༄༅། །བསྟན་འབྱུང་རིག་པའི་ཤན་འབྱེད་ནོར་བུ་ཀེ་ཏ་ཀའི་དོ་ཤལ་ཞེས་བྱ་བ་བཞུགས།
|
སོང་བྱས་པས། གེ་ཁོད་མ་དགའ་ནས་མགོ་གཏེར་མགོ་བ། ཁ་གཏེར་ཁ་བ། ལག་པ་གཏེར་ལག་པ། ཁྱོད་ལ་བོན་གཏེར་ལས་ཟན་གཏེར་ཞིག་བྱུང་ན་མཁོ་ཆེ་བ་འདུག་ཟེར་ནས་སོང་ངོ༌།། དེ་ནས་མེ་མོ་སྦྲུལ་གྱི་ལོ་དགུན་ཟླ་འབྲིང་པོའི་ཚེས་ཉི་ཤུ་བཞི་པའི་གདུགས། སྐར་མ་ཁྲའི་ཉིན་མོ་ཉི་ཤར་ནས་སློག་པས། དང་པོ་རྡོ་བ་སྨུག་ནག་འགའ་བྱུང༌། དེ་ནས་སོལ་བ་མང་པོ་བྱུང༌། དེ་ནས་ཕ་ལྦོང་གྲུ་བཞི་ཞིག་བྱུང༌། དེ་བཟློག་པས་ཁམ་པ་སྔོན་པོ་ཞིག་བྱུང༌། དེ་རྟིང་ཕ་ལྦོང་གྲུ་བཞི་མཚལ་དང་ཤེལ་གྱིས་གཡུང་དྲུང་བྲིས་པ་ཞིག་གདའ། དེ་བཟློག་པས་རྡོ་ཡི་མཆོད་རྟེན་བཞི་གཤིབས་ནས་འདུག དེ་བླངས་པས་བྲག་ཕུག་རང་བཞིན་གྱིས་གསལ་བའི་དབུས་སུ་དཀྱིལ་འཁོར་ཞིག་གི་སྟེང་ན་རྫ་བུམ་མདའ་དར་གྱིས་བརྒྱན་པ་ལྔ་འདུག མཐའ་ན་དབྱུག་པ་གཅིག་དང་ལྕགས་ཐུར་ཞིག་གདའ། བྱང་ཤིང་ཡི་གེ་བྲིས་པ་མང་དུ་འདུག ཕུག་དེ་ན་རྡོ་བ་གྲུ་བཞིའི་སྒོ་ལ་གཡུང་དྲུང་དང་རིན་ཆེན་བྲིས་པའི་འོག་ཏུ་ས་སྐྱིན་གྱི་ཞལ་བ་ལ་ཕྱག་རྗེས་ཆེན་པོ་ཡོད་པ་ཞིག་གདའ། དཀྱིལ་འཁོར་གྱི་ཤར་ནས་བྱང་ཤིང་ཞིག་བླངས་ཏེ་བལྟས་པས། སྒམ་དང་པོ་གཉིས་ན་ཉི་ཁྲི་ཆུ་རྒྱུན་གྱི་འབུམ་དང་གཏན་ཚིགས་རྒྱས་པ་ཡོད་ཟེར་བ་འདུག་ཀྱང་མ་བཀླགས་ནས་བཞག བྱང་ནས་གཅིག་བལྟས་པས། རྡོ་དཀར་བསྟན་པ་ནུབ་པ་དང་བར་གྱི་ལོ་གྲངས་ཡིག་སྣ་འདི་ནས་བཤིག གཡུང་དྲུང་དང་རིན་པོ་ཆེ་དཀྱིལ་འཁོར་འདིའི་སྟེང་དུ་ཞོག ཕྱག་རྗེས་སྟོང་རྒྱུང་གི་ཡིན་པས་དབང་ཞུས། ནང་དུ་འཇིགས་པའི་གཟུགས་བྱུང་ན་དབྱུག་པ་འདི་རྒྱོབས། སྦྲུལ་གཟུགས་ལ་ལྕགས་ཐུར་འདི་སྣུན། སྐབས་འདིར་བར་ཆོད་ལ་འཛེམས་ཟེར་འདུག དེ་ནས་དར་རྒྱས་འབྱུང་ཚུལ་སོགས་ལུང་བསྟན་འགའ་ཡང་འདུག དེ་ནས་སྒོ་བཤིག་སྟེ་ནང་དུ་བྱོན་པས་འཇིགས་སུ་རུང་བའི་སྒྲ་ཅི་རིགས་སྒྲོག་པ་ལ། དབྱུག་པ་དེ་བརྒྱབ་པས་འགའ་ཞིག་འོད། འགའ་ཞིག་ཟ་ཡུག འགའ་ཞིག་སྨན་སྡོང༌། འགའ་ཞིག་རྡུལ་དུ་སོང༌། དེ་ནས་སྦྲུལ་ཆེན་པོ་མིག་དམར་ཧྲིག་གེ་བ་ཞིག་གིས་དཀྱིལ་འཁོར་ལ་བསྐོར་འདུག་ན་ལྕགས་ཐུར་དེ་བསྣུན་པས་རླུང་འུར་དང་བཅས་ཏེ་དར་ཡུག་ཏུ་སོང༌། དེ་ནས་ལེགས་པར་བལྟས་པས་བྲག་ཕུག་གྲུ་བཞི་དུང་ལྟར་དཀར་བའི་སྦུགས་སུ་སྟན་ནར་མོའི་སྟེང་དུ་ཤིང་གླ་བའི་སྒམ་གཉིས་གཉིས་བསྒྲིགས་པས་བཅུ་དྲུག་ལ་སུམ་ཅུ་སོ་གཉིས། ཡ་མེད་པ་གཅིག་དང་སོ་གསུམ་འདུག དབུས་སུ་དཀྱིལ་འཁོར་ཆེན་པོ་ལ་གནམ་རྒྱན་དང་མཆོད་རྫས་མང་པོ་བཤམས་ནས་འདུག མདུན་དུ་འཇིགས་རུང་གི་གཟུགས་བརྙན་རྣམས་བཀོད་པར་སྣང༌། ཤར་ནུབ་ཀྱི་སྦུགས་གཉིས་མལ་ས་ཆེན་པོ་རེ་ལ་སྟག་གཡག་གི་གཟིག་སྤགས་ཀྱི་སྔས་རྦད། མལ་དུ་དབྱི་ཐུལ་རེ། སྔས་ལ་རྔ་ཆེན་པོ་རེ་དཔྱངས་ནས་འདུག དུས་དེར་ཕྱི་ནས་ར་ལུག་གིས་སྐད་འདོན་སྣང་བྱུང་བས་ན་བཟའ་སྒམ་གཉིས་ཀྱི་སྟེང་དུ་བཞག་ནས་ཕྱི་ལ་བྱོན་ཡང་ར་ལུག་མི་སྣང༌། ཡར་ལོག་པས་ན་བཟའ་བཞག་པའི་སྒམ་གཉིས་དང་ཕྱག་གིས་རེག་པའི་རྫས་རྣམས་མ་གཏོགས་རྡོ་དཀར་དུ་སོང་འདུག གཏེར་ཤོག་གཞན་པ་འགའ་བསྣམས་ཀྱང་ཕྱི་ལ་སླེབས་དུས་འཕུར་སོང༌། བྲག་ཕུག་ཀྱང་གཏེར་ཁུང་ཞིག་ལས་མི་སྣང༌། དེའི་ནུབ་མོ་གཏོར་ཚོགས་བཏང་ནས་གསོལ་བ་བཏབ་པས་མི་ནག་གི་ཚོགས་དང་བུད་མེད་ནག་མོ་ཞིག་བྱུང་སྟེ། ངེད་ཀྱི་དེ་ཚོ་མ་ཁྱེར། འདོད་ན་ལུག་དཀར་མོ་མཚལ་མིག་དང༌། གཡག་དཀར་པོ་མདོ་ཁམ་རྟེན་དུ་ཚུགས། འབྲང་རྒྱས་མཚལ་གྱི་ཐིག་ཕྲན་ཅན་བྱིན་ཟེར། བླ་མ་དགུང་ལོ་ཉེར་གཉིས་ཐོག་སྒམ་གཉིས་ཀྱི་གཏེར་ཤོག་ཞལ་ཕྱེས་ནས་བྲིས་པས་དང་པོའི་དུས་སུ་མེ་ལྷབ་ལྷབ་ཏུ་འབར་འདུག བླ་མ་སྒོར་བྱོན་ཤུལ་དུ་བྱིས་པ་ཞིག་གིས་གཏེར་ཤོག་ལ་བལྟས་པས་མིག་གཉིས་ལྷུར་གྱིས་བུད་སྐད་དོ།། སྒམ་གཉིས་ཀྱི་ནང་ན་ཁམས་བརྒྱད་སྟོང་ཕྲག་བརྒྱ་པའི་འབུམ། གུད་དུ་ཕྱུང་བའི་མཆོང་འབུམ་དུམ་པ་བཞི། སྲིད་པའི་མཛོད་ཕུགས་ཆེན་མོ། རྣམ་དག་ཡུམ་གྱི་ཕྲིན་ལས། ཐང་མ་འོད་རྒྱལ་གྱི་མཆོད་གཏོར། ཏི་ཀ་བཅས། མུ་ཏྲ་ལྷའི་ཕྱག་རྒྱ། ཚྭ་ཚྭ་ཤོག་གཅིག་མ། ཀུན་སྣང་རྩ་བའི་དཀྱིལ་འཁོར། ཀུན་རིག་གི་སྦྱིན་སྲེག། ཞི་བ་ཡོངས་རྫོགས། ཐིག་ལེ་དབྱིངས་འཆད། དབང་ཆེན་རྒྱུད་དྲུག་བཅས། དབང་རྒྱུད་ཆུ་བོ་རབ་འབྱམས། བྱམས་སེམས་གབ་པ་དགུ་སྐོར། མུ་སྟེགས་ཨ་མུ་ཁའི་རྒྱུད། ཤན་པ་མི་བཞིའི་གསང་སྒྲུབ། སྟོང་རྒྱུང་གི་སེར་བ་དབབ་གཅོད་སོགས་བྱུང༌། ཤོག་སེར་དེ་རྣམས་ལོ་བརྒྱད་ཀྱི་ནང་འབྲི་གྲུབ། ཁམས་བརྒྱད་ལ་ཤོག་དྲིལ་སུམ་ཅུ་སོ་གསུམ་འདུག་པས་མ་ཚར་རོ།། དེ་ཙམ་ན་བླ་མ་གཤེན་གྱིས་བོན་གཏེར་ཐོན་པའི་སྙན་གྲགས་ལྡིར་བས་སློབ་ཚོགས་མང་དུ་འདུས། བོན་ཞུ་སྔ་བ་མེ་ཉག་ནག་གུས་རྟ་རྒོད་མ་ཞིག་དང་སྤྱང་ཐུལ་ཞིག་ཕུལ་ནས་ཁྲོ་བོའི་དབང་ཆེན་ཞུས། ཞུ་ཡས་ལེགས་པོ་ལོ་བརྒྱད་ནས་བླ་མའི་ཞབས་སུ་གཏུགས་ཏེ་བོན་ཞུས། སྤྱིར་བླ་མ་གཤེན་གྱི་སློབ་མ་སུམ་སྟོན་སྟག་སླག་ཅན་སོགས་དད་པ་ཅན་གྱི་མི་གསུམ། དབང་ལྡན་ཞུ་ཡས་ལེགས་པོ་སོགས་ཉང་སྟོད་ཀྱི་དཔོན་བཞི། རོང་གུ་གཡུང་དྲུང་གཙུག་ཕུད་སོགས་བཀའ་བབ་ཀྱི་སློབ་མ་བརྒྱད། བྲུ་ཤ་ཁྱུང་གི་རྒྱལ་མཚན་སོགས་རྒྱལ་མཚན་ཐོབ་པའི་མི་བཞི། སྨྲ་ཡེ་ཤེས་བླ་མ་སོགས་ཅོག་རོ་སྲིད་པའི་མི་ལྔ། མེ་ཉག་ནག་གུ་སོགས་ཁ་འཐོར་བ་བཅུ་གཅིག་ཡོད་ཅིང་མདོར་བསྡུས་ན་བཀའ་བབ་ཆེན་པོ་བཞིར་གྲགས་ཏེ། གསུང་རབ་ཀྱི་བཀའ་ཅོག་ལ་བ་ལ་བབ་སྟེ། ཅོག་ལ་གཡུ་སྐྱིད་ཀྱིས་ཁམས་བརྒྱད་ཞུས་པས་ཤོག་སེར་གནང༌། དང་པོ་གཅིག་བཞེངས་ནས་བླ་མ་ལ་ཕུལ་བས་བླ་འབུམ་གསེར་གླེགས་ཅན་དུ་གྲགས་སོ།། ཡང་གཅིག་བཞེངས་ནས་འགྲེས་རྐང་ལ་སྤྲོ་བསྡུ་བྱས་པས་ཅོག་ལའི་འབུམ་མོ་ཆེ་ཟེར། ཕྱིས་མཁས་པ་ལ་ལས་རྟོགས་བཅོས་བསླད་བྱས་འདུག་ཟེར་ནས་བཀྱོན་པའང་མཐོང༌། ལེགས་པོས་ཤོག་སེར་ལས་བཤུས་ནས་བཤར་དུ་བྲིས་ཀྱང་ཅུང་ཟད་མཐའ་མ་གྲུབ་པས་ཕྱིས་ཞུ་ཆེན་གྱིས་བསབས་པས་ཁམས་བརྒྱད་ནག་ཕྲན་མར་གྲགས་པ་འདིའོ།། |

