༄༅། །བསྟན་འབྱུང་རིག་པའི་ཤན་འབྱེད་ནོར་བུ་ཀེ་ཏ་ཀའི་དོ་ཤལ་ཞེས་བྱ་བ་བཞུགས།
|
བས་མ་མཉེས་གསུངས། དེ་ནས་རྗེ་འབྲུག་བྱ་ཁྱུང་ཞིག་ཏུ་སྤྲུལ་ནས་གནམ་འཕང་རླབས་ཀྱིས་གཅོད་པས། གཡུ་ལོ་མ་ཨོ་རྒྱན་དུ་ཅུང་མ་སླེབ་པའི་བར་དེར་ཁྱུང་གིས་སྡེར་མོས་སེང་གེའི་གཡུ་རལ་ནས་བཟུང་སྟེ་ཕྱིར་ཁྲིད་ནས་དམ་པའི་ལྟ་སྒོམ་སྤྱོད་གསུམ་དང་གཡུ་ལོ་མ་འདི་རེད་དོ་གསུངས་པས་དམ་པ་མཉེས་སོ།། དེ་འདྲ་བའི་རྫུ་འཕྲུལ་གྱི་རྩེད་མོ་དང་དགོངས་པ་བསྡུར་བའི་ལོ་རྒྱུས་མང་དུ་སྣང་ངོ༌།། ཡང་རྗེ་བཙུན་འབྲུག་ལྷས་ཞལ་གདམས་མང་དུ་གསུངས་ཀྱང་ཀུན་གྱི་སྙིང་པོར་བསྡུས་པ་མཛེ་མོ་ཞིག་གི་དོན་དུ་རབ་བྱུང་བ་འགའ་ལ་གསུངས་པ། བྱིན་རླབས་རང་གི་སེམས་ལ་ཞུས།། སྦྱིན་པ་དབུལ་ཕོངས་རྣམས་ལ་ཐོངས།། བཟོད་པ་ཁྲོ་གཏུམ་ཅན་ལ་སྒོམས།། སྙིང་རྗེ་མ་ནུས་པ་ལ་བསྐྱེད།། ལུས་ངག་ཡིད་གསུམ་དགེ་བ་རྣམས།། རང་བས་གཞན་གྱི་དོན་དུ་སྤྱོད།། ཅེས་པ་ནི་སྤྲུལ་སྐུ་འབྲུག་ལྷའི་ཞལ་བཏོན་ཞེས་དགེ་སྦྱོང་རྣམས་ཀྱིས་སྙིང་ཏིག་ཏུ་འཛིན་ནོ།། དེ་ལྟ་བུར་རྫུ་འཕྲུལ་ཉི་ཤུ་རྩ་ལྔ་སོགས་རྣམ་ཐར་དཔག་ཏུ་མེད་དོ།། སྐུ་ཚེའི་སྨད་ཙམ་ན་རྗེ་བཙུན་གྱི་ཞལ་ནས། ང་འབྱུང་བ་བཞི་ལ་རང་དབང་ཐོབ་པས་ད་རེས་ཀྱི་སྐྱེ་བ་འདིར་སྒྱུ་ལུས་བཞག་ནས་རོ་བསྲེག་ཟེར་བའི་དུ་བ་ཚུབ་ཚུབ་དེ་མི་བྱེད་གསུངས་ནས། ན་བཟའ་པད་ལོ་རིས་དྲུག་སྐུ་ལ་གསོལ། པད་ཆ་པད་ཁུག་ཕྲག་ལ་བཀལ། ཧོས་རུ་གསིལ་བ་ཕྱག་ན་བསྣམས། ཨ་དཀར་ས་ལེ་ཞལ་ནས་གསུངས་ཏེ་མཆོད་རྟེན་ལ་བསྐོར་བ་མཛད་ཀྱིན་ཞབས་ས་ལ་མི་རེག་པར་ཇེ་མཐོ་ཇེ་མཐོ་མཁའ་ལ་བཞུད་ཙམ་ན། སྲིང་མོ་ཁྲོ་བཙུན་མས་ན་བཟའ་ལ་འཇུས་ཏེ་ང་ཡང་ཐུགས་རྗེས་འཛིན་པར་ཞུ་ཞུས་པས། དེའི་གྲིབ་ཀྱིས་སྐུ་ས་ལ་ཕབ། སྲིང་མོ་དེ་མིན་ན་དེ་ཉིན་རང་སྐུ་ལུས་མ་སྤང་ནས་འོག་མིན་གནས་སུ་གཤེགས་པར་ཡིན་ནོ།། རྗེ་འབྲུག་ལ་བསྟན་འགྲོར་ཕན་པའི་སློབ་མ་མང་བར་བྱུང་ཡང༌། གྲགས་ཆེ་བ་རྨེའུ་ལྷ་རི་གཉེན་པོ། འདུལ་བ་ཕོག་པའི་སློབ་མ་བྲུ་ཤ་ཁྱུང་གི་རྒྱལ་མཚན་དང༌། ལ་སྟོད་འོལ་སྒོམ་རྒྱལ་མཚན་གཉིས། ཞལ་མ་མཇལ་ཡང་བྱིན་གྱིས་བརླབས་པའི་སློབ་མ་དགོངས་མཛོད་རི་ཁྲོད་ཆེན་པོ། དད་པ་དང་ལྡན་ཅིང་སྐུ་ལ་རྒྱུན་དུ་འཁོར་བའི་སློབ་མ་ཁྲོ་བཙུན་མ་དང༌། དབང་གི་རྒྱལ་པོ། སྟོན་པ་སྒོ་ཚེ་དབང་རྣམས་ཡིན་ནོ།། སྐུ་ཚེའི་ཚད་ཀྱང་སྟོན་པ་སྒོ་ཚེ་དབང་ལོ་ཉི་ཤུ་རྩ་བརྒྱད་ལོན་དུས་རྗེ་འབྲུག་ལ་དགུང་ལོ་དུ་ལོན་ཞུས་པས་བདུན་ཅུ་རྩ་ལྔ། སྒོ་ཚེ་དབང་བདུན་ཅུ་རྩ་ལྔ་ལོན་དུས་སྐུ་ཡལ་བས་མི་ལོ་བརྒྱ་དང་ཉེར་གཉིས་བཞུགས་པར་འདུག་གོ། དེ་ལྟར་བསྟན་པ་ཕྱི་དར་གྱི་ཁོངས་འདིར་འགྲོ་བའྀ་དོན་མཛད་པའི་སྤྲུལ་སྐུ་དུ་མ་ཞིག་བྱོན་ཡང་རྫུ་འཕྲུལ་དང་གྲུབ་རྟགས་ངོ་མཚར་ཆེ་བ་རྗེ་བཙུན་ཁྲོ་ཚང་འབྲུག་ལྷ་ཡིན་ནོ།། དེ་ལྟར་གཏེར་གྱི་སྔ་བ་དབུས་གཏེར་དང་རྗེ་འབྲུག་རྣམས་ཡིན་མོད་ཀྱང༌། གཏེར་གྱི་གཙོ་བོ་ལྷོ་གཏེར་དང་བྱང་གཏེར་ཡིན་ཏེ། འདིར་གཤེན་གྱི་གདུང་རབས་ལས་བརྩམས་ནས་ལྷོ་གཏེར་གྱི་ཐེམ་བྱང་མདོར་བསྡུས་བརྗོད་པ་ནི། དམུ་རིགས་རྒྱལ་བ་གཤེན་རབ་ཀྱི་སྲས་གཤེན་བུ་ཀོང་ཚ་དབང་ལྡན་གྱི་གདུང་རྒྱུད་བོད་དུ་ལྷགས་པ་ལ། བོན་ཆོས་དར་ནུབ་ཀྱི་དུས་སུ་བན་དེ་རྙིང་མའི་ཆོས་བརྒྱུད་ཅན་དུ་གྱུར་ནས་མདོ་སྨད་ཧོར་གྱི་ཡུལ་དུ་མཆེད། གཤེན་ཚང་དང་གཤེན་ཚ་སྟེ་མི་སྡེ་གཉིས་སུ་གྱེས་ཀྱང་ཟེར། དེ་ནས་མེས་པོ་བཀྲ་གསལ་ཀླུའི་རྒྱལ་པོ་དང༌། ཕྱི་མོ་ལྷ་རྒྱལ་བཙུན་མོ་གཉིས་ཤར་ཙོང་ཀ་མཚོ་སྔོན་ནས་ཅོག་རོ་འབྲིག་མཚམས་སུ་ཕྱིན་ནས་ཆགས། དེ་གཉིས་ལ་སྲས་མི་གཡོ་མགོན་པོ། དབང་ཕྱུག་མགོན་པོ། རྡོ་རྗེ་མགོན་པོ་གསུམ་བྱུང༌། མི་གཡོ་མགོན་གྱི་བོན་གྱི་བུ་སྲིང་ཞིག་བླང་བ་ལ། སྲས་དཔལ་མགོན་གསས། འབྲུག་གསས། རྒོད་གསས་དང་གསུམ་བྱུང༌། དཔལ་མགོན་གསས་ཀྱིས་ཞང་པོ་རབས་ཆད་ཀྱི་ཤུལ་བཟུང་བས་བོན་རྒྱུད་དུ་སོང༌། དེ་ལ་སྲས་ཀླུ་དགའ། ཀླུ་རྩེག གེ་ཁོད་དང་གསུམ་བྱུང༌། དེ་ཡང་ཀླུ་དགའ་ནི་སྤྲུལ་སྐུ་ཁྲོ་ཚང་འབྲུག་ལྷ་དགུང་ལོ་བཞི་བཅུ་ཞེ་གཅིག་ཙམ་བཞེས་ནས་མེ་ཕོ་སྤྲེའུའི་ལོ་ལ་སྐུ་འཁྲུངས། ཀླུ་སྒྲུབ་ཡེ་ཤེས་སྙིང་པོའི་རྣམ་སྤྲུལ་ཡིན། ཆུང་ནས་སྙིང་རྗེ་ཆེ་ཞིང་ཐབས་ལ་མཁས་པ། འབྲི་ཀློག་ལ་སོགས་རྒྱུ་ཡི་བོན་རྣམས་མ་བསླབ་པར་མཁྱེན། དགུང་ལོ་བཅུ་གསུམ་ལོན་དུས་མཐའ་ལུང་གི་བྲག་ལ་སྤྲ་བ་འཚོལ་དུ་ཕྱིན་པས། ནམ་མཁའ་ནས་གཟུགས་མེད་པའི་སྒྲ་ཞིག་ཐོས་ཏེ་གཤེན་ཆེན་ཀླུ་དགའ་བོན་གྱི་དངོས་གྲུབ་སྦྱིན་ན་ཨེ་དགོས་ཟེར་བ་བྱུང༌། བྲག་གི་གཤོང་ཐམས་ཅད་མར་ཁུས་གང་ནས་འདུག དངོས་གྲུབ་ཡིན་སྙམ་ནས་ཕ་མ་ལའང་གསང༌། བྲག་དཀར་དེ་རུ་སྡོད་དགོངས་ཀྱང་ཉེ་བར་མ་ཐོན། དེ་དུས་སྐུ་མཆེད་ཀླུ་རྩེག་དགྲས་བསད་པས་གཉེན་གྱི་ཁ་མཆུ་སོགས་སྐྱོང་ནས་ལོ་བཞི་ལྔར་སོང༌། དགུང་ལོ་བཅོ་བརྒྱད་ལོན་དུས་རྨེ་ནད་སྣེ་ནག་ཡེ་མཁྱེན་གྱད་པ་དང་ཕོ་ཤེད་འགྲན་ཏེ་ས་ཕག་ཉི་ཤུ་ཁུར་ནས་སྐས་གདང་བཅུ་གཅིག་ལ་འཛེགས་ཀྱང་ཐོག་ཁར་ཐོན་ལ་ཁད་འགྱེལ་ཏེ་རྐེད་ཚིགས་བུད་ནས་རྒུར་པོར་སོང༌། རྒུར་བའི་ཚད་ནི་རྟ་ལ་ཆིབས་དུས་ཨོག་མ་སྔ་རུ་ལ་ཐུག་པས་ཡུལ་མི་ལ་ལས་གཤེན་རྒུར་དུ་འབོད་དོ།། བྲག་དཀར་མར་ཁུས་གང་བའི་གནས་དེར་སྡོད་རྒྱུ་མ་བྱུང་བའི་ཉམས་ཆག་ཡིན་གསུངས། བཅུ་དགུ་ལོན་དུས་འབྲིག་མཚམས་མཐའ་དཀར་དུ་གཡའ་མའི་སྤྱིལ་པོ་རང་ཤོང་ཙམ་ཞིག་ཕུབ་ནས་ར་ཤག་བླ་ཆེན་དྲུང་དུ་གཡུང་དྲུང་ཞི་རྒྱས་ཁྲོ་རྒྱས་གཉིས་དང༌། ཨ་ནུ་ཕྲག་ཐག་གིས་མཛད་པའི་མཆོད་གཏོར་ཤོག་ཅིག་མ་རྣམས་ཞུས་ནས་སྒྲུབ་པ་མཛད། ཉི་ཤུའི་ལོ་ལ་ན་ག་བཟའ་དཔལ་སྒྲོན་ཁབ་ཏུ་བཞེས། ལོ་སྔ་ཕྱི་དེ་ལ་བུད་མེད་ནག་མོ་རལ་པ་ཅན་དང༌། ཁྱེའུ་གཡུ་ཡི་ཟུར་ཕུད་ཅན་དང༌། བུ་མོ་དར་དཀར་གྱི་ལའུ་ཅན་དང༌། བོན་པོ་སྟག་སླག་རྔ་གཤང་ཅན་སོགས་ཀྱི་ཉམས་སོད་མཚན་རྟགས་ཅི་རིགས་པ་བྱུང༌། རེས་ཤིག་ན་བུད་མེད་དཀར་དམར་དར་དཀར་གྱི་ལའུ་གོན་པ་བཞིས་འབྲུག་ཁྱུང་སེང་གེ་སྟག་དང་བཞི་ལ་བཅིབས་ནས། གཤེན་རྒུར་བོན་གྱི་དངོས་གྲུབ་སྦྱིན་ན་ཐུབ་བམ། བསླབ་ན་སྒྲོག་ཤེས་སམ། བསྟན་ན་སྒོམ་ནུས་སམ་ཟེར། འོ་བསླབ་ན་སྒྲོག་ཤེས། བསྟན་ན་སྒོམ་ནུས། བོན་གྱི་དངོས་གྲུབ་ཡོད་ན་སྩོལ་ཅིག་བྱས་ཏེ་ཇ་ཕུད་དང་ཞོ་ཕུད་བླངས་ནས་མཆོད། དེ་ནས་ཤེལ་གྱི་ཕུར་པ་སོར་བཞི་པ་འདི་ཁྱེར་ལ་དངོས་གྲུབ་བླངས། ལོ་བསྐོར་གཅིག་ཏུ་གསང་ཟེར་ནས་མཁའ་ལ་ཡལ། ཕུར་པ་ལ་བལྟས་པས་གཏེར་གྱི་ཁ་བྱང་གསལ་བར་སྣང༌། ཁ་བྱང་བཞིན་དུ་བརྐོས་པས་ཕ་ཝང་གྲུ་བཞི་ཤེལ་དང་མཚལ་གྱིས་གཡུང་དྲུང་བྲིས་པ་ཞིག་འདུག་པས་བཟློག་མ་ཐུབ་ནས་ཇོ་མོ་དཔལ་སྒྲོན་བཏང་སྟེ་ནུ་བོ་ལ་ཏོག་ཙེ་ཁྱེར་ནས་ཤོག་ཅིག་བྱས། གེ་ཁོད་བྱུང་ཡང་བཟློག་མ་ཐུབ། དེ་ནས་ཁ་བ་དང་རླུང་དམར་ཆེན་པོ་བྱུང་བས་བཞག དེ་ནུབ་བུད་མེད་དམར་སྨུག་འཇིགས་སུ་རུང་བ་ཞིག་བྱོན་ནས་བཀའ་བཀྱོན་མཛད། གེ་ཁོད་གཟའ་མིག་དམར་གྱི་སྤྲུལ་པ་ཡིན་པས་མ་འཁྲིད་ཟེར། ཕྱིར་ནང་ཀུ་རེ་མཛད་དེ་འདི་འདྲའི་བྲག་ལ་གཏེར་ག་ལ་ཡོད། ཏོག་ཙེ་ཞོག་ལ་ནུ་བོ་ |
དཔྱད་གཏམ་ཡོངས་ལ་གཟིགས་པ།

