|
རྒྱལ་པོ་ཞིག་ལ་རིགས་ལྡན་གྱི་བརྡར་བཏགས་པ་སྙམ་ཡང་བློ་ལྡན་རྣམས་ཀྱིས་བརྟག་གོ།
གངས་རིའི་ནུབ་ཏུ་གུ་གེ་དང་གྲུ་གུའི་ཡུལ་གྲུ་ཆགས་ཤིང༌། ཨོ་རྒྱན་དང་བྲུ་ཤ་ཐོད་གར་རྣམས་ནི་དེའི་ཡུལ་ཕྲན་ནོ།། ལྷོ་རུ་རྒྱ་གར་ཡོད་ཅིང་མོན་དང་བལ་པོ་སོགས་ནི་དེའི་ཡུལ་ཕྲན་ནོ།། བྱང་དུ་ཡུལ་ཁམས་སྟོང་པ་ཇི་སྙེད་ཅིག་ཡོད་ལ། དེ་ནས་ཧོར་གྱི་རྒྱལ་ཁམས་ཆགས་ཤིང༌། ལི་ཡུལ་དང༌། ལྗང་གར་༼ལྗིང་གིར༽དང༌། སོག་པོ་སོགས་ནི་མིང་གི་རྣམས་གྲངས་སོ།། ཤར་དུ་མ་ཧཱ་ཙི་ན་ཞེས་རྒྱ་ནག་གི་ཡུལ་གྲུར་ཆགས་ལ། འཇང་དང༌། མེ་ཉག་སོགས་ནི་དེའི་ཡུལ་ཕྲན་ནོ།། རྒྱ་ནག་དང་གངས་རིའི་བར་དུ་བོད་ཁ་བ་ཅན་ཆགས་ལ། དེ་ཡང་ལ་ཚིགས་ཆེན་པོ་བཞིས་བཅད་དེ། ཇི་སྐད་དུ། དུང་སྒང་བཞག་བྲ་ལྷ་རྩེ་ནི།། ཤར་ཕྱོགས་རྒྱ་ཡི་ལ་ཚིགས་ཡིན།། སྟག་ཆེན་བ་ལྭ་བྱ་བ་དེ།། ལྷོ་ཕྱོགས་འཇང་གི་ལ་ཚིགས་ཡིན།། ཕ་ཝང་རྨ་ལ་བྱ་བ་དེ།། ནུབ་ཕྱོགས་མོན་གྱི་ལ་ཚིགས་ཡིན།། ཆགས་སོ་གངས་དཀར་བྱ་བ་དེ།། བྱང་ཕྱོགས་ཧོར་གྱི་ལ་ཚིགས་ཡིན།། ཞེས་དང༌། ལ་ཚིགས་ཆེན་པོ་དེ་བཞིའི་ནང་དུ་སྟོད་ལ་མངའ་རིས་བསྐོར་གསུམ་ཡོད་དེ། ལ་དྭགས་གཡའ་ཡིས་བསྐོར། པུ་ཧྲང་གངས་ཀྱིས་བསྐོར། དམར་༼མར༽ཡུལ་ཆབ་ཀྱིས་བསྐོར་བའི་དབུས་ན་གངས་དཀར་ཏི་སེ་ལ་གངས་རི་སུམ་བརྒྱ་དྲུག་ཅུས་བསྐོར་ནས་སྟོད་ཀྱི་དམིགས་འཛིན་པའོ།།
བར་ན་དབུས་གཙང་རུ་བཞི་ཡོད་དེ། དབུས་ལ་དབུས་རུ་དང་རུ་ལག གཙང་ལ་གཡས་རུ་དང་གཡོན་རུ་སྟེ། དེ་དག་གི་རྒྱབ་ཏུ་གཉན་ཆེན་ཐང་ལྷ་ལ་གཉན་སྲས་སུམ་བརྒྱ་དྲུག་ཅུས་བསྐོར་ནས་བར་གྱི་དམིགས་འཛིན་པའོ།།
སྨད་དུ་མདོ་ཁམས་སྒང་དྲུག་སྟེ། སྨར་ཁམས་ཟེ་མོ་སྒང་དང༌། ལྷོ་རྫ་ཟེ་མོ་སྒང་དང༌། འབྲི་རྫ་ཟེ་མོ་སྒང་དང༌། ཤར་རྫ་ཟེ་མོ་སྒང་དང༌། ཟླ་སྒང་རིང་མོ། སྨ་སྒང་རིང་མོ་དང་སྒང་དྲུག་རྟ་རྒྱབ་གཤིབས་པ་འདྲ་བའི་ཀླུང་རྣམས་སུ་ཉག་ཤོད་རྒྱ་ཤོད་ལ་སོགས་ཤོད་ཆེན་བཅོ་བརྒྱད་དུ་ཆགས་ལ། དེ་དག་གི་སྨད་དུ་རྨ་གཉན་པོམ་ར་ལ་སྨ་རིགས་སུམ་བརྒྱ་དྲུག་ཅུས་བསྐོར་ནས་སྨད་ཀྱི་དམིགས་འཛིན་པའོ།།
དེ་ཡང་བོད་དང་བོད་ཆེན་གཉིས་སུ་འདུ་ཞིང༌། དེ་དག་གི་ཤར་དུ་རྒྱལ་མོ་རོང༌། ལྷོར་ཚ་བ་རོང༌། ནུབ་ཏུ་ཀོང་པོ་རོང༌། བྱང་དུ་ཨ་ཏ་རོང༌། གེ་ཁོད་གཉན་ལུང༌། རྡོ་བ་གེ་རིང༌། གེ་ཇེ་ཁ་བ་རོང༌། གངས་དཀར་གཡུ་ལོ་རོང་སྟེ་རོང་ཆེན་བརྒྱད་ནི། སྟག་གི་མཆེ་བས་བཅད་པ་ལྟ་བུར་གནས་པ་ནི་མ་འོངས་དུས་ཀྱི་འདུ་ལངས་སྐབས་བོད་རྣམས་བྲོས་སའི་སྦས་ཡུལ་ཡིན་ཀྱང་གསུངས་སོ།། འཛམ་གླིང་དེའི་གཡས་སུ་ཁ་སློ་༼སློན༽ཞེས་གདུག་པ་སྲིན་པོ་རྒྱུ་བའི་གནས་དང༌། གཡོན་དུ་སྤྲེལ་ལྒམ་ཞེས་སྤྲེའུ་མེ་ཁྱེར་གྱི་གླིང་ཕྲན་དག་ཆགས་སོ།།
དེ་ལྟར་གླིང་ཆེན་པོ་བཞིའི་རགས་པའི་ཚད་ནི་མཐའ་བསྐོར་དུ་དཔག་ཚད་བརྒྱད་སྟོང་ལྷག་ཙམ་ཡོད་ཅིང༌། གླིང་ཕྲན་རྣམས་ནི། དེའི་སུམ་ཆ་ཙམ་ལ་དབྱིབས་དང་ཁ་དོག་ནི་དབུས་གླིང་རྣམས་དང་མཚུངས་པར་འདོད། གླིང་དེ་རྣམས་ཆུ་ལ་ནུབ་པའི་ཚད་ནི། གླིང་གི་ཁ་ནས་རྨ་བྱའི་མཆུ་ཡིས་བསྙབ་ཙམ་མམ། འཁོར་ལོ་བསྒྱུར་བའི་རྒྱལ་པོ་འབྱུང་དུས་དཔག་ཚད་ཕྱེད་དང་གཉིས་ཀྱི་མཐོ་དམན་འབྱུང་ཞེས་བཤད་དོ།། རྒྱ་མཚོ་ཆེན་པོའི་ཕྱི་རོལ་དུ་ཁབ་ལེན་དང་རྡོ་སོལ་ལས་རྟ་ཡི་གདོང་པ་འདྲའི་ལྕགས་རི་ཆེན་པོ་ཁོར་ཡུག་ཏུ་འཁོར་ལ། དེ་རྒྱབ་ཏུ་བསྐལ་པའི་མུན་པ་ནག་པོ་འཁྲིགས་ཤིང༌། ནང་གི་ཁྱུད་འགའ་ལའང་ཉི་ཟླའི་འོད་ཟེར་མི་འཕོག་པ་ཡོད་པས། དེ་དག་ལ་གླིང་བར་གྱི་མུན་པའང་ཟེར་རོ། སྟེང་དུ་རླུང་གི་གོ་ལ་ཞེས། རི་རབ་ཀྱི་བང་རིམ་དང་པོའམ། གཉའ་ཤིང་འཛིན་གྱི་རྩེའི་ཐད་ནས་མཐའ་གཞོལ་ལྕགས་རི་དང་ཉེ་བར་རྒྱ་ཆེ་ཞིང་ལྷུན་ཆགས་པར་གནས་ལ། དེ་ལ་འགྲོ་བ་སྤྱི་མཐུན་གྱི་བསོད་ནམས་ལས་ཉི་ཟླ་གཟའ་སྐར་རྣམས་སྲིད་དེ། དེ་ཡང་འབྱུང་བ་འདུས་པའི་དྭངས་མ་ལས་རྒྱུ་མེ་ཤེལ་དང་ཆུ་ཤེལ་གྱི་ཁང་བཟང་དུ་གྲུབ་ཅིང༌། དེ་ལས་འོད་ཟེར་འཐོར་ནས་གཟའ་སྐར་དུ་མ་བྱུང་བའམ། སྤྲུལ་པའི་སྐུ་སྣང་བ་འོད་ལྡན་གྱི་སྤྱན་གཡས་གཡོན་ལས་ཐབས་ཤེས་འགྲོ་དོན་དུ་སྤྲུལ་པར་འཆད་དམ། རིག་བྱེད་ལུགས་སུ་དྲང་སྲོང་མུ་ཁྱུད་འཛིན་གྱིས་རྒྱ་མཚོ་བསྲུབས་པས་དང་པོ་ཉི་མ་བྱུང༌། དེ་ནས་ཟླ་བ་བྱུང་སྟེ། ཉི་མ་དེའི་ཟླ་བོའི་ཚུལ་དུ་མཁའ་ལ་གཏོང་བ་སོགས་འཆད་ཚུལ་མང་ངོ༌།།
དེ་ལྟར་སྒྲ་གཅན་མ་གཏོགས་པའི་ཉི་ཟླ་གཟའ་སྐར་རྣམས་རང་འགྲོས་བོན་བསྐོར་ཡིན་ཀྱང༌། རླུང་གི་གོ་ལས་ཉིན་ཞག་གཅིག་ལ་ཆོས་བསྐོར་དུ་འཁོར་བས། ཉི་མ་ལྷོ་བྱང་བསྒྲོད་ཚུལ་དང༌། ཟླ་བ་ལ་འཕེལ་འགྲིབ། ས་ལ་དབྱར་དགུན། ཉིན་མཚན་རིང་ཐུང་སོགས་འབྱུང་བ་ནི་རླུང་དེའི་དབང་ཡིན་ནོ།། རླུང་དེ་ལ་རྣམ་གྲངས་གསུམ་དུ་གསུངས་ཏེ། འཕུལ་བའི་རླུང་རླབས་ཆེན་འཕྱོ་བས་མགྱོགས་བུལ་རན་པར་འཕུལ་བ་དང༌། འདེགས་པའི་རླུང་སྲིད་པའི་བ་དན་ཅན་གྱིས་ཡར་ལ་མི་བསྐྱོད་མར་ལ་མི་ལྷུང་བ་དང༌། བསྐོར་བའི་རླུང་འཁོར་ལོ་འགྱུར་བས་དུས་དང་ས་མཚམས་བཟུང་ནས་རིམ་གྱིས་བསྐོར་བའམ། རླུང་སྤུ་གྲི་རེག་གཅོད་ཟེར་བའང་དོན་གཅིག་སྙམ་མོ།། འོ་ན་ཐོག་དང་སེར་བ་ལ་སོགས་འབྱུང་བའི་གཡོ་འགུལ་བྱེད་པ་ཅི་སྙམ་ན། རི་རབ་ཀྱི་རྩེར་ཁུ་འཕངས་བརྩེགས་པའི་མཁར་ནང་ན་གཏོས་ཐོག་གི་རྒྱལ་པོ་མོ་རྗེ་ཁུ་གྲགས་བྱ་བས་རྫུ་འཕྲུལ་གྱི་རལ་གྲི་ཨ་ལའི་འདབ་མ་ཅན་དཔག་བསམ་གྱི་ཤིང་ལ་བཏགས་ཡོད་པས། དེ་རླུང་གིས་གཡབ་ནས་འོད་འབྱུང༌། དྲག་ཏུ་བསྐྱོད་ན་ཐོག་འབྲུལ། ཕྱུངས་ན་རྒྱལ་ཁམས་བསྲེགས་པར་བྱེད། དེ་ལ་འཁོར་གྱད་བུ་ཐུང་བཞི་ཡོད་པས་མ་བརྡུང་མ་བླུག་པའི་མཚོན་འཕངས་པས་ཐོག་ཏུ་འབྱུང༌། རླུང་དང་རླུང་དྲག་ཏུ་འཐབ་ནས་སྤྲིན་གྱི་སྙིང་པོར་བསྒྲིལ་བས་སེར་བ་བྱུང༌། དེ་བཞིན་ཁ་བ་དང་ཆར་པ་སོགས་ནི་འབྱུང་བ་འཁྲུགས་པའི་ངད་དང་དབྱར་དགུན་གྱི་དབང་གིས་བྱེད་དོ།། འབྱུང་བ་ཚ་གྲང་འཁྲུགས་པ་ལས་གློག་འབྱུང༌། འབྱུང་བའི་དྭངས་མ་ཉི་ཟེར་གྱིས་བསྒྲིལ་པས་གཞའ་འབྱུང༌། ཡང་དབྱར་དགུན་འབྱེད་པའི་སེམས་ཅན་འབྲུག་མོ་གཉའ་ལྕམ་གྱི་སྒྲ་འབྱིན། ལྕེ་དང་ཟེ་བ་དང་ཡན་ལག་འགུལ་བས་གློག་དང༌། དབང་པོ་ལྔ་ལས་ཆར་ཆུ་འབྲུབ་པར་བཤད་དོ།།
ཕྱོགས་བཞིའི་རླུང་གཡོས་ནས་འབྱུང་བ་ཆ་མ་སྙོམས་པའི་དབང་གིས་ཐན་པ་དང༌། ཆར་ཆུ་རླུང་འཚུབས་སོགས་འབྱུང་ལ། དེའི་ཐོག་ཏུ་ལྷ་སྲིན་ཀླུ་གཉན་ས་བདག་གདུག་པ་ཅན་དང༌། པིར་དང་ཆུ་སྲིན་དང་རུས་སྦལ་དང་བདུད་གཤེན་རྣམས་འཁྲུགས་ནས་ནང་འཐབ་པའི་ཚེ་ས་གཡོས་འབྱུང་བའོ།། དེ་ལྟར་རི་རབ་བང་རིམ་མས་ཡར་ཇེ་རྒྱས་སུ་སོང་ལ་ཁ་ཁྱེར་དུ་རི་རབ་ཀྱི་རྭའམ་ལྕོག་བཞི་རྒྱས་ལ་དེའི་ཐད་ཙམ་ན་བསིལ་ལྡན་གྱི་རིས་ཡོལ་བ་བྲན་པ་ལྟར་བསྐོར་བས། རི་རབ་དང་བསིལ་རིའི་བར་གྱི་ལྷ་རྣམས་རང་འོད་ཀྱིས་གསལ་བ་མ་གཏོགས་
|