|
ས་ཏྭ་དང༌། གནུབས་བསྣུབས་ནམ་མཁའི་སྙིང་པོ་དང༌། རླུངས་དཔལ་གྱི་སེང་གེ་དང༌། འབྲོམ་དཔལ་གྱི་བློ་གྲོས་དང༌། གླང་གཙུག་ཏོར་རིན་ཆེན་དང༌། རྨ་ཨ་ཙ་ར་རིན་ཆེན་དང༌། སྐ་བ་དཔལ་བརྩེགས་དང༌། ཅོག་རོ་ཀླུའི་རྒྱལ་མཚན་དང༌། བ་གོར་བཻ་རོ་ཙ་ན་རྣམས་འཚོགས་སོ།། དེ་ནས་རྒྱལ་པོའི་ཞལ་ནས་ན་རེ། ཁྱེད་བོན་གཤེན་རྣམས་མཐུ་རྩལ་ཆེ་ན་ཆོས་ཀྱི་ཁ་འཛིན་ཤའཀྱའི་བྲ་བ་འདི་དང་པོ་འཆི་བ་ཞིག་དགོས། དེ་ནས་སོས་པ་ཞིག མཐུ་ཚད་ངོ་མཚར་ཅན་ཞིག་སྟོན་ཅིག་གསུངས། དེ་ནས་བོན་གཤེན་རྣམས་མཐུ་རྩལ་ནང་ཤེར་བྱས་པས་མཐུ་ཆེ་བའི་མི་དགུ་བྱུང་སྟེ། རྒྱ་བོན་མུ་ཆོས་གནམ་ས་གོ་ལྡཽག་བྱས་སོ།། གྱིམ་བུ་ལན་ཚས་རྩི་ཤིང་རང་སྡུད་མཛད་དོ།། ལི་བོན་མུ་ཕྱས་གངས་རི་སོར་མོས་བཏེག་གོ། སུམ་བྷ་དུང་མུས་རྒྱ་མཚོ་བལ་འདབ་ཏུ་བཏུམ་མོ།། འཛི་བོན་གནམ་གཤེན་གྱིས་རི་ལ་མེ་ཞགས་བསྐོར་རོ།། ཞང་ཞུང་གླང་ཝེར་གྱིས་སྡེ་བརྒྱད་གཉའ་བ་ནས་བཟུང་ངོ༌།། བ་གོར་དོད་རྒྱལ་གྱིས་ཆུ་བོ་གྱེན་དུ་དྲངས་སོ།། འཇང་བོན་རྩལ་འཕེན་གྱིས་གསེར་གྱི་གྱད་རྡོ་འཕེན་ནོ།། ཁྲི་ནེ་གཙུག་གིས་གཅན་གཟན་ཁལ་དུ་བཀལ་ལོ།། དེ་འདྲ་བའི་མཐུ་རྩལ་ལ་རྒྱལ་བློན་དེ་རྣམས་བྲེད་ཅིང་བསྔངས་སོ།། ཤཱཀྱའི་བྲ་བ་ཡང་ཞག་གསུམ་གྱི་ནང་དུ་ཤིའོ།། དེ་ནས་བོན་པོ་འགའ་ཞིག་གིས། བདུད་ཆད་ལམ་ནས་བཟློག བླ་ཚེ་མལ་དུ་བཀུག་པས་ཞག་གསུམ་གྱི་ནངས་པར་སོས་སོ།། ཡང་རྗེའི་ཞལ་ནས་ཁྱེད་བན་དེ་རྣམས་ཀྱིས་ཀྱང་བོན་གྱི་ཁ་འཛིན་རྣ་ནམ་མང་ཞིམ་ལ་དེ་ལྟར་དགོས་གསུངས། དེ་ནས་སྲོག་ནས་དྲངས་པའི་བསད་ལས་བྱས་ཀྱང་སྤེ་ནེ་གུས་ཚེ་གཏའ་བསྡོམས་པས་མང་ཞིམ་མ་ཤིའོ།། དེ་ལ་པདྨ་སམ་བྷ་བ་ན་རེ། ཁོ་ཚེ་སྔོན་ཁྱིའི་ལུས་བླངས་པས་མཐུའི་ལན་ཆགས་མི་འདུག་གསུངས། རྟགས་སུ་རྒྱབ་ཏུ་ཁྱིའི་རྔ་མའི་ཚད་ནས་རྐང་པས་མནན་པས་ལངས་མ་ཤེས་སོ།། དེ་ནས་རྒྱལ་པོ་ལ་སོགས་དྲང་མཁན་གྱིས་ནུས་ཚད་མངོན་དུ་སྟོན་ན་བོན་པོ་བདེན། ཚེ་སྔོན་བག་ཆགས་བཤད་ན་བན་དེ་བདེན་ཟེར་རོ།།
དེ་ནས་མཁན་པོ་བྷོ་དྷི་ས་ཏྭས་བོན་ལ་ཤག་བཏབས་པ། དགེ་སྡིག་རྒྱུ་འབྲས་གཞུང་བསྲང་ནས།། དམ་ཆོས་ཚད་མར་སྤྱོད་པ་ན།། ཁྱོད་ཅག་བོན་པོ་ལྟ་བུ་ཡི།། འཇིག་རྟེན་ངག་ནུས་མེད་ཀྱང་བཟོད།། ཅེས་ཟེར་རོ།། དེ་ལ་བླ་ཆེན་པོ་དྲན་པ་ནམ་མཁས་སྨྲས་པ། རྣམ་སྨིན་ཐ་སྙད་མི་དགོས་པར།། ན་བ་ཐམས་ཅད་གླུད་ཀྱིས་གསོ།། ཤི་བ་ཐམས་ཅད་འདུར་གྱིས་སྦྱོང༌།། དོན་གཉིས་མཐར་ཕྱིན་འཕྲུལ་ངག་བོན།། ཞེས་གསུངས་སོ།། ཡང་བྷོ་དྷི་ས་ཏྭས་སྨྲས་པ། བོན་པོ་མི་ན་ན་བར་དགའ།། ན་བའི་རྟིང་དུ་ཤི་བར་དགའ།། ཤི་བའི་རྟིང་དུ་འདུར་བར་དགའ།། ཡུལ་ས་བྲིད་ཅིང་བསྭོ་སྒྲ་འདོན།། ཟ་འདོད་བོན་པོ་གསོན་འདྲེ་དངོས།། ཟེར་རོ།། ཡང་བླ་ཆེན་པོས། ཀྱེ་མ་བན་དེ་མགོ་བྲེག་རྣམས།། འགྲོ་ལ་ཕན་གདགས་རྒྱུ་འབྲས་ལ།། ཁྱད་གསོད་མི་རུང་ཁྱོད་ལྟ་བུའི།། ཕ་ཚན་མགོ་ལ་མཚོན་གྲི་འདེབས།། མ་ཚན་གོས་ཀྱང་ཁ་དོག་བསྒྱུར།། དབྱུག་ཏོ་ཁ་ཊམ་ལག་ན་ཐོགས།། དབང་སྡུད་སྒྲུབ་ཅིང་བྲག་སྲིན་བསྟེན།། བོན་ལ་དཔེ་བླངས་སེམས་ཅན་བསླུ།། འབྲས་བུ་དམྱལ་བར་ཅིས་མི་བརྒྱུད།། ཟེར་རོ།། དེ་ནས་རྨ་ཨ་ཙ་རས་སྨྲས་པ།། ཨ་བོ་བོན་གྱི་ཤག་མཁན་རྣམས།། ཕ་ཚན་མགོ་བྲེག་རབ་ཏུ་བྱུང༌།། མ་ཚན་གོས་བསྒྱུར་ཆགས་མེད་དག། རང་སྣང་དབང་སྡུད་གསང་བ་སྔགས།། བོན་ལ་དཔེ་བླངས་མི་དགོས་པར།། ཕྱི་ནང་གསང་བའི་དམ་ཆོས་འཚོགས།། ཁྱོད་ཅག་བོན་པོ་རལ་པ་ཅན།། མགོ་ལ་གཡག་རུ་བྱ་རུ་ཅན།། ལུས་ལ་གཅན་གཟན་ཐུལ་པ་ཅན།། ཁ་ནས་བསྭོ་སྒྲ་ཆ་སྒྲ་འདོན།། ལག་ཏུ་ཤིང་རྔ་ཁོར་ཡུག་བརྡུང༌།། ཀུན་རྫོབ་ཤི་འདྲེ་གདོན་དུ་བཟུང༌།། འདུས་བྱས་རྟག་པ་ཆོས་ཅན་འཛིན།། སྤྱོད་པ་ཐ་ཆད་དེ་ལྟ་བུར།། བྱང་ཆུབ་སེམས་དཔའི་ལུང་དང་འགལ།། ཟེར་རོ།།
དེ་ལ་སྙ་ལི་ཤུ་སྟག་རིང་གིས་ལན་བཏབ་པ། ཡེ་ནས་སྲིད་པའི་གཡུང་དྲུང་བོན།། དབུ་ལ་བྱ་རུས་རྒྱན་པ་ནི།། བོན་དང་ཁྱུང་ལ་གཉའ་ནོན་མེད།། སྐུ་ལ་སྟག་གཟིག་དབྱི་ཐུལ་ནི།། འདོད་ཡོན་མ་སྤངས་ལོང་སྤྱོད་རྫོགས།། ཕྱག་ཆ་གསེར་རྔ་གཡུ་མདང་གཤང་ནི།། དོན་དང་ཀུན་རྫོབ་བརྡ་སྤྲོད་རྟགས།། ལྟ་སྒོམ་སྤྱོད་གསུམ་སེམས་སུ་བཀོད།། འགྲོ་དྲུག་མ་ལྟར་བསྒོམ་པ་ན།། བྱང་སེམས་ལུང་དང་ག་ལ་འགལ།། ཁྱོད་འདྲའི་བན་དེ་སྨྲ་བ་མཁས།། བདག་ཐོབ་གཞན་ཕམ་སྒྲོ་སྐུར་འདེབས།། བྱང་ཆུབ་སེམས་དང་ཁྱོད་ཅག་འགལ།། ཕྱི་འཇམ་ནང་བྲིད་གཡོ་སྒྱུར་བརྩོན།། འདུལ་བ་ཁྲིམས་དང་ཁྱོད་ཅག་འགལ།། ལྟ་སྒོམ་དྲོད་ཚད་ཁ་ལ་ཁྱེར།། གསང་བ་སྔགས་དང་ཁྱོད་ཅག་འགལ།། རང་སེམས་གཏིང་ནས་མ་རྟོགས་པར།། གཞན་གྱི་ལམ་འདྲེན་བྱེད་པ་ན།། ལོང་བས་ལོང་འཁྲིད་བྱེད་དང་མཚུངས།། ཞེས་སྨྲས་སོ།།
དེ་ནས་བན་དེ་རྣམས་ཀྱིས། སྟོན་པ་གཅིག་ལ་བསྟན་པ་གཉིས་མི་འབྱུང༌།། བོན་ལ་འཇུག་ན་ངེད་རང་རྣམས་རང་ཡུལ་དུ་འགྲོ།། ཟེར་རོ།། དེ་ལ་བླ་ཆེན་པོ་དྲན་པ་ནམ་མཁའ་སོགས་ལོ་པཎ་རྣམས་ཀྱིས་རྒྱུད་དང་ལུང་དང་ཏིང་ངེ་འཛིན་གསུམ་ཕྱོགས་སྔ་བཞག་པ་ནི། ཀྱེ་ཇོ་བོ་ཆོས་ལ་མཁས་པ་ཀུན།། རྒྱུད་ལ་ཕྱི་རྒྱུད་ནང་རྒྱུད་དང༌།། གསང་རྒྱུད་གསུམ་སྟེ་གང་ནས་བརྒྱུད།། ངོ་བོ་ཁྱད་པར་ཇི་ལྟར་དབྱེ།། ལུང་ལ་བཀའ་ལུང་རིག་པ་གསུམ།། བཀའ་ལ་དཔེ་ཡི་ཚད་མ་དགོས།། ལུང་ལ་མན་ངག་ཚད་མ་དགོས།། རིག་པར་མཚན་ཉིད་ཚད་མར་དགོས།། ཏིང་འཛིན་གཞི་ལམ་འབྲས་དང་གསུམ།། གཞི་ལ་འཁྲུལ་པས་བསྒྲིབས་མ་བསྒྲིབ།། ལམ་གྱི་འོད་གསལ་དག་མ་དག། འབྲས་བུའི་དུས་ཀྱི་ཏིང་འཛིན་ལ།། ཡེ་ཤེས་རྒྱུན་ཆད་གྱུར་མ་གྱུར།། རྩོད་ལེན་ཡོད་ན་ད་སྨྲོས་ཤིག། ཅེས་སྒྲོག་ཀྱང་རྒྱལ་པོའི་བློ་ཕུགས་ཆོས་ལ་དགའ་བས་ཞལ་ལྕེ་ཚུལ་བཞིན་དུ་མ་གཅོད་ནས་བོན་ལ་ཐེ་ཚོམ་ཆོས་ལ་ཡིད་ཆེས་པའི་ཚུལ་དུ་བསྡད་དོ།། བན་དེ་རྣམས་ཀྱིས་ལན་མ་ཐེབས་སོ།།
དེ་ནས་ཡང་རྫུ་འཕྲུལ་གྱི་རྩལ་འགྲན་ཏེ། སྟོང་རྒྱུང་མཐུ་ཆེན་གྱིས་རྔ་གྲམ་བུ་གཞུང་རྒྱལ་ལ་ཆིབས་ནས་མཁའ་ལ་གཤེགས་སོ།། སློབ་དཔོན་པདྨས་ཉི་མའི་གསལ་མདའ་ལ་ཆོས་གོས་བཀལ་ལོ།། དྲན་པ་ནམ་མཁས་ཉི་ཟླ་གཉིས་ཆ་ལང་བརྡབས་པས། བྷོ་དྷི་ས་ཏྭས་རྡོ་རྗེ་ནམ་མཁའ་ལ་འཛུགས་སོ།། ཤ་རི་དབུ་ཆེན་གྱིས་མཚོ་ནས་ཆུ་རྟ་ཆིབས་པས།། ནམ་མཁའི་སྙིང་པོས་ཕྲེང་བ་བར་སྣང་ལ་གཡུག་གོ། ལྕེ་ཚ་མཁར་བུས་ཆུ་བོ་གྱེན་དུ་བསྒྱུར་བས། དཔལ་གྱི་སེང་གེས་མཁའ་ལ་གཞའ་ཚན་ཁྲིད་དོ།། གྱིམ་ཚ་རྨ་ཆུང་གིས་གཅན་གཟན་ཁལ་དུ་བཀལ་པས། དཔལ་གྱི་བློ་གྲོས་ཀྱིས་རི་དྭགས་ཞོ་རུ་བཞོས་སོ།། སྐུ་གཤེན་གྱིམ་བུས་རྔ་གཤང་ལ་མེ་སྤར་བས། གཙུག་ཏོར་རིན་ཆེན་གྱིས་ཤ་རྐྱང་གཡུང་དུ་བཀོལ་ལོ།། ཁྱུང་པོ་སྟག་སྒྲ་དུང་གཙུག་གིས་གཅན་གཟན་སྒོ་ཁྱིར་བཀོད་པས། རྨ་ཨ་ཙ་ར་མཁའ་ལ་སྐྱིལ་དྲུང་དུ་འདུག་གོ། ལི་ཤུ་སྟག་རིང་སྐུ་ལུས་བྱ་རྒོད་དུ་སྤྲུལ་པས། སྐ་བ་དཔལ་བརྩེགས་ཀྱིས་དབུས་གཙང་གོམ་པས་གཅོད་དོ།། སྤེ་ནེ་གུས་ལྷ་གསས་མངོན་སུམ་དུ་སྤྱན་དྲངས་པས། བཻ་རོ་ཙ་ནས་རྐང་མགྱོགས་བྱ་དང་འགྲན་ནོ།། རྨ་བོན་ཐུགས་
|