རང་རང་གི་ལྟ་གྲུབ་ལ་འདོད་ཚུལ་མཐུན་པའི་རྩོད་པའང་ཆེས་ཆེར་བྱུང་ཞིང༌། ཀུན་གྱི་རྒྱལ་པོ་ལྟ་བུ་དབུ་མ་པ་ཡིན་ཀྱང་བློར་ཤོང་དཀའ་བ་རྣམས་ཀྱིས་སྐྱོན་དུ་ལྟ་བའང་བྱུང་སྟེ། ཀྱེ་མ་སློབ་དཔོན་ཀླུ་སྒྲུབ་གཞུང༌།། ལ་ལའི་སྨན་དང་ལ་ལའི་དུག། མི་ཕམ་འཕགས་པ་ཐོགས་མེད་གཞུང༌།། སྐྱེ་བོ་ཀུན་ལ་བདུད་རྩི་ཉིད།། ཅེས་མ་ག་དྷའི་བྱིས་པ་རྣམས་ཀྱིས་གླུར་བསྒྲགས་རྒྱུ་བྱུང་ངོ༌།། མདོར་ན་ཐེག་པ་ཆུང་ངུའི་ཆོས་ལ་བརྟེན་ནས་དགྲ་བཅོམ་པ་ཐོབ་པ་དང༌། མངོན་ཤེས་དང་རྫུ་འཕྲུལ་མངའ་བའི་འཕགས་པ་ཇི་སྙེད་པ་བྱུང་ཞིང༌། ཐེག་པ་ཆེན་པོའི་ཆོས་ལ་བརྟེན་ནས་དངོས་གྲུབ་ཐོབ་པ་དང་གྲུབ་རྩལ་རྫོགས་པའི་གྲུབ་ཆེན་བརྒྱད་ཅུ་རྩ་བཞི་རྣམས་བྱུང་སྟེ། དེ་དག་གིས་ལེགས་སྦྱར་འཕགས་པའི་ཡུལ་དུ་མདོ་སྔགས་ཆོས་ཀྱི་བསྟན་པ་ཉི་ཟླ་ཤར་བ་བཞིན་དར་ཞིང་རྒྱས་པར་མཛད་པའོ།།
སྨྲས་པ།
སྡུག་བསྔལ་ལས་ཀྱི་དགྲ་སྡེ་བསྐལ་པའི་མུན།།
ཡུན་རིང་ལུས་ལ་བྱུག་པའི་སྐྱེ་རྒུ་རྣམས།།
ཀུན་སྙོམས་ཐུགས་རྗེ་ཉི་མའི་ཆུ་ཀླུང་གིས།།
ལྷན་སྐྱེས་དྲི་མ་བཀྲུ་བ་སྐལ་པ་བཟང༌།།

 

 

རྒྱལ་རྣམས་མཁྱེན་བརྩེའི་ས་བོན་ནོར་བུའི་ཕྲེང༌།།
ཚོགས་གཉིས་ཡོན་ཏན་མཚུངས་ཀྱང་གདུལ་དཀའི་འགྲོ།།
ཕན་བདེའི་དཔལ་ལ་བཀོད་པའི་ཐོད་དཀར་སྲས།།
བདག་ཅག་ཐར་པའི་མཛའ་བཤེས་ཇི་ལྟར་ཐོབ།།

སྟོན་པའི་བཀའ་དང་རྒྱལ་སྲས་འཕགས་པའི་ལུང༌།།
ཚུལ་བཞིན་སྦྱངས་པའི་ལུང་རིག་སེང་གེའི་དབྱངས།།
ཆགས་སྡང་སྙེམས་པའི་སྐྱོན་གྱིས་མ་སྨད་པར།།
བློ་གསལ་བློ་ཡི་དགའ་སྟོན་འཕེལ་ཕྱིར་སྤྲིངས།།
ཞེས་པ་ནི་བར་སྐབས་ཀྱི་ངལ་གསོའོ།།
    བཞི་པ་བསྟན་པ་དར་ནུབ་བྱུང་ཚུལ་ལ་བཞི། དར་ཚུལ་དང༌། ནུབ་ཚུལ་དང༌། ནུབ་པ་བརྡོལ་ཚུལ་དང༌། ཞར་བྱུང་བསྟན་པའི་གནས་ཚད་བསྟན་པའོ།། དང་པོ་ལ་གཉིས། རང་ལུགས་རྒྱས་པར་བཤད་པ་དང༌། གཞན་ལུགས་མདོར་ཙམ་སྨྲོས་པའོ།། 
    དང་པོ་ནི། མཆོག་གི་སྤྲུལ་སྐུ་སྟོན་པ་གཤེན་རབ་ཞལ་བཞུགས་པའི་དུས་སུ་ཏ་ཟིག་ཏུ་འདུལ་བ་མདོའི་བོན་རྣམས་དར་བ་ཡིན་གྱི། སྔགས་དང་རྫོགས་ཆེན་གྱི་བོན་རྣམས་ཆེར་མ་དར་བ་ཡིན་ནོ།། དེ་དང་མཐུན་པར་གདུང་སོབ་མུ་ཆོས་ཀྱང་མདོ་ཕྱོགས་གཙོ་བོར་བཤད། དེ་ཡང་སྟོན་པ་ཆེན་པོས་ཆུ་བོ་པཀྵུའི་འགྲམ་དང༌། གནོད་སྦྱིན་ནོར་གྱི་གླིང་རྣམས་སུ་མདོ་ཕྲན་དང་རིགས་སྔགས་ཀྱི་བོན་འཁོར་ཆུང་བ་འགའ་ཞིག་བསྐོར་བའི་དུས་སུ་གཤེན་རབ་རྣམ་རྩོད་པ་དང༌། རང་རྟོགས་གཤེན་རབ་པ་དང༌། ཐུགས་རྗེ་སེམས་དཔའ་བ་དང༌། གཡུང་དྲུང་སེམས་དཔའ་ཆེན་པོ་སོགས་ཐེག་པ་མཐོ་དམན་གྱི་རྟོགས་ཚུལ་ལ་བརྟེན་ནས་གྲུབ་མཐའི་ཁྱད་པར་བཞི་ཙམ་དུ་དར་རོ།།
    ཁྱད་པར་གཤེན་རབ་ཀྱི་བསྟན་པ་འདི་ཉིད་ཉི་ཟླ་འཆར་ནུབ་རེས་མོས་འཁོར་བ་བཞིན། གཡས་བསྐོར་ཚུལ་དུ་ལན་གསུམ་འཁོར་ནས་རྫོགས་པར་ལུང་བསྟན་ཏེ། སྔོན་ཆད་འཛམ་གླིང་དུ་ཐང་གཉིས་འཁོར་རོ་ཟེར། དེ་ཡང་གདུང་སོབ་ཀྱི་དུས་སུ་འཛམ་གླིང་མཁས་པའི་རྒྱན་དྲུག་ཅེས་ཏ་ཟིག་ལ་མཁས་པ་དམུ་ཙ་ཏྲ་ཧེ་དང་ཁྲི་ཐོག་སྤར་ཙ། ཞང་ཞུང་ལ་མཁས་པ་གུ་ཧུ་ལི་སྤར་ཡ། རྒྱ་གར་ལ་མཁས་པ་ལྷ་བདག་སྔགས་གྲོལ། རྒྱ་ནག་ལ་མཁས་པ་ལེགས་ཏང་རྨང་པོ། ཁྲོམ་ལ་མཁས་པ་གསེར་ཐོག་ལྕེ་འབྱམས་དང་དྲུག་ནི་མངོན་ཤེས་དང་རྫུ་འཕྲུལ་ཐོགས་པར་མེད་པས་མཚན་ལྡན་ཁྱེའུ་བཞི་དང་གདུང་སོབ་མཇལ་ནས་འཛམ་གླིང་ཀུན་ཏུ་བོན་རྣམས་དར་བར་མཛད། ཡང་བདག་ཅག་གི་སྟོན་པ་དང་སློབ་དཔོན་འཆི་མེད་གཙུག་ཕུད་ནི་གདུལ་བྱའི་སྣང་ངོར་མཁའ་ཟླ་དང་ཆུ་ཟླ་ལྟ་བུར་དོན་ལ་གཅིག་ཏུ་གོ་བས། སྟོན་པ་དེ་དག་གིས་གསུངས་པའི་གསང་སྔགས་ཀྱི་བོན་རྣམས་དང་པོ་ལྷ་ཡུལ་དུ་དར། དེ་ནས་ཀླུ་ཡུལ་དུ་དར། དེ་ནས་སྟོན་པ་མྱ་ངན་ལ་འདས་རྗེས་མི་ལོ་ཉི་ཤུ་རྩ་བརྒྱད་ཀྱི་མཚམས་སུ་ལྷ་ཀླུ་མིའི་གཤེན་གསུམ་གྱིས་ཏ་ཟིག་ཏུ་སྤེལ་ནས་དར་བའོ།།
   དེ་ཡང་གསང་སྔགས་ཀྱི་བསྟན་པ་ནི། ད་ལྟའི་བསྐལ་བཟང་འདི་ལ་མ་གཏོགས་གཞན་ལ་མི་འབྱུང་བ་གསུངས་སོ།། མདོ་སྔགས་ཀྱི་བསྟན་པ་དེ་དག་ལྷ་དང་ཀླུ་ཡི་ཡུལ་དུ་འཕོ་འགྱུར་ཆུང་ལ་མི་ཡུལ་དུ་ཆེ་བ་ཡིན་ཅིང༌། ཏ་ཟིག་ཏུ་བསྟན་པ་རྫོགས་པའི་དུས་མ་གཏོགས་འཕོ་འགྱུར་ཆུང་བར་བཤད་དོ།། དེ་ཡང་ཏ་ཟིག་དང་ཞང་ཞུང་མངའ་རིས་རྣམས་སུ་ལྷ་ཡི་བོན་རྒྱུད་དར་ཞིང༌། རྒྱ་གར་དང་བྲུ་ཤའི་ཕྱོགས་སུ་ཀླུ་ཡི་བོན་རྒྱུད་དར་ལ། བོད་དུ་ལྷ་ཀླུ་མི་གསུམ་གྱི་རྒྱུད་པ་རྐང་གཅིག་ནས་དར་བ་མཁས་པས་གསུངས་སོ།།
   འདི་ཙམ་ན་གསུང་གི་བསྟན་པའི་ཟུར་སྡོང་གི་ཚུལ་དུ་བདུད་བཞི་འདུལ་བའི་གཤེན་བཞི་བྱུང་སྟེ། འགྲན་ཏེ་ཡ་བོ་འདུལ་བྱེད་གཏོ་བུ་འབུམ་སངས། རམ་པ་དུག་འགྱེད་འདུལ་བྱེད་དཔྱད་བུ་ཁྲི་ཤེས། འཁོར་བ་གཏིང་ནག་འདུལ་བྱེད་ཀོང་ཚ་འཕྲུལ་བུ། ང་མིན་ཆོས་པོ་འདུལ་བྱེད་དམ་པ་ཏོག་དཀར་དང་བཞི་ལས་གཙུག་ལག་བུ་བཞིའི་བསྟན་པ་དར་བར་གྲགས་ཏེ། རྒྱ་གར་དུ་ཐུབ་པ་འཁྲུངས། ཨོ་རྒྱན་དུ་དཔྱད་བུའི་སྤྲུལ་པ་དྲང་སྲོང་རིག་པའི་ཡེ་ཤེས་བྱུང༌། ཁྲོམ་དུ་གེ་སར་རྒྱལ་པོ་བྱ་བ་བྱུང༌། རྒྱ་ནག་ཏུ་འཇམ་དབྱངས་སྨྲ་བའི་སེང་གེ་བྱིས་པའི་ཚུལ་དུ་བྱོན་ནས་རྩིས་རྒྱུད་བསྟན།།
     འོ་ན་བོད་དུ་ཇི་ལྟར་བྱུང་སྙམ་ན། མདོ་འདུས་ལས། བདག་ནི་མྱ་ངན་འདས་རྗེས་སུ།། མི་ལོ་སུམ་བརྒྱ་དྲུག་གི་དུས།། ནམ་མཁའི་དཀྱིལ་ནས་བོད་ཀྱི་རྒྱལ།། ལྷ་རི་གྱང་མ་གྱང་ཐོར་འབྱུང༌།། ཞེས་དང༌། ནམ་མཁའ་སྣང་བ་མདོག་ཅན་ཁྱོད།། དེ་དུས་དེ་དང་དུས་མཉམ་པར།། རྒྱལ་གཤེན་བསྟན་པ་མཉམ་ཆགས་མཛོད།། ཅེས་ལུང་བསྟན་པ་ལྟར་ཕྱ་ཡབ་བླ་བདལ་དྲུག་གི་སྲས་རྒྱུད།

 

 

青ICP备08000069号
QQ:568095347
E-mail:liamrgbm@yahoo.com.cn

པར་དབང་རེབ་གོང་བོན་མང་དྲ་བར་དབང་བས་གཞན་གྱིས་མི་སྤྱོད་པར་མཁྱེན།
བོད་ཀྱི་ཆ་འཕྲིན་ལག་རྩལ་དྲ་བས་ལག་རྩལ་ཕྱོགས་ནས་རོགས་སྐྱོར་བྱས་པར་ཐུགས་རྗེ་ཆེ་ཞུ།