༄༅། །བསྟན་འབྱུང་རིག་པའི་ཤན་འབྱེད་ནོར་བུ་ཀེ་ཏ་ཀའི་དོ་ཤལ་ཞེས་བྱ་བ་བཞུགས།

ཀས་རྨ་ཆུ་གོམ་པ་གཅིག་གིས་གཅོད་པས། གཉན་པ་དཔལ་འབྱིན་གྱིས་བུམ་པ་བར་སྣང་ལ་འཛུགས་སོ།། ཅོ་ཟ་བོན་མོས་རལ་གྲི་ལ་མདུད་པ་གསུམ་བརྒྱབ་པས། ལང་འབྲོ་དཀོན་མཆོག་འབྱུང་གནས་མེ་དཔུང་གི་དཀྱིལ་དུ་བསྡད་ཀྱང་མ་འཚིག་གོ། དུས་དེར་རྒྱལ་བློན་དྲང་མཁན་རྣམས་ཀྱིས་མཐུ་བོན་པོ་ཆེ། ཤག་འགྲན་པ་དང༌། རྩལ་འགྲན་པ་ལ་དོ་མཉམ་བྱུང་ཟེར་ནས་ངོ་མཚར་བརྗོད་དོ།། 
     དེ་ནས་རྒྱལ་པོའི་ཐུགས་ལ་གདོན་ཞུགས་ཤིང༌། རྒྱལ་གཤེན་བར་དུ་ཆོས་ཀྱི་དབྱེན་གྱིས་དཀྲུགས་ནས་བོན་གྱིས་སྒྲོན་མ་བསྣུབས་པས་མ་ལྡོག་ནས་གཤེན་པོ་རྣམས་ལ་སྨྲས་པ། བདག་ནི་ཆོས་ལ་བློ་མོས་པས།། བོན་རྣམས་གཏེར་དུ་སྦས་པར་འཚལ།། ཁྱེད་རྣམས་མཐའ་རུ་དེངས་ཤིག་ཟེར་ནས་ཁྲིམས་ཀྱིས་བཀྱོན་ནོ།།
    དེ་ནས་བོན་གཤེན་རྣམས་ཡུལ་སུམ་བྷ་གླང་གི་གྱིམ་ཤོད་དུ་འདུས་ནས་བཀའ་བགྲོས་པས་བོན་རྣམས་གཏེར་དུ་གཤེགས་པའི་དུས་ལ་གཟིགས་ནས་གཏེར་དུ་སྦས། དེ་ཡང་དྲན་པ་ནམ་མཁའ་དང་ཅོ་ཟ་བོན་མོས་བསམ་ཡས་དང་ལྷ་ས་ཡེར་པའི་རྗོང་ལ་སྦས། ལི་ཤུ་སྟག་རིང་གིས་མང་ཡུལ་བྲག་དང་བསམ་ཡས་ཅ་ཏིར་སྦས། བསམ་ཡས་དུར་ཁྲོད་གླིང་དུ་སྦས་པ་རྣམས་རྒྱལ་གྱི་ཐུགས་དམ་གྱི་གཏེར་ཡང་ཟེར། དེ་བཞིན་དུ་སྟོང་རྒྱུང་མཐུ་ཆེན་གྱིས་འབྲིག་མཚམས་མཐའ་དཀར་དུ་སྦས། ཤ་རི་དབུ་ཆེན་གྱིས་གཙང་འཕྲང་ནུ་མའི་བྲག་ལ་སྦས། གྱིམ་ཚ་རྨ་ཆུང་གི་རྐེ་བུ་ན་རོའི་གོང་དུ་སྦས། སད་ནེ་གའུས་རྟ་ནག་དུང་ཕོར་དུ་སྦས། དམུ་ཙ་གྱེར་མེད་ཀྱིས་རྒྱུང་སྲུབ་བྲག་ལ་སྦས། ཕྱིས་སུ་གྱེར་ཆེན་ཟླ་མེད་ཀྱིས་སྤ་གྲོ་ཕུག་གཅལ་དུ་སྦས། གཞན་ཡང་ལྷོ་བྲག་ཁམ་འཐིང་དང༌། ཟང་ཟང་ལྷ་བྲག་དང༌། གསང་བྲག་རྒྱ་བོ་དང༌། མདོ་སྨད་ཕ་ཝང་གཡག་རོ་སོགས། སྟོད་ཁྱུང་ལུང་དངུལ་མཁར་ནས་སྨད་ལ་མོ་དར་རྩེ་ཡན་ཆད་གཏེར་དང་གཏེར་ཕྲན་ཇི་སྙེད་པར་སྦས་ཏེ། བོན་འདི་མི་བདེན་རྫུན་ཡིན་ན།། གཏེར་རྣམས་འབྱུང་བས་འཇིག་པར་ཤོག། གཡུང་དྲུང་བོན་འདི་བདེན་པ་ན།། མ་འོངས་ལས་ཅན་བུ་ཡིས་རྙེད་པར་ཤོག། རྙེད་ནས་བསྟན་པ་དར་བར་ཤོག། ཅེས་གསུངས་ནས་སྨོན་ལམ་བཏབ་བོ།།
    སྐབས་དེར་ལི་ཤུ་སོགས་གྲུབ་པ་ཐོབ་པ་འགའ་ནི་མཁའ་སྤྱོད་རིག་པ་འཛིན་པའི་ས་ལ་གཤེགས་སོ།། རྐ་བ་ནམ་ཁྲི་དང༌། རྒྱལ་ཁྲི་བཙན་དཔལ་དང༌། མཐའ་བཞིའི་བོན་པོ་ཨུ་སངས་དང་གསུམ་གྱིས་འཕན་ཡུལ་གྱི་བོན་སྡེ་རྟ་དྲེལ་དྲུག་གི་ཁལ་དུ་བཀལ་ཏེ་ཡར་ལུང་འཕན་ཐང་ནས་ཏ་ཟིག་གི་ཡུལ་དུ་བྲོས་པས་གཏེར་དུ་མ་ཚུད་དོ།། དེར་ལ་སྒྲགས་ཀྱི་འཛི་བོན་དབང་གྲུབ་སོགས་མི་གསུམ་རྗེས་སུ་འབྲེང་བས་ལོ་སོ་ལྔ་ནས་ཕྱིར་འཁོར་ཏེ་ལ་སྟོད་དུ་འདུལ་བ་སྤེལ་བས། དེང་དུས་འདུལ་བ་སྟོད་ལུགས་ཞེས་པའི་ཁུངས་དེ་ཡིན་ནོ།། གཤེན་པོ་འགའ་ཞིག་གིས་བོན་སྒོ་བཞི་མཛོད་ལྔའི་བོན་འདི་གཏན་གྱིས་ནུབ་ན་འཕང་དགོངས་ནས། རྒྱ་བལ་རྣམས་སུ་བསྟན་པ་རིན་པོ་ཆེ་བཙུགས་པའི་ཆེད་དུ་དབེན་གནས་བྱི་བ་མཁར་དང་གཙང་སྟོད་བྱེ་མ་གཡུང་དྲུང་གི་གནས་སུ་ཆས་པས། དུས་དེར་སྒྲ་མི་སྙན་པ་དང༌། འོད་ནག་པོ་དང༌། བུ་ཡུག་དང༌། རླུང་དམར་འཚུབས་པ་སོགས་བསྟན་པ་མི་ཚུགས་པའི་རྟགས་བྱུང་བས། སླར་ཡང་ཧོར་གྱིམ་ཤང་གི་ཡུལ་དུ་ཕེབས་ནས་བསྟན་པ་བཙུགས་པར་མཛད་དོ།།
     དྲན་པ་ནམ་མཁའ་ལ་སོགས་ཀྱི་གྲུབ་མཐའ་ཕྱོགས་མེད་བཞེས་ནས། རྒྱལ་པོ་དང་བན་དེ་དགོངས་པ་དང་མཐུན་པར་ཆོས་ཀྱི་རྗེས་སུ་རབ་ཏུ་བྱུང་བའི་ཚུལ་མཛད། དེ་ཡང་རང་གི་གཤང་ནི་སྤྱི་བོར་བཀྲོལ་ནས་སྤང་བར་བྱའོ་གཡུང་དྲུང་གི་བོན་གསུངས་ནས་གཤང་བསྐུངས་སོ།། རྡོ་རྗེ་དང་དྲིལ་བུ་བླངས་ནས་སྨིན་མཚམས་སུ་བསྒྲགས་ཏེ་བླང་བར་བྱའོ་དམ་པའི་ཆོས་གསུངས་ནས་རང་གི་དབུ་སྐྲ་རང་གིས་བྲེགས། ལོ་སུམ་ཅུ་སོ་ལྔའི་བར་དུ་བན་གྲལ་དུ་བཞུགས་སོ།། བན་བཙུན་རྣམས་ཀྱི་གྲལ་གོང་དུ་བཞག་པ་དང༌། དམ་བཅའ་བ་དང་ཁྲིམས་བླང་བའི་ཡུལ་དུ་བཀུར་ཀྱང་ཟེར་རོ།། དེ་ནས་རྒྱལ་པོ་ཁྲི་སྲོང་ལྡེ་བཙན་གྱིས་བདེན་པའི་བོན་བསྣུབས་ནས་བོད་ཡུལ་མུན་པའི་སྨག་བཞིན་དུ་བྱས། བསམ་ཡས་སོགས་ཆོས་ཀྱི་གཙུག་ལག་མཁར་བརྩིགས་ཤིང༌། ས་འདུལ་གྱི་མཆོད་རྟེན་སུམ་ཅུ་རྩ་གཉིས་སོགས་བརྒྱབ་ཀྱང་བོད་ཀྱི་ལྷ་ཀླུ་གཞི་བདག་རྣམས་མ་མཉེས་ནས་ཉིན་མོར་བརྩིགས་པ་རྣམས་མཚན་མོར་ཞིག་ནས་བཞེངས་སུ་མ་སྟེར། དེ་ལ་ཅིས་ཕན་པད་འབྱུང་ལ་ཞུས་པས། ཇི་ཕྲོམ་དཀར་པོའི་དབུ་མནན་ན་ཡུན་དུ་ཕན་ཅིང༌། འཕྲལ་དུ་མཐུ་ཆེན་གདན་དྲངས་ན་ཕན་ཟེར་རོ།། དེ་ནས་སྤ་གཤེན་ཇི་ཕྲོམ་དཀར་པོ་དགུང་ལོ་སྟོང་དང་དགུ་བརྒྱར་བཞེས་ཤིང་རང་དབང་ཐོབ་པས། ཁོང་དྲག་པོས་མི་དྲོངས་ཞི་བའི་ཐབས་ཀྱིས་འབོད་ཟེར་ནས་མི་བརྒྱ་གདན་དྲངས་ལ་ཆས་ཏེ་འདི་ལྟར་ཞུས་སྐད། ཉིད་ནི་བསམ་ཡས་ལ་མ་ཕེབས་ན། ངེད་རྣམས་རྒྱལ་པོའི་ཁྲིམས་ཐུག་པས་ལ་འུར་བྱོན་པར་འོ་དོད་བོས། དེ་ལ་ཇི་ཕྲོམ་སྙིང་རྗེ་སྐྱེས་ནས་བསམ་ཡས་ལ་ཕེབས། རྒྱལ་པོ་གླེན་པས་དབུ་བླངས་ནས་གསེར་གྱི་གའུར་བཅུགས་ཏེ་མནན་པ་བྱས། སྤུར་ལ་ཙན་དན་གྱི་དབུ་སྦྱར་ནས་དྲེའུ་ལ་སྐྱོན་ཏེ་ཞང་ཞུང་གི་ཡུལ་དུ་བསྐུར། དེའི་དབང་གིས་བོད་རྒྱལ་བསོད་ནམས་བྲི་ཞིང་ཁམས་སིལ་བུར་གྱུར་སྐད་དོ།།
   དེ་ནས་རྒྱལ་ཁམས་ལ་ནད་ཡམས་ཆེན་པོ་བྱུང་སྟེ་རྒྱལ་པོའི་བསམ་པ་མ་འགྲུབ་པས་སྟོང་རྒྱུང་མཐུ་ཆེན་གནམ་མཚོ་དོ་རིང་དུ་བཞུགས་པ་གདན་དྲངས་པས། མཐུ་ཆེན་ཉི་མའི་གསལ་མདའ་ལ་ཆིབས་ནས་བོད་དུ་གཤེགས། རྒྱལ་པོས་གསེར་དང་གཡུའི་མཆོད་པ་ཕུལ་ནས་རྒྱལ་ཁམས་ཀྱི་ནད་ཡམས་ཆད་པ་དང༌། དགེ་བསྐོས་ལྷ་ཁང་འགྲུབ་པའི་གསོལ་བ་བཏབ་པས་མཐུ་ཆེན་གྱིས་སྲིད་པའི་བརྔན་བསང་ཕུལ་ནས་དམ་བསྒྲགས། ལྷ་ཀླུ་ཀུན་གྱིས་རྒྱལ་དང་ཆོས་ལ་གནོད་པ་མི་བྱེད་པའི་ཆད་བསྒོས་མཛད་དེ་སླར་ལ་གཤེགས་སོ།། བོད་དུ་ཆོས་ཀྱི་བསྟན་པ་ཚུགས་པ་ནི་གཤེན་པོ་དེའི་བཀའ་དྲིན་འདོད་དོ།།
   འདི་ཙམ་ན་ཞང་ཞུང་དུ་རྒྱལ་པོ་ལིག་མིན་རྐྱ་མངའ་ཐང་ཤིན་ཏུ་ཆེ་བས་བོད་དུ་བོན་བསྣུབས་པ་དང་གཤེན་ལ་བསྡོ་བ་མ་བཟོད་ནས། ཞང་ཞུང་སྟོང་སྡེ་བཅུ་གསུམ་གྱི་དམག་ལྷགས་པ་ནས་བོད་ཀྱི་བཞི་ཆ་ཙམ་ཞིག་བརླག་པར་བྱས།། དེ་ནས་བོད་ཀྱི་རྒྱལ་པོས་བློན་པོ་སྣ་ནམ་ལེགས་གྲུབ་ལ་གསེར་ཕྱེ་ཁལ་དྲུག་གནང་ནས་ཞང་ཞུང་གི་རྒྱལ་པོ་ཕབས་ཕྱིར་བཏང༌། བློན་པོས་ངན་གཡོ་སྣ་ཚོགས་ཀྱིས་ལིག་མིན་རྒྱལ་པོའི་འབངས་བྱས་ནས། ཁབ་གསུམ་མཆིས་པའི་ཆུང་བ་གུ་བཟའ་སྒྲོན་ལེགས་བསླུས་ནས་བློན་པོ་ངན་པ་དང་བུད་མེད་བློ་མེད་གཉིས་ཀྱིས་གྲོས་བཅོལ། བོད་དམག་རྦས་ནས་དང་ར་གསེར་ཕུག་ཏུ་བསྒུགས། རྒྱལ་པོ་སུམ་བྷ་གླང་གི་གྱིམ་ཤོད་དུ་དཔྱ་ཁྲལ་གྱི་དོན་དུ་ཕེབས་པ་དང་སྐུ་བཀྲོངས། རྒྱལ་སྲས་ཐོང་སྐྲག་བལ་ཡུལ་དུ་བྲོས། བོད་དམག་རྣམས་ཀྱིས་རྒྱལ་མཁར་བཤིག་ནས་ཞང་ཞུང་ཕལ་ཆེར་བོད་འོག་ཏུ་བཙུད་པའོ།།
    རྒྱལ་པོ་དེའི་མཆོད་གནས་སུ་གུ་རུབ་གདུང་ལས་གྱེར་སྤུངས་སྣང་ཝེརབཞེར་་ལོད་པོ་ཞེས་མཁས་པར་བློ་སྦྱངས། བཙུན་པ་ཁྲིམས་བསྲུངས། ཛྭ་དམར་མངོན་དུ་འཕེན་ནུས་པའི་མཐུ་རྩལ་ཆེར་སྐྱེས་ཙམ་ན། ཀུན་ཟང་ཐུགས་སྤྲུལ་
青ICP备08000069号
QQ:568095347
E-mail:liamrgbm@yahoo.com.cn

པར་དབང་རེབ་གོང་བོན་མང་དྲ་བར་དབང་བས་གཞན་གྱིས་མི་སྤྱོད་པར་མཁྱེན།
བོད་ཀྱི་ཆ་འཕྲིན་ལག་རྩལ་དྲ་བས་ལག་རྩལ་ཕྱོགས་ནས་རོགས་སྐྱོར་བྱས་པར་ཐུགས་རྗེ་ཆེ་ཞུ།