༄༅། །བསྟན་འབྱུང་རིག་པའི་ཤན་འབྱེད་ནོར་བུ་ཀེ་ཏ་ཀའི་དོ་ཤལ་ཞེས་བྱ་བ་བཞུགས།

ཏ་པི་ཧྲི་ཙས་གྱེར་སྤུངས་ཀྱི་དྲེགས་པ་བསྐྱུངས་ཕྱིར་གདམས་པ་ཚིག་གསུམ་བསྟན་ནས་རྟོགས་གྲོལ་དུས་མཉམ་དུ་གྱུར་པའི་གཤེན་པོ་དེ་བཞུགས་ཤིང༌། དེ་ལ་ངོམས་རིང་སྡེ་བས་ལོག་པར་ལྟ་བའི་སྒྲོ་སྐུར་བཏབ་ཙམ་ན། གསེར་ཛྭ་ལན་གཅིག་འཕངས་པས་ངོམས་ཀྱི་དགེ་འདུན་ལྔ་བརྒྱ་བརླག་པར་བྱས། དེ་འདྲ་བའི་ནུས་ཚད་དཔག་ཏུ་མེད་པར་མངའ་བའི་དཔོན་གསས་དེ་ལ་རྒྱལ་པོའི་ཁབ་ཆེ་བ་ཁྱུང་བཟའ་རིང་ནམ་མས་གསེར་ཕྱེ་བྲེ་བདུན་ལ་གདུང་བའི་མཆི་མ་བསྲེས་ཏེ་དམག་གི་ཤ་ལེན་ཛྭ་ཡིས་བསྙག་པར་ཞུས་པས།གྱེར་སྤུངས་ཀྱིས་གསེར་ཛྭ་རབ་འབྲིང་ཐ་གསུམ་མཆིས་པའི། རབ་སྤུ་ཛྭ་ཞེས་པས་ཁ་བ་ཅན་ཕུང༌། འབྲིང་ཁྱུང་ཛྭ་ཞེས་པས་ཡར་ལུང་སོག་ཀ་ཕུང༌། ཐ་མ་རྔུབ་ཛྭ་ཞེས་པས་རྒྱལ་པོ་ཁོ་རང་ཕུང་བས་གང་དགའ་གསུངས། ཁྱུང་བཟས་སྡིག་ལ་འཛེམས་ནས་ཐ་ཆུང་ཞུས། དེ་ནས་རྔུབ་ཀྱི་གསེར་ཛྭ་ཚོ་གསུམ་བཅད་དེ། གཅིག་ནམ་གྱི་སྲོད་ལ་འཕངས་པ་ཡར་ལུང་རིའི་ཤ་བ་ལྔ་ལ་ཕོག་ནས་གཉིས་ཤི་གསུམ་རེངས། གཅིག་དགུང་ལ་འཕངས་པས་སྤུན་པོ་རིའི་མཚོ་ལ་ཕོག་ནས་མཚོ་སྐེམ། ཀླུ་བྲོས། གཅིག་ཐོ་རངས་ལ་འཕངས་པས་རྒྱལ་གྱི་མཁར་ལ་བབ་སྟེ་སྐུ་མཁར་རྩེ་ནས་ཉིལ། རྒྱལ་ལ་གསེར་དུག་ཕོག་སྟེ་འཆི་ལ་ཁད། རྒྱལ་བློན་ཤིན་ཏུ་བྲེད་དེ་ཅི་བྱ་ཅིས་ཕན་གླེང༌། ཞང་ཞུང་མཁས་པའི་ཛྭ་དུག་ཡིན་པར་ཤེས་ནས་གྱེར་སྤུངས་གདན་དྲངས་དྲན། ཁོ་རང་དབང་ཐོབ་པས་དྲག་པོས་མི་ཁུག་ཐབས་ཀྱིས་འབོད་པར་དགོས་ཟེར་ནས་བོད་མི་མང་པོ་དང་ར་ཁྱུང་རྫོང་དུ་ཕྱིན། གྱེར་སྤུངས་ད་རོག་དུང་མཚོ་གླིང་དུ་བཞུགས་པས་བསྒྲོད་ཐབས་མ་མཆིས་ནས་བོད་པ་རྣམས་ཀྱིས་རྟ་བཤས་ཏེ་རྟ་ཀོས་གྲུ་བཟོས་ནས་དོ་གླིང་དུ་ཕྱིན། གྱེར་སྤུངས་མ་མཇལ་ཏེ་ཤེལ་གྱི་ཕྲེང་བའམ། ལན་རེ་ཤེལ་གྱི་རྣ་རུ་རེ་མཐོང་སྐད་དོ།། ཕྱག་དང་གསོལ་བ་བཏབ་པས་དངོས་སུ་མཇལ། དེ་ནས་བོད་དུ་གདན་དྲངས་ཏེ་རྒྱལ་བློན་རྣམས་ཀྱིས་བསུ་བ་དང་ཞེ་ས་བྱས། གསང་ཐིས་ཀྱི་ཆོ་ག་མཛད་ནས་རྒྱལ་པོའི་གསེར་དུག་གསོས། སྔོན་ཞང་ཞུང་གི་རྒྱལ་པོ་བཀྲོངས་པའི་སྟོང་ལ་རིན་ཆེན་བཅུ་གསུམ་གཞལ། ཞང་ཞུང་གི་བོན་རྣམས་མི་བསྣུབ་རང་ཁར་སྤྱོད་རྒྱུའི་ཕྲིན་བཞག་ནས་གྱེར་སྤུངས་རྫུ་འཕྲུལ་རྩལ་གྱིས་བླར་ལ་གཤེགས་སོ།། ཞང་ཞུང་གི་བོན་མ་ནུབ་ཟེར་བའི་གཏན་ཚིགས་དེ་ཡིན། དེ་ལྟར་བོད་དུ་ལྷ་མཆོད་པ་དང་འདྲེ་བཀར་བའི་གྱེར་སྒོ་མེད་ཐབས་མེད་པ་འགའ་ཞིག་མ་གཏོགས་བསྟན་པ་རིན་པོ་ཆེ་ལན་གཅིག་ནུབ་བོ།། སྲས་དང་བཙུན་མོ་ལ་ནང་དམེ་བྱུང་ངོ༌། རྒྱལ་པོ་ཡང་ལོ་ལྔ་བཅུ་ང་ལྔ་ལས་འདས་སོ།།
    གཉིས་པ་ཆོས་བསྟན་ནུབ་ཚུལ་ནི། ཁྲི་སྲོང་ལྡེ་བཙན་གྱི་སྲས་མུ་ཐུག་བཙན་པོ། དེ་ལ་སྲས་གསུམ་ཡོད་པའི་ཆེ་བ་གཙང་མ། འབྲིང་པོ་གླང་དར་མ། གཅུང་པོ་ཁྲི་རལ་པ་ཅན་ནོ།། གཅུང་མེ་པོས་རྒྱལ་སྲིད་འཛིན་པས་ཚེ་སྟོད་ལ་མངའ་ཐང་ཆེ་བར་བྱུང་ཡང་ཉི་འོད་བཀག་པའི་རི་རྩེ་བཤིག་ཟེར་བ་མ་ནུས་ནས། འབངས་ཁེངས་ལོག་བྱས་ཏེ་བཀྲོངས། དར་མས་རྒྱལ་སྲིད་འཛིན། དགུང་ལོ་སོ་དགུར་ལོན་པ་དང་བན་བཙུན་རྣམས་ཀྱིས་སྙན་ཕྲ་སྤྱོས་ནས་མེ་ཏྲི་ཤེས་རབ་གྲགས་ཀྱི་སྐུ་བསྣུབས་ན་རྒྱལ་སྲིད་འཕེལ་བ་འོང་ཞུས་པས། རྒྱལ་པོ་རང་རྒྱུད་གདུག་ཅིང་སེམས་གཤིས་ཤིན་ཏུ་གཏུམ་པར་ཡོད་པས་དམག་མི་བརྒྱ་བཏང༌། མེ་ཏྲི་རྒྱལ་པོའི་མདུན་དུ་བྱོན་ཏེ་མཚོན་ཆ་བསྣུན་ཀྱང་མ་ཆོད་པས། ང་ལ་ཆུ་ཡི་སྲོག་ཆགས་ཕྲའུ་ཞིག་གི་ལན་ཆགས་མ་གཏོགས་མེད་པས་མཚོན་གྱིས་མི་འཆི། ཆུ་བལ་རྐེ་ལ་བཞག་ན་འཆི་གསུངས་སོ།། དེ་ནས་ཆུ་བལ་གྱིས་བཅིངས་ནས་བཀྲོངས་ཏེ། དབུ་དང་ཕྱག་ཞབས་ཀྱི་བོལ་བཞི་བཅད་ནས་རྒྱལ་པོའི་མདུན་དུ་བཞག་པས། དབུས་གླུར་བླངས། ཕྱག་གཉིས་ཀྱིས་གར་བསྒྱུར། ཞབས་གཉིས་ཀྱིས་བྲོ་འཁྲབ་པས་རྒྱལ་པོས་འགྱོད་སེམས་དྲག་པོར་སྐྱེས་ཏེ་བན་དེའི་དབྱེན་གྱིས་ལན་དགོངས་ནས་བོད་ཁམས་དམག་བསྡུས་ཏེ་བན་བཙུན་རྣམས་དམྱལ་ཐག་བཅད། ལྷ་ཁང་རྣམས་རྩེ་ནས་བཤིག ཆོས་རྣམས་སྤྱོད་དབང་མེད་པར་བཀག་པས། སྒོམ་སྒྲུབ་ལ་གཅེས་སྤྲས་ཆེ་བའི་བཙུན་པ་འགའ་ཞིག་གིས་ཆོས་ཚན་སྣ་ཚོགས་ཁྱེར་ནས་ལྷོ་མོན་དང་མདོ་སྨད་རྣམས་སུ་བྲོས་སོ།། ཅུང་ཟད་མཐར་མ་ཕྱིན་པའི་དུས་དེར། ལྷ་ལུང་དཔལ་གྱིས་རྡོ་རྗེས་ལྐོག་མདས་བཀྲོངས། ཁོང་ཉིད་མདོ་སྨད་དུ་བྲོས། དེ་ནས་དབུས་གཙང་གཉིས་སུ་རྒྱལ་སྲིད་ཆོས་སྲིད་གཉིས་ཀ་ཁྲབ་ཀྱི་རྒྱུན་ཐག་ཆད་པ་བཞིན་སིལ་བུར་དུ་སོང་འདུག སྔར་ཨོ་རྒྱན་མཚོ་སྐྱེས་རྡོ་རྗེ་གཙོ་འཁོར་གྱིས་ལྷོ་བྱང་མདོ་གསུམ་ན་གཏེར་ཆེན་བརྒྱ་དང་གཏེར་ཕྲན་ཇི་སྙེད་སྦས་པ་རྣམས་དུས་འདི་ལ་དགོངས་པ་ཡིན་ནོ།། དར་མ་ལ་སྲས་ཡུམ་བརྟན་དང༌། འོད་སྲུང་གཉིས་ཡོད་ཀྱང་ནང་འཁྲུགས་ནས་ཡུམ་བརྟན་བསད། འོད་སྲུང་གི་སྲས་དཔལ་འཁོར་བཙན། དེའི་སྲས་སྐྱིད་སྡེ་ཉི་མ་མགོན་ནོ།། དེའི་སྲས་བཀྲ་ཤིས་མགོན། དེའི་སྲས་ལྷ་བླ་མ་བྱང་ཆུབ་འོད་ཡིན་ཏེ་འདི་ནས་བོད་ཀྱི་རྒྱལ་རྒྱུད་ཞེ་ལྔ་ནས་ཆད་པའོ།། 
    གསུམ་པ་ནུབ་པ་བརྡོལ་ཚུལ་ལ་གཉིས། རང་ལུགས་དང༌། གཞན་ལུགས་སོ།། དང་པོ་ལ་གཉིས། འདུལ་བ་བརྡོལ་ཚུལ་དང༌། ཟབ་གཏེར་བརྡོལ་ཚུལ་ལོ།།
    དང་པོ་ནི། རྒྱལ་སྲས་མུ་དུག་བཙད་པོའི་དུས་ཙམ་ན། མདོ་སྨད་དུ་མུ་ཟི་གསལ་བཟང་འགོག་པར་བཞུགས་པ་ལ། སོག་པོ་སྤྲེལ་སླག་ཅན་གྱིས་བསམ་གཏན་གྱི་སྙོམས་འཇུག་སློང་བས་དགོངས་པ་གྲོལ། ཚུལ་ཁྲིམས་ཕོག་སྟེ་ཚུལ་མིང་སོག་སྟོན་ཁྲི་འབར་ཚུལ་ཁྲིམས་འདོགས་སོ།། མུ་ཟི་སྐུ་འཇའ་འོད་ལ་བསྟེན་ནས་བདེ་བར་གཤེགས། སོག་སྟོན་གྱིས་འདུལ་སློབ་རྒྱལ་བ་གཙུག་ཕུད། དེ་ནས་གཙུག་ཕུད་ཚུལ་ཁྲིམས། དེ་ནས་བླ་ཆེན་མུ་ཐུར་དགོངས་པ་རབ་གསལ་ཏེ། སྐྱེས་བུ་འདི་ནི་རྩོད་བྲལ་གྱི་སློབ་དཔོན་ཡིན་ཏེ། སྔ་དྲོ་བོན་གྱི་འདུལ་བ་བོན་པོར་བཤད། ཉིན་གུང་སྔགས་ཀྱི་རྒྱུད་སྡེ་སྔགས་པར་བཤད། ཕྱི་དྲོ་ཆོས་ཀྱི་འདུལ་བ་བན་དེར་བཤད་ཅེས་ཟེར་རོ།། བླ་ཆེན་མུ་ཐུར་ནས་གཉོས་བཙུན་རིན་རྒྱལ། ཀུན་དགའ་ཚུལ་ཁྲིམས། རིན་ཆེན་གཙུག་ཕུད། པྲ་ཕུད་ཚུལ་ཁྲིམས་ནས། བཀའ་རྒྱུད་གཉིས་སྤེལ་གཉོས་ལག་དྲུག་གམ་ཚུལ་ཁྲིམས་ཡེ་ཤེས་ལ་བརྒྱུད་པ་ནི་སྨད་ལུགས་ཀྱི་བརྒྱུད་ཚུལ་ལོ།།
   སྟོད་ལུགས་ནི་སྔོན་ཡར་ལུང་འཕན་ཐང་ནས་བྲོས་པའི་གཤེན་པོ་རྣམས་ཀྱི་རྗེས་སུ་ཕྱིན་པའི་འཛི་བོན་དབང་གྲུབ་སོགས་ཕྱིར་འཁོར་ཏེ་ལ་སྟོད་དུ་འདུལ་བའི་གནས་སྡེ་སུམ་ཐར་དུ་གྱེས་པའི་ཁོངས་ནས། མཁོན་གཡུང་དང༌། སྡེ་བོན་འཕན་བཟང་དང༌། གཉོས་ཀྱི་དབང་རྒྱལ་དང༌། ཐོ་གར་ཡེ་ཁྲི་དང༌། མགར་གྱི་ཡེ་ཤེས་དང༌། མཚོ་བོན་གསེར་ཁྲི་དང༌། གསས་གུང་ཁྲི་དང༌། ལྷ་བཟང་ཁུ་བྱུག་སོགས་ནས། སྟོད་ཀྱི་དགེ་བ་དགེ་འཕན་དགེ་བཟང་གསུམ་ལ་བརྒྱུད། དེ་ནས་གཉོས་ལག་དྲུག་གིས་བྱང་གི་རྨ་བྱ་གདོང་དུ་བོན་གཤེན་འཚོགས་པའི་སར་སྟོད་ཀྱི་དགེ་གསུམ་དག་ལས་ཁྲིམས་བླངས་པས། ལག་དྲུག་མན་ཆད་འདུལ་བ་སྟོད་སྨད་གཉིས་པོ་རྐང་གཅིག་ཏུ་སོང་ངོ༌།། གཉོས་ཀྱི་སློབ་མ་རྗེ་བཙུན་ཁྲོ་ཚང་དང༌། ཤེལ་བཙུན་གཡུང་དྲུང་པྲ་ཕུད་གཉིས་སོ།། 
青ICP备08000069号
QQ:568095347
E-mail:liamrgbm@yahoo.com.cn

པར་དབང་རེབ་གོང་བོན་མང་དྲ་བར་དབང་བས་གཞན་གྱིས་མི་སྤྱོད་པར་མཁྱེན།
བོད་ཀྱི་ཆ་འཕྲིན་ལག་རྩལ་དྲ་བས་ལག་རྩལ་ཕྱོགས་ནས་རོགས་སྐྱོར་བྱས་པར་ཐུགས་རྗེ་ཆེ་ཞུ།