༄༅། །བསྟན་འབྱུང་རིག་པའི་ཤན་འབྱེད་ནོར་བུ་ཀེ་ཏ་ཀའི་དོ་ཤལ་ཞེས་བྱ་བ་བཞུགས།

ཁྲོ་ཚང་གིས་བྲུ་ཤ་ཁྱུང་གི་རྒྱལ་མཚན་ལ་ཕོག དེས་བྲུ་སྟོན་ཉི་མ་རྒྱལ་མཚན་ལ་ཕོག དེ་ནས་ཆད་པའོ།། ཤེལ་བཙུན་གྱིས་གུར་བཙུན་གཡུང་དྲུང་རྒྱལ་ཚན་ལ་ཕོག དེས་དབུས་ཀྱི་མཚོ་བཙུན་ནམ་མཁའ་རྒྱལ་ཚན་དང༌། གཡུང་བཙུན་ཇོ་གདུང་གཉིས་ལ་བརྒྱུད། མཚོ་གཡུང་མཁན་སློབ་རྣམ་གཉིས་ཀྱིས་རྨེའུ་དམ་པ་དགོངས་མཛོད་ལ་བརྒྱུད། དེས་མེ་སྟོན་ཤེར་འོད་ལ་བརྒྱུད། མེ་སྟོན་གྱིས་སྟོད་སྨད་ཀྱི་འདུལ་བ་ཀུན་གཅིག་ཏུ་བསྡུས་ནས། མདོར་བསྡུས་དང༌། ཀུན་བཏུས་སོགས་བསླབ་བྱ་དུ་མ་དང་བཅས་ཏེ་གཤེན་སྟོན་ནམ་མཁའ་ལ་བརྒྱུད། དེ་ལས་བྲུ་དང་གཤེན་གཉིས་ལ་འདུལ་བ་བརྒྱུད་དེ། བྲུ་རྒྱུད་ནི་གཡོར་པོ་མེ་དཔལ་གྱིས་སྤེལ་ནས་གཡས་རུ་དབེན་ས་ཁར་དར་བའོ།། ཕྱིས་སུ་ཀུན་མཁྱེན་ཤེས་རབ་རྒྱལ་མཚན་གྱིས་འདུལ་བ་གསལ་བྱེད་མཛད་དེ་བསྟན་པ་ཉི་ཟེར་བཞིན་དུ་རྒྱས་པ་འདི་ཀའོ།། འོན་ཀྱང་བྲུ་ཞུ་གཤེན་གསུམ་ལ་འདུལ་བ་ཕྱི་དར་གྱི་བརྒྱུད་ཚུལ་ཐ་དད་དེ་ཡོད་སྲིད་ཀྱང༌། བྲུ་ཤའི་འདུལ་རྒྱུད་འདི་ཉིད་མཚན་ཉིད་ཚང་བར་འདུག་པས་ཁོ་བོས་ཚད་མར་བཟུང་ངོ༌།།
     གཉིས་པ་ཟབ་གཏེར་བརྡོལ་ཚུལ་ནི། གཏེར་གྱི་སྔ་བ་དབུས་གཏེར་ཡིན་ཏེ། དེ་ཡང་བོད་རྒྱལ་དཔལ་འཁོར་བཙན་གྱི་དུས་ཙམ་ན། བསམ་ཡས་ཀ་མའི་དྲང་ནས་བྱིས་པ་འགའ་ཞིག་གིས་མེ་རྟགས་འཚག་པར་མཐོང་བས། དེ་རྗེས་འདར་བན་གྱིས་ཕྱག་རྒྱ་ཕུར་པ་ལྔ་སོགས་སྟག་སྒྲོར་བཅུག་པའི་བོན་འགའ་ཞིག་རྙེད་ཀྱང༌། དྷརྨ་ཤཱཀྱས་བཀའ་བཀྱོན་མཛད་ནས་ཤོར། འབུལ་ནོད་བྱས་པས་སླར་ཡང་གནང་བར་གྲགས། མཐའ་བཞིའི་འབྲུག་གསས་སོགས་ལ་རིམ་གྱིས་བརྒྱུད་ཟེར། གཙང་བན་འབྲིང་རིང་དང༌། རྐྱང་པོ། སུམ་པ་གསུམ་གྱིས་ཡེར་པའི་རྫོང་ནས་དྲངས་པའི་གཏེར་ཁམས་ཆེན་མཚན་བཟང་ཅན་དང༌། ཁམས་ཆུང་པོད་བཞི་མ། རྣམ་དག་རྒྱས་པ། གབ་པ་ཞང་སྐད་མ། ལོ་པཎ་དབུ་ལྔའི་མཆོད་རྟེན་གྱི་རྒྱུད། ཁྲོ་བོ་སྡོང་པོ་དགུ་འདུས་སོགས་ནི་མཚོ་གཡུང་མཁན་སློབ་རྣམ་གཉིས་ལ་བརྒྱུད་དོ།། སྔོན་སྣང་བཞེར་ལོད་པོས་ངོམ་གྱི་འདུས་སྡེ་ཛྭ་ཡིས་བརླག་དུས་དྲང་རྗེ་བཙུན་པ་གཅིག་པུར་ལུས་ནས་དབུས་སུ་འཁྱམས་པས་མདོ་སྡེ་བཞི་དང་སྔགས་སྡེ་དགུ་ལ་སོགས་བསམ་ཡས་དུར་ཁྲོད་གླིང་གི་གཏེར་རྣམས་ཐོན་ཟེར་རོ།། གཞན་ཡང་ཨ་ཙ་ར་མི་གསུམ་གྱིས་མངོན་པར་རོལ་པའི་རྒྱུད་དང༌། རྫོགས་ཆེན་ཡེ་ཁྲི། མདོ་སྡེ་ཉི་ཤུ་པ། རིག་པ་རྩེ་འབུམ་སོགས་དབུས་གཏེར་མང་བ་ཐོན་ཀྱང་འགའ་ཞིག་ནུབ་པར་མངོན་ནོ།། དེ་ཙམ་ན་དྲན་པའི་སྤྲུལ་པ་གྱེར་སྟོན་ཁྲོ་བོས་དབུས་གཏེར་ལ་སྤྱོད་པས་ཐོག་དམར་དངོས་སུ་འཕེན། སེར་བ་མཛུབ་མོས་འཁྲིད། ནུས་རྩལ་གྱི་གྲགས་པ་ཆེན་པོར་ཐོབ་སྟེ། དེའི་ཞབས་སུ་བཀའ་བརྒྱུད་མི་ལ་རས་པ་གཏུགས་ནས་ཐོགས་སེར་མཛུབ་ཁྲིད་ཀྱི་མན་སྔགས་བསླབ་པས་དབུས་གཏེར་ཆ་གཅིག་ཉམས་སྐད་དོ།། དེ་ནས་ལུང་བོན་ལྷ་གཉན་ཞེས་བྱ་བས་ལོ་གསུམ་ཟས་སྤངས། ལོ་གསུམ་གཉིད་སྤངས་པ་སོགས་དཀའ་བ་དུ་མས་ཚེ་དབང་རིག་འཛིན་དངོས་སུ་མཇལ་ནས་གཏེར་གྱི་དངོས་གྲུབ་ཐོབ་པ་སོགས་དབུས་གཏེར་ལགས་སོ།། དེ་ཡང་གཏེར་ཀུན་གྱི་སྔ་བ་རྗེ་བཙུན་ཁྲོ་ཚང་འབྲུག་ལྷ་ཡིན་ཏེ། ཁོང་གཤེན་ཚད་མེད་འོད་ལྡན་གྱི་སྤྲུལ་པ་ཡིན། ནམ་པ་ལྡོང་གི་རིགས་ལས་མཆེད་པའི་ཡབ་ཁྲོ་ཚང་གསས་མཁར་གཉན་དང༌། ཡུམ་དར་བཟའ་སྒྲོན་མ་གཉིས་སུ་འཁྲུངས། དེ་ཡང་ཡར་འབྲོག་སྟག་ལུང་དུ་དུས་ཁྱད་པར་འཕགས་པ་མེ་ཕོ་འབྲུག་གི་ལོར། སྟག་ཟླའི་བཅོ་ལྔའི་སྔ་དྲོ་ལ་བར་སྣང་དུ་འཕྱོ་བའི་འབྲུག་ཞིག་གིས་གསུང་སྙན་པ་ཐང་གསུམ་བསྒྲགས་ནས་འཁྲུངས། དེ་ལ་ཞང་ཞུང་གཤེན་པོ་ཐོག་གསས་དབང་གིས་རྟེན་འབྲེལ་བརྟགས་ནས་མཚན་སྤྲུལ་སྐུ་འབྲུག་ལྷར་གསོལ། ཡ་མཚན་ཅན་གྱི་སྤྲུལ་སྐུ་དེས། བྱང་སེམས་གབ་པའི་ཚིག་དོན་མ་བསླབ་པར་མཁྱེན། དགུང་ལོ་བཅུ་ཙམ་ནས་ར་ལྗགས་བླ་ཆེན་གྱི་དྲུང་དུ་སེམས་ཕྱོགས་ཀྱི་བོན་རྣམས་གསན། དབུས་ཀྱི་མཁན་པོ་གཉོས་ལག་དྲུག་གི་དྲུང་དུ་བཅུ་གསུམ་ནས་ཁྱིམ་སྤངས་རབ་ཏུ་བྱུང༌། དེ་ནས་བྱང་སྟག་ལུང་དུ་དགོངས་པ་ལ་བཞུགས་པའི་ཚེ། ཕྱྭ་སྲས་ཀེང་ཙེ་ལེན་མེད་བྱིས་པའི་ཚུལ་དུ་མཇལ་ནས་རྫུ་འཕྲུལ་གྱི་རྐང་པ་བྱིན་པས་ཐོགས་མེད་ཀྱིས་རྫུ་འཕྲུལ་ཐོབ། གཏེར་གྱི་ལུང་བསྟན་གནང་བ་ནི། མ་ཐང་ཤེལ་གྱི་གསང་ཕུག་ཏུ།། ཐ་རམ་ལྕགས་ཀྱི་སྒམ་བུ་ནང༌།། གཡུང་དྲུང་བོན་གྱི་གཏེར་མཛོད་ཡོད།། ཁྱོད་ལས་ཅན་ཡིན་པས་དངོས་གྲུབ་ལོངས།། ཞེས་གསུངས་པས་ཟར་གྱི་སྟག་སྣ་ཤེལ་རྡོ་སྦྲེལ་བའི་ལམ་དུ་བཞུད་པས་བོན་གྱི་ཟབ་གཏེར་ཐོན། དེ་ཡང་བསྟན་པ་སྐུའི་དཔེའུ་ཙེ་སོགས་དཔེའུ་ཙེ་རྣམ་པ་གསུམ། ཞི་བ་ལྷ་ཁུག་ལ་སོགས་ཁུག་སྨད་བཅོ་བརྒྱད། གཤེན་ལྷ་མཚན་བཅས་མཚན་མེད། དབང་གི་ཁྱུང་མོ་དམར་མོ། དབལ་མོ་ལས་ཀྱི་ཐིག་ལེ་སྲོག་གི་སེག་གདར་ཆེ་ཆུང༌། གཉན་གྱི་སྙིང་བཅོས་དཀར་ནག གཉན་རྗེ་གོང་སྔོན་གྱི་ཕྱི་སྒྲུབ། ཨ་མ་དྲེད་དེའི་ནང་སྒྲུབ་ལ་སོགས་ཟབ་གཏེར་བསམ་གྱིས་མི་ཁྱབ་པ་ཞལ་ཕྱེས་ཀྱང༌། སྒྲོན་མ་རྣམ་གསུམ་དང་ངན་སྔགས་ཀྱི་སྐོར་རྣམས་དུས་ལ་མ་བབ་པས་སླར་ཡང་འབྲོང་གི་ར་ཅོར་བཅུག་ནས་གཏེར་དུ་སྦས་གསུངས།
དེའི་རྗེས་སུ་འཕགས་ཡུལ་ནས་དམ་པ་རྒྱ་གར་ཟེར་བའི་གྲུབ་ཐོབ་དེ་བོད་དུ་ལན་གསུམ་ཕེབས་པའི་སྔ་རེས་ལ་མངའ་རིས་ཕྱོགས་སུ་བྱོན། རྗེ་འབྲུག་སྟག་ལུང་ལ་བཞུགས་དུས་ནུབ་ཕྱོགས་ནས་འཇའ་འོད་དཀར་པོ་ཞིག་བྱུང་བ་ལ་ཐུགས་འཕྲིག་སྐྱེས་ཏེ་ལ་སྟོད་ནས་ཡར་ཕེབས་པས་དམ་པ་དེར་བཞུགས། མཐའ་ཡི་ཨ་ཙ་ར་འདི་ལ་ལྟ་དགོངས་ནས་མཇལ་འཕྲད་བྱས་ཏེ་ཁྱེད་ཀྱི་ཅི་ཤེས་བྲིས། ངས་སྡུག་བསྔལ་ཞི་བྱེད་ཤེས་ཟེར། དམ་པ་ན་རེ་ཁྱོད་ཀྱིས་ཅི་ཤེས་དྲིས་པས། ངས་ཉུང་ངུ་མང་པོར་སྤྲོ་ཤེས། དུ་མ་གཅིག་ཏུ་དྲིལ་ཤེས་གསུངས། འོ་ན་དུ་མའི་མངོན་ཤེས་ཞིག་ཐོན་ཅིག་གསུངས་པས། བལ་བོད་གཉིས་ཀྱི་ས་མཚམས་བྲག་སེང་གེ་གནམ་ལ་མཆོངས་འདྲའི་རྩེ་མོར་བྱོན་ནས། རྔ་གཡུ་འབྲུག་འཁྱིལ་པ་ལ་བཅིབས་ཏེ་ནམ་མཁའ་ལ་འུར་སྒྲ་དང་བཅས་ཡར་འཕུར། ས་གཞི་ལ་བྱིའུ་བབ་པ་བཞིན་མར་བབ། དམ་པས་ངོ་མཚར་ཆེ་གསུངས་ནས་ཁྲུ་བདུན་གྱི་མཁའ་ལ་སྐྱིལ་ཀྲུང་བཅས་ཏེ་གྲོ་ཡུན་གཅིག་ཏུ་བཞུགས་སོ།། དེ་ནས་ཁོང་རྣམ་གཉིས་ཐུགས་ཡིད་གཅིག་ཏུ་འདྲེས་ནས་ཞི་བྱེད་ཀྱི་གདམས་པ་བསྡུར་ཏེ་ཡར་འབྲོག་སྟག་ལུང་དུ་ཕྱིར་བྱོན། ཉིན་གཅིག་ཚོགས་འཁོར་ཞིག་མཛད་དེ་ཚོགས་ལས་རྣམས་ཚར་ཙམ་ན། དམ་པས་ཚོགས་ཀྱི་ཡོ་བྱད་རྣམས་ཁྱེར་ནས་ནམ་མཁའ་ལ་བྱ་བཞིན་དུ་འཕུར་ནས་བྲོས། འབྲུག་ལྷས་རྔ་ལ་ཆིབས་ནས་བར་སྣང་ལ་དཻད་དེ་དམ་པ་བཙིར་གྱིས་བཟུང༌། དེ་ནས་ཞལ་འཛུམ་མུ་ལུ་ལུ་གདན་ལ་བཞུགས་ཏེ་དངོས་གྲུབ་བླངས། ཡང་རེས་ཤིག་ཏུ་དམ་པ་ལ་ཨོ་རྒྱན་གྱི་མཁའ་འགྲོ་གཡུ་ལོ་མ་བྱ་བས་ཕྱག་རྒྱ་མ་མཛད་ཅིང་ཡོད་ཙམ་ན། ཅུང་ཟད་མ་མཉེས་ནས་སེང་ཕྲུག་ཅིག་ཏུ་སྤྲུལ་ཏེ་ཨོ་རྒྱན་དུ་བྲོས། འབྲུག་ལྷས་མཁྱེན་ཏེ་དམ་པ་ལགས་ལྟ་སྒོམ་སྤྱོད་གསུམ་ཅི་གདའ་གསུངས་པས། ལྟ་སྒོམ་སྤྱོད་གསུམ་གཡུ་ལོ་མའི་རྗེས་སུ་སོང་གསུངས། འོ་ན་མ་མཉེས་སམ་ཞུས་པས། ཐབས་ཤེས་བྲལ་
青ICP备08000069号
QQ:568095347
E-mail:liamrgbm@yahoo.com.cn

པར་དབང་རེབ་གོང་བོན་མང་དྲ་བར་དབང་བས་གཞན་གྱིས་མི་སྤྱོད་པར་མཁྱེན།
བོད་ཀྱི་ཆ་འཕྲིན་ལག་རྩལ་དྲ་བས་ལག་རྩལ་ཕྱོགས་ནས་རོགས་སྐྱོར་བྱས་པར་ཐུགས་རྗེ་ཆེ་ཞུ།