༄༅། །བསྟན་འབྱུང་རིག་པའི་ཤན་འབྱེད་ནོར་བུ་ཀེ་ཏ་ཀའི་དོ་ཤལ་ཞེས་བྱ་བ་བཞུགས།
|
སོགས་ལ་གནས་བསྐོར་དང་སྒྲུབ་པ་ལྷན་ཅིག་ཏུ་མཛད་པའི་ལོ་རྒྱུས་མང་དུ་མཐོང་ངོ༌།། དེ་ནས་གཤེན་ཆེན་དགུང་ལོ་བཞི་བཅུར་བཞེས་དུས་ཕྱག་དཔེ་ཟབ་མོ་སྒྲོ་བ་དོ་རོང་གུ་གཡུང་དྲུང་གཙུག་ཕུད་ལ་བཅོལ་ནས་དབང་ཆེན་རྒྱུད་དྲུག་བསྣམས་ཏེ། ཞབས་ཏོག་པ་བལ་མི་ལྷ་བཙན་འཁྲིད་དེ་ཤངས་སུ་ཁྱུང་བྱིད་མུ་ཐུར་བཞུགས་སྐད་ལ། ཞང་ཞུང་གསེར་ཛྭ་དང་རྒྱུད་དྲུག་བརྗེ་རུ་བྱོན་པའི་ལམ་དུ་ཞག་གཅིག་བཞུགས་པས། མི་དཀར་འཇིགས་སུ་རུང་བ་ཞིག་འོང་ནས་ཀླུ་དགའ་ཁྱོད་ལ་དངོས་གྲུབ་ཆེན་པོ་དེ་ཙམ་བྱིན་ཀྱང་བོན་ཐམས་ཅད་བྱ་སྤུ་བཞིན་དུ་གཏོར། ཡུམ་གྱི་བཀའ་བག་ཙམ་ཡང་མི་སྒྲུབ་ན་བཀའ་ཆད་མྱུར་དུ་འོང་ཟེར་རོ།། ཞབས་ཏོག་པས་ཕྱིར་བྱོན་པར་ཞུས་ཀྱང་མ་གསན་ནོ།། མུ་ཐུར་ཡང་མཐུ་ཡི་ང་རྒྱལ་ཤིན་ཏུ་ཆེ་བས་ན་རེ། ངའི་ཞང་ཞུང་གི་བོན་འདི་རྒྱུད་པ་ཟམ་མ་ཆད་བྱིན་རླབས་ཀྱི་ན་བུན་མ་ཡལ་བས། ཛྭ་དམར་མངོན་སུམ་དུ་འཕེན་ནུས། ཁྱོད་ཀྱི་ས་འོག་ནས་ཐོན་པའི་བོན་དང་མི་བརྗེ། ཅི་སྟེ་ཞང་ཞུང་གི་བོན་འདོད་ན་ཞལ་མཐོང་དུ་གསེར་ཁྱེར་ཤོག་ཟེར། དེ་ལ་ཐུགས་མ་འཕྲོད་ནས་ཛྭ་བའི་སྤུར་སྔགས་ཀྱང་ནུབ་སྐད་དོ།། གཤེན་ཡང་ཚུར་ལོག་ནས་ཚོང་དུས་སུ་ཞག་གཅིག་བཞུགས་པས་ལོ་སྟོན་རྡོ་རྗེ་དབང་ཕྱུག་གིས་ཚོར། ཕྱིར་ནང་འོ་བརྒྱལ་ཞུས་ནས་དྲོ་ལ་གདན་དྲངས། ཁྱེད་འབྲིག་མཚམས་མཐའ་དཀར་ནས་བོན་གཏེར་རྙེད་པའི་མི་ཆེན་དེ་ཡིན་འདུག་ཨ་ཙ་ཟེར་ཏེ་ཞོ་ཀར་ཡོལ་གང་ལ་དུག་བཏབ་ནས་དྲངས། དེ་ནས་གཤེན་ཆེན་དཔོན་གཡོག་གཉིས་མ་ངག་གོང་མོ་ལ་ནས་བྱོན་པས་རྗེས་སུ་བཙུན་ཆུང་ཞིག་རྒྱུག་སྟེ་བུ་རམ་རྡོག་མ་གཉིས་ཁྱེར་ནས་གཅིག་བླ་མ་ལ་དྲངས། གཅིག་ཁོ་རང་གིས་ཟོས་ནས་ཕྱིར་ལོག་པས་ལྭ་ལྐོག་ཏུ་སྣ་ཁྲག་ཕྲུག་ལེར་འཆི་སྐད་དོ།། ལྭ་ཚུར་ལྡོག་ཙམ་ནས་བླ་མ་ཡང་ཤིན་ཏུ་སྙུང་སྟེ་ཕེབས་མ་ཐུབ། དེ་ནས་མེ་ཉག་བོན་གཅིག་གིས་གདན་དྲངས། སྐྱིད་མཁར་སྔོ་ཕུག་ཏུ་ཞུ་ཡས་ལེགས་པོ་ལ་སྐད་བྱུང་བས་མགྱོགས་པར་ཕེབས། ལེགས་པོ་བཤུམས་ནས་བླ་མའི་སྐུ་ཚབ་ཏུ་བདག་འཆིའོ་ཞུས་ཀྱང་མ་གནང་ངོ༌།། འོན་ཀྱང་ལོ་སྟོན་ང་ཡི་གཏེར་བདུད་ཡིན་པའི་ལུང་བསྟན་ཡོད་ཀྱང་གོ་མ་ཆོད་གསུངས། ཡང་འབྲིག་མཚམས་མཐའ་དཀར་དུ་གཏེར་ཇི་ཙམ་ཡོད་ཞུས་པས། གཡུང་དྲུང་གི་བོན་རྟ་གྲོ་བོའི་སྤུ་ཙམ་ཡོད་ཀྱང་ཁོ་བོས་རྣ་མཆོག་གཉིས་ཀྱི་ཆ་ཙམ་ཐོན། ད་ང་རང་མེད་ན་མི་ཐོན་འདུག་གསུངས། ཡང་ལེགས་པོ་ལ་ཕྱག་བཏང་ནས་གསུངས་པ། ང་ཡི་བུ། བོད་འདིར་བོན་གྱི་བསྟན་པ་ཉི་མ་ཤར་བ་བཞིན་བྱེད་དུ་ཡོད་ཀྱང་སྐར་ཆེན་ཙམ་ལས་མ་བྱུང༌། འོན་ཀྱང་བྱིན་རླབས་ཆེ་བར་འོང༌། ང་འདི་ནས་ཏ་གཟིག་ཁྲཽམ་གྱི་རྒྱལ་གཤེན་དུ་བྱེད། དེ་ནས་དགའ་ལྡན་པད་མོ་བཀོད་པའི་གླིང་དུ་སློབ་དཔོན་ཀླུ་སྒྲུབ་ཡེ་ཤེས་སྙིང་པོའི་དྲུང་དུ་འགྲོ། དེ་དུས་རང་རེ་ཕ་བུ་འཕྲད་ཡོང་གསུངས་ནས་དགོངས་པ་བོན་ཉིད་ཀྱི་དབྱིངས་སུ་འདས་སོ།། དུས་དེར་ས་གཡོས་པ་དང་འོད་ཆེན་པོ་བྱུང་སྟེ་གཤེན་རྒུར་གྱི་ས་གཡོས་ཆེན་མོར་གྲགས་རྒྱུར་བྱུང༌། ལྷོ་གཏེར་ལོ་སྐོར་གཅིག་གི་གསང་ཚད་ཡིན་ཀྱང་མ་ཐུབ་ནས་ལོ་བརྒྱད་ཀྱི་ནང་ཀུན་ལ་བསྒྲགས་པའི་བཀའ་ཆད་དུ་འདོད་དོ།། སྔར་རོང་གུ་ལ་བཅོལ་བའི་ཕྱག་དཔེའི་གྲས་ནས་འགའ་ཞིག་བརླག་ཟེར། དེ་ནས་བླ་མའི་གཤེགས་རྫོང་དང༌། རྒྱལ་སྲས་རྣམ་གཉིས་དབང་ལུང་དང་མི་སར་བྱུང་བ་སོགས་ལེགས་པོས་མཛད། ཇོ་མོ་དཔལ་སྒྲོན་གྱིས་གཤེན་གྱི་བཀའ་སྒྲོམ་བསྣམས་ནས་ང་ཡི་བུ་འདི་ལ་དགོས་པའི་དུས་བྱུང་ན་བྱིན། དེ་མིན་ཁྱོད་རང་ཁྱེར་ཟེར་ནས་ལེགས་པོ་ལ་གནང༌། ལེགས་པོས་བུ་དཔེ་གསར་པ་ཆད་ལྷག་མེད་པ་ཞིག་བཞེངས་ནས། གཤེན་གྱི་ཕྱག་དཔེ་རྙིང་པ་རྣམས་ཕྱོགས་གཅིག་ཏུ་བསྒྲིགས། ཁོ་རང་གིས་བཞེངས་པའི་བུ་དཔེ་རྣམས་ཕྱོགས་གཅིག་ཏུ་བསྒྲིགས་ཏེ། ཕྱིས་སུ་རྒྱལ་སྲས་རིན་ཆེན་རྒྱལ་མཚན་ལ་གདམ་ང་བཅུག་པས་བུ་དཔེ་རྣམས་མཛེས་པས་དེ་བཞེས། ཞུ་དཔེ་ཁུངས་བཟང་ཟེར་བའི་གཏན་ཚིགས་དེ་ཡིན། དེ་ལྟར་སྤྲུལ་སྐུ་གཤེན་ཆེན་ཀླུ་དགའ་ནི་དམུ་རྒྱལ་གཤེན་གྱི་གདུང་རབས་ཀྱི་དང་པོ། སྤྲུལ་པའི་གཏེར་སྟོན་བརྒྱ་དང་རྩ་བརྒྱད་ཀྱི་ནང་ན་རྒྱུ་སྐར་གྱི་དབུས་སུ་ཟླ་བ་ཚེས་པ་བཞིན་ཡ་མཚན་ཆེ་བའི་གཏེར་ཆེན་ཡིན་ནོ།། དེ་ལྟར་བོད་དུ་བོན་ནུབ་ནས་མི་ལོ་ཉིས་བརྒྱ་དང་དྲུག་ཅུ་རེ་བརྒྱད་སོང་དུས་གཤེན་གྱིས་ལྷོ་གཏེར་ཐོན་པའོ།། ལྷོ་གཏེར་འདི་དབང་ཆེན་རྒྱུད་འགྲེལ་སོགས་ལ་བརྟགས་ན་སྔར་གྲི་གུམ་བཙད་པོས་བོན་བསྣུབས་སྐབས་གཏེར་དུ་སོང་བ་ཡིན་འདུག་གོ། གཤེན་ཆེན་གྱི་སྲས་རིན་ཆེན་རྒྱལ་མཚན་དང་བྱང་ཆུབ་རྒྱལ་མཚན་གཉིས། རིན་རྒྱལ་གྱི་སྲས་ལྷ་རྗེ་སྨན་རྒོད། དེའི་སྲས་དམ་པ་རྒྱལ་མཚན། དེའི་སྲས་ཇོ་བཀྲ། དེའི་སྲས་ཆེ་བ་གཤེན་སྟོན་ནམ་མཁའ་རྒྱལ་མཚན་ཏེ་མེ་སྟོན་ཤེར་འོད་ཀྱི་སློབ་མ་ཡིན། འབྲིང་བ་གཤེན་གསུང་ཆེན་པ་སྟེ་དཔལ་ཆེན་གྱི་སློབ་མ་ཡིན། ཆུང་བ་ཇོ་རྩེ་དང་གསུམ། ཇོ་རྩེའི་སྲས་ཡེ་ཤེས་རྒྱལ་མཚན་སྐུ་མཆེད་གཉིས། ཆུང་བའི་སྲས་དཔོན་གསས་ཤེས་རབ་རྒྱལ་མཚན། བློ་གྲོས་སེང་གེ་གཉིས། དཔོན་གསས་ཀྱི་སྲས་བློ་གྲོས་རྒྱལ་མཚན་དང༌། ཁྲོ་རྒྱལ་འབུམ། མཁན་ཆེན་ཡེ་ཤེས་བློ་གྲོས་དང་གསུམ། དེ་ལ་གཤེན་ཁྲི་སྐྱོང་རྒྱལ་པོའང་ཟེར། འདི་བས་གཡས་རུ་འཇད་ཀྱི་དར་སྡིང་དུ་གཙུག་ལག་ཁང་གསེར་སྒོ་ཁྲ་མོའི་ས་འདུལ་མཛད་ནས་རྨང་གཞི་འདིང༌། ཁྲོ་རྒྱལ་འབུམ་གྱི་སྲས་མཁན་ཆེན་བསོད་རྒྱལ་དཔལ་དང༌། དཔལ་འོད་དར་གཉིས། དེའི་སྲས་དཔལ་ལྡན་རྣམ་རྒྱལ་དང༌། ཀུན་དགའ་དཔལ་ལྡན་གཉིས། དེ་ནས་གདུང་རབས་འགའ་ཙམ་སོང་ནས་གསང་མཆོག་ཐུགས་སྤྲུལ་ཉི་མ་རྒྱལ་མཚན་ཞེས་གྲུབ་མཐའ་བཅུ་དྲུག་འཛིན་ཅིང་རང་གཞུང་གི་དཀྱིལ་འཁོར་སྟོང་དང་དྲུག་བརྒྱར་ངེས་གསུངས་པའི་རྣལ་འབྱོར་དེ་ཉིད་བྱོན་ལ། དེའི་དུས་སུ་མདོ་སྨད་རྒྱལ་མོ་རོང་ཡན་ཆད་ལ་ཆིབས་ཞལ་བསྒྱུར་བས་གཤེན་གྱི་གདུལ་བྱ་དང་ཕྲིན་ལས་དར་ཞིང་རྒྱས་པར་བྱུང་འདུག་གོ། དེའི་རྒྱུད་འཛིན་བར་མ་ཆད་པ་མང་དུ་བྱོན་ཅིང་བསྟན་དང་འགྲོ་ལ་ཕན་པ་གཤེན་མི་འགྱུར་གཙུག་ཕུད་སོགས་དམ་པ་འགའ་ཡང་བྱོན་ཀྱང༌། ཕྱིས་དུས་དབང་གིས་ཁྱིམ་བཟུང་རབས་ཆད་དང་འཕྲད་པ་སོགས་རྐྱེན་རགས་པ་འགའ་ཞིག་འཚོགས་ནས་རབ་བྱུང་བཅོ་ལྔ་པའི་ཁོངས་སུ་དམུ་གཤེན་གྱི་གདུང་རབས་འོག་མིན་གྱི་གནས་སུ་བསྡུས་པའོ།། གཤེན་གྱིས་ལྷོ་གཏེར་ཐོན་ནས་ལོ་བཅུ་ཙམ་སོང་བ་དང༌། ཙི་ལུ་པཎ་ཆེན་དང་དུས་ཞབས་ལོ་ཙཱ་བ་གཉིས་ཀྱིས་དུས་འཁོར་རྒྱུད་འགྲེལ་བོད་དུ་བསྒྱུར་ནས་དཀར་རྩིས་ཀྱི་སྲོལ་བཏོད། མེ་ཡོས་ནས་བརྩམས་ཏེ་རབ་བྱུང་དང་པོར་བགྲངས་བར་བྱས། འདི་ཡན་ཆད་ཀྱི་བསྟན་རྩིས་ལ་ལོ་ཁམས་སོགས་མཁས་པ་ལ་ལས་ཁ་གསལ་དུ་གསུངས་མོད་ཀྱང་རབ་བྱུང་བགྲང་རྒྱུ་མེད་པས་འཁྲུལ་པ་དང་བྲལ་བ་དཀའ་སྙམ་མོ། འོན་ཀྱང་མཁས་པ་གོང་མའི་རྣམ་ཐར་སོགས་ལུང་རིག་མང་པོ་མ་མཐོང་བའི་རྐྱེན་གྱིས་འོལ་ཚོད་ཀྱི་བསྟན་རྩིས་འགའ་ཡང་འདུག་སྟེ། དཔེར་ན་ཁྲོ་ཚང་འབྲུག་ལྷ་མེ་ཡོས་ལོར་འཁྲུངས་ཟེར་བ་ལྟ་ |
དཔྱད་གཏམ་ཡོངས་ལ་གཟིགས་པ།

