༄༅། །བསྟན་འབྱུང་རིག་པའི་ཤན་འབྱེད་ནོར་བུ་ཀེ་ཏ་ཀའི་དོ་ཤལ་ཞེས་བྱ་བ་བཞུགས།

རྒྱལ་པོ་གཉའ་ཁྲི་བཙན་པོ་དང༌། སྐུ་གཤེན་མཚེ་མི་གཅོའུ་གཉིས་འོད་ཀྱི་དམུ་ཐག་གི་བརྒྱུད་ནས་ལྷ་རི་གྱང་ཐོར་བབས་སོ།། དེ་ནི་བོད་དུ་རྒྱལ་གྱི་ཐོག་མ་དང་གཤེན་བསྟན་གྱི་དང་པོར་བཟུང་ཞིང༌། མཆོད་ཡོན་དེ་གཉིས་ལ་མཐའ་བཞིའི་དགྲ་ལངས་པའི་ཚེ། མཁའ་ལ་གསོལ་བ་བཏབ་པས་གཡུང་དྲུང་སྤྲིན་དཔུང་འཁྱིལ་པའི་ནང་དུ་དབལ་བོན་རམ་པ་མཆེད་གསུམ་བྱོན་ནས་དགྲ་བཏུལ། མ་རམ་དྲན་གསུམ་གྱི་རྒྱུད་དང༌། ཡེ་ཤེས་སྐུ་ལྔའི་མན་ངག ཁྲག་འཐུང་རླུང་དམར་གྱི་ལས་སྦྱོར་སོགས་སྟོན་པ་གཏོ་རྒྱལ་གྱི་བསྟན་རྟིང་འདི་ག་དངོས་གྲུབ་ཏུ་བབ་ཅེས་སྔ་རབས་ཀྱི་མཁས་པས་བཞེད་དོ།། འོ་ན་རྒྱུད་ཉི་ཟེར་སྒྲོན་མ་ལས། ད་ལྟའི་སྟོན་པ་བྱོན་ནས་སྔར་འདས་ཀྱི་སྟོན་པའི་བསྟན་པ་དུང་ཕྱིས་པ་བཞིན་དུ་དག ཅེས་དང༌།། གསང་སྔགས་ད་ལྟའི་བསྐལ་བཟང་འདི་ལ་མ་གཏོགས་མི་འབྱུང་གསུངས་པ་དང་འགལ་ཞེ་ན། མི་སྐྱོན་ཏེ། ཐེག་ཆེན་གྱི་ལུགས་སུ་ཐུགས་རྗེ་ཕྱོགས་མེད་དང༌། གང་འདུལ་བཀྲིད་དྲངས་གཙོ་ཆེ་བར་འཆད་དོ།། 
   གཉའ་ཁྲིའི་སྲས་སུ་མུ་ཁྲི་བཙད་པོ། མུ་ཁྲིས་ནམ་མཁའ་སྣང་བ་མདོག་ཅན་སྤྱན་དྲངས་ནས་རྒྱལ་གཤེན་བསྟན་པ་མཉམ་ཆགས་ཀྱི་དབུ་བརྙེས། མུ་ཁྲིའི་སྲས་དིང་ཁྲི་བཙད་པོ། དེའི་སྲས་སོ་ཁྲི་བཙད་པོ། དེའི་སྲས་དར་ཁྲི་བཙད་པོ། དེའི་སྲས་ཡེ་ཁྲི་བཙད་པོ། དེའི་སྲས་སེང་ཁྲི་བཙད་པོ་སྟེ་བོད་དུ་རྒྱལ་གྱི་དང་པོ་གནམ་གྱི་ཁྲི་བདུན་གྱི་རིང་ལ་བླ་མ་ཆེ་དྲུག་གི་བསྟན་པ་དར་ཏེ། རྒྱུ་ཡི་བོན་ཤེས་པ་བཅུ་གཉིས་དང༌། འབྲས་བུའི་བོན་བླ་ན་མེད་པའི་རྒྱུད་སྡེ་དྲུག་དར་བའོ།། ཁྲི་བདུན་གྱི་ནང་ནས་མུ་ཁྲི་བཙད་པོ་ནི་ཚེ་ལ་རང་དབང་ཐོབ་ཅིང༌། གཞན་རྣམས་ནི་ལོ་བརྒྱའི་ཡུན་དུ་རྒྱལ་སྲིད་འཛིན། དེ་ནས་སྐུ་འོད་ཀྱི་དམུ་ཐག་གི་བརྒྱུད་ནས་མཁའ་ལ་ཡལ་བར་བཤད་དོ།། 
      གདུང་སོབ་ཆེན་པོའི་དུས་ཙམ་ན་ཞང་ཞུང་གཉན་གྱི་རྒྱལ་པོའི་གདུང་ལས་བོན་མོ་སྟག་ཝེར་ལི་ཝེར་བྱ་བ་འཁྲུངས། དེ་གསང་སྔགས་གྲུབ་པའི་རྩལ་རྫོགས་པས་རང་ལོ་བརྒྱད་ཅུ་གྱ་གཉིས་བཞེས་དུས་མོ་ལུས་ཕོ་རུ་གྱུར་ནས་མཚན་ལི་ཤུ་སྟག་རིང་དུ་གསོལ། ལི་ཤུ་དགུང་ལོ་སྟོང་དང་ཉིས་བརྒྱའི་དུས་སུ་རྫུ་འཕྲུལ་རྩལ་གྱིས་ཏ་ཟིག་ཏུ་ལན་འགའ་བྱོན་ནས་མདོ་སྔགས་རྫོགས་གསུམ་གྱི་བོན་སྡེ་ཁྲི་ཕྲག་བཅུ་གཅིག་བྱ་རྒོད་ལ་བཀལ་ནས་ཞང་ཞུང་དང་བོད་དུ་བསྒྱུར་ཞེས་ཡང་རྩེ་ཀློང་ཆེན་ནས་གསུངས་སོ།། རྒྱལ་གཤེན་གྱི་བསྟན་པ་དེ་དག་གི་རྒྱུན་ལ་བརྟེན་ནས་བོད་དུ་འདུ་གནས་སུམ་ཅུ་སོ་བདུན་ཆགས་ཤིང༌། དེ་ཡང་འོད་ཡུག་ས་ནག་འདམ་ཤོད་དང་གད་ཀྱི་བྱི་བ་མཁར། བསམ་ཡས་ཧས་པོ་རི། ལྷ་ས་ཡེར་པའི་རྫོང་རྣམས་ལ་གྲུབ་པ་ཐོབ་པ་བརྒྱ་རེ་འཆར་ཞེས་ཟེར་རོ།།
     འདི་ཙམ་ན་ཞང་ཞུང་སྨར་གྱི་ཡུལ་དུ་རྫུ་འཕྲུལ་ཡེ་ཤེས་བྱོན་ནས་འདུལ་བའི་བསྟན་པ་དར། སྐྱེས་བུ་མཁན་རྒྱུད་ལས་མངའ་རིས་ཕྱོགས་སུ་ཡ་གོང་ཡེ་ཤེས་རྒྱལ་བ་དང༌། ཕམ་ཤི་དཔལ་གྱི་དབང་ཕྱུག་གཉིས་ཀྱི་ལྟ་སྒོམ་གྱི་འཇོག་མཚམས་ཅུང་ཟད་མི་འདྲ་བའི་འདུལ་བ་སྡེ་གཉིས་ཤིན་ཏུ་དར་བ་བྱུང༌། དེ་ཡང་ཡ་གོང་བས་ཟང་ཟང་ལྷ་རྩེ་ལ་སོགས་གནས་སྡེ་ཉི་ཤུ་རྩ་དགུར་འཕེལ་ཞིང༌། ཕམ་ཤི་བའི་རྒྱུད་པས་ར་ཟ་གཡུང་དྲུང་རོལ་པ་ལ་སོགས་གནས་སྡེ་སུམ་ཅུ་རྩ་བརྒྱད་དུ་འཕེལ་བའོ།། དེ་ཡན་ཆད་ནི་བོན་སྔ་དར་གྱི་དུས་ཡིན་ནོ།།
    སེང་ཁྲི་བཙད་པོ་ལ་སྲས་གྲི་གུམ་བཙད་པོ་བྱུང༌། དེའི་སྲས་སྤུ་ལྡེ་གུང་རྒྱལ་གཉིས་ལ་བར་གྱི་ལྡེང་གཉིས་ཟེར། གྲི་གུམ་ནི་ཐེའུ་རང་མང་སྙ་ཝེར་རོའི་སྤྲུལ་པ་ཡིན་པས་བོན་བསྣུབ་པར་བརྩམས། རིག་འཛིན་ཐམས་ཅད་བཀའ་བགྲོས་ནས་ལྷ་བོན་སྒོ་བཞི་མ་གཏོགས་པའི་བོན་རྣམས་བསྣམས་ནས་བྲོས། རྒྱལ་པོའང་བོན་བསྣུབས་པའི་དབུ་ཡོགས་ཀྱིས་ལོ་ངམ་འབངས་ཀྱིས་གྲི་རུ་བཀྲོངས་ནས་རྒྱལ་ས་འཕྲོག ཡུན་རིང་མ་སོང་བ་སྤུ་ལྡེའི་སྤུན་མཆེད་གཉན་བུ་བློན་པོ་རུ་ལས་སྐྱེས་ཀྱིས་ལོ་ངམ་ཡང་བསད་ནས་སྲས་ཀྱིས་རྒྱལ་ས་ཟིན་ནས་བོན་གཤེན་མང་པོ་སྤྱན་དྲངས་ཏེ་བོན་ལ་སྤྱོད། འདི་ཙམ་ན་ཞང་ཞུང་དུ་སྡིག་རྒྱལ་མུ་ལ་མུ་སངས་བྱ་བའི་བཀྱོན་གྱིས་འདུལ་བའི་བསྟན་པའང་ནུབ་ཟེར་རོ།།
     སྤུ་ལྡེ་གུང་རྒྱལ་གྱི་སྲས་ཨ་ཤོ་ལེགས་རྒྱལ། དེའི་སྲས་དེ་ཤོ་ལེགས་རྒྱལ། དེའི་སྲས་གོང་རུམ་ལེགས་རྒྱལ། དེའི་སྲས་འབྲོང་རྗེ་ལེགས་རྒྱལ། དེའི་སྲས་ཐིས་ཤོ་ལེགས་རྒྱལ། དེའི་སྲས་ཨི་ཤོ་ལེགས་རྒྱལ་དང་དྲུག་ལ་ས་ཡི་ལེགས་དྲུག་ཟེར།
    ཨི་ཤོའི་སྲས་བི་ཤོ་འཆིང་རྒྱལ། དེའི་སྲས་ལྡེ་རྣོལ་གནམ་རྒྱལ། ལྡེ་འཕྲུལ་བོན་རྒྱལ། ལྡེ་འོད་ནམ་རྒྱལ། ལྡེ་གསེར་གནོན་རྒྱལ། གསེར་ནམ་རྒྱལ་པོ་དང་དྲུག་ནི་ཆུ་ལ་ལྡེ་དྲུག་ཟེར།
    རྒྱལ་རབས་དེ་དག་གི་རིང་ལ་གསས་མཁར་དབང་ཆེན་ལ་གདུང་རྒྱུད་བཅུ་གསུམ་གྱི་བོན་རྣམས་དར་ཞིང༌། བསྟན་འཛིན་སྐུ་གཤེན་ཡང་གདུང་རྒྱུད་བཅུ་གསུམ་གྱིས་མཛད་པའོ།། 
    གསེར་ནམ་རྒྱལ་པོའི་སྲས་དར་རྒྱས་བཙན། དེའི་སྲས་སྤྲིན་བཙན། རྒྱལ་བཙན། ཁྲི་བཙན། དབུ་བཙན། རྗེ་བཙན་དང་དྲུག་ལ་བར་གྱི་བཙན་དྲུག་ཟེར། དེ་དག་གི་དུས་སུ་འཛམ་གླིང་རྒྱན་དྲུག་གིས་བཤད་པའི་མདོ་དང་འདུལ་བའི་བོན་རྣམས་དར་བའོ།།
རྗེ་བཙན་གྱི་སྲས་ལྷ་ཐོ་ཐོ་རི་སྙན་ཤལ། དེའི་སྲས་ཁྲི་བདག་གཟུངས་བཙན། སྟག་གུང་སྙན་གཟིགས། འབྲོང་བདག་ལྡེ་རུམ། གནམ་རུ་གོང་བཙན་དང་ལྔ་ཡི་རིང་ལ་མཁས་པ་མི་བཞིའི་བོན་དར་ལ། བསྟན་འཛིན་སྐུ་གཤེན་ཡང་སྟོང་རྒྱུང་མཐུ་ཆེན་ལ་སོགས་མཁས་པ་གཤེན་བཞིས་མཛད་པའོ།།
   ཐུབ་པའི་འཁྲུངས་ལོ་ལྕགས་སྤྲེལ་ནས་ལོ་ཉེར་གཉིས་འདས་པའི་ཆུ་རྟ་ལོར་ཞང་ཞུང་ཁྱུང་ལུང་དངུལ་མཁར་ལྔ་བརྒྱའི་སློབ་དཔོན་དྲན་པ་ནམ་མཁའ་ཉིད་རྒྱལ་པོ་རྒྱུང་ཡར་གྱི་སྲས་སུ་འཁྲུངས་ཏེ། ཐབས་ཆེན་མཁའི་རྒྱུད་ལས། འཛམ་གླིང་དབུས་ཀྱི་ལྟེ་བ་ཡི།། རི་བོ་གངས་ཅན་མདུན་དྲུང་དུ།། བྱམས་སེམས་ནམ་མཁའ་ལྟ་བུ་ཡི།། ལྔ་བརྒྱ་དྲན་པ་ནམ་མཁའ་འབྱུང༌།། ཞེས་ལུང་བསྟན་པ་ལྟར་ཞང་བོད་ཁྲོམ་གསུམ་ན་བོན་གཤེན་ཡོངས་ཀྱི་ཐུ་བོར་གྱུར་ཅིང་རྒྱལ་བ་གཉིས་པའི་ཕྲིན་ལས་རྨད་པོ་ཆེ་འཛིན་པའི་སློབ་དཔོན་ཡིན་ལ། དེ་ཉིད་དགུང་ལོ་རེ་གཉིས་འདས་པའི་ཤིང་སྤྲེལ་ལོར་ཚེ་དབང་དང་པད་འབྱུང་གཉིས་དུས་གཅིག་ཏུ་འཁྲུངས་ཤིང༌། དེ་ནས་ཡབ་ཡུམ་མཁའ་སྤྱོད་ཚོགས་གྲལ་དུ་གཤེགས་ཤུལ་པད་འབྱུང་ཉིད་ནི་དྷ་ན་ཀོ་ཤའི་མཚོ་གླིང་དུ་པདྨའི་སྦུབས་སུ་སྦས་པས། ལོ་དེའི་སྤྲེལ་ཟླའི་ཚེས་བཅུའི་ཉིན་པར་ལས་ཅན་ཟ་ཧོར་རྒྱལ་པོས་རྙེད་ནས་རྫུས་སྐྱེས་ཀྱི་ཁྱེའུ་པདྨ་ཀ་རར་གྲགས་སོ།། ཞེས་གཏེར་གསར་གྱི་ལུགས་ལས་བཤད་དོ།། དེ་ཡང་ཐུབ་པ་མྱ་ངན་འདས་ནས་ལོ་བཞི་ཙམ་དུས་པད་འབྱུང་གསང་སྔགས་ཀྱི་སྟོན་པ་གཉིས་པར་མངའ་གསོལ་ཏེ། རང་བྱུང་པདྨའི་སྡོང་པོའི་རྩེར།། ང་ལས་ལྷག་པའི་སྐྱེས་བུར་འབྱུང༌།། ཞེས་བཅོམ་ལྡན་འདས་ཀྱིས་ལུང་བསྟན་པ་ལྟར་མཐུ་རྩལ་དང་རྫུ་འཕྲུལ་འགྲན་ཟླ་བྲལ་ཞིང༌། སྐུ་ཚེ་དང་ཕྲིན་ལས་ལ་རང་དབང་ཐོབ་པ་དེ་བྱོན། འོན་ཀྱང་འཕགས་པ་ཚེ་ལ་དབང་བ་རྣམས་

青ICP备08000069号
QQ:568095347
E-mail:liamrgbm@yahoo.com.cn

པར་དབང་རེབ་གོང་བོན་མང་དྲ་བར་དབང་བས་གཞན་གྱིས་མི་སྤྱོད་པར་མཁྱེན།
བོད་ཀྱི་ཆ་འཕྲིན་ལག་རྩལ་དྲ་བས་ལག་རྩལ་ཕྱོགས་ནས་རོགས་སྐྱོར་བྱས་པར་ཐུགས་རྗེ་ཆེ་ཞུ།