༄༅། །བསྟན་འབྱུང་རིག་པའི་ཤན་འབྱེད་ནོར་བུ་ཀེ་ཏ་ཀའི་དོ་ཤལ་ཞེས་བྱ་བ་བཞུགས།

གནས་དང་རི་ཁྲོད་འགྲིམས་ཏེ་སྒོམ་སྒྲུབ་ཀྱི་ལམ་སྲོལ་ཐོག་མ་ཁོང་གིས་འབྱེད། གཞན་དོན་དུ་རྫོགས་ཆེན་ཡང་རྩེ་འདུས་པའི་ལྟ་དགོངས་ཐམས་ཅད་ཀྱི་སྙིང་པོར་དྲིལ་ནས་ཨ་ཁྲིད་ཀྱི་སྒོམ་དོན་རིམ་གསུམ་པ་མཛད་དེ་གངས་ཅན་གྱི་ལྗོངས་འདིར་སེམས་ཉིད་དམར་ཐག་ཆོད་པའི་སྐྱེས་བུར་ཡིན་ཅིང༌། སྒོམ་རྒྱུད་དང་འདུལ་རྒྱུད་ཀུན་གྱི་གྱེས་ས་དམ་པ་རི་ཁྲོད་པ་ལ་ཐུག་པར་ཤེས་སོ།། ཁོང་ལ་གཞན་དོན་ནུས་པའི་སློབ་མ་གཅེན་བཞི། གཅུང་བརྒྱད། ལྕམ་མོ་གཉིས། གྲུབ་པར་ཐོབ་པ་ལྔ་བཅུ་རྩ་བརྒྱད་སོགས་ཡོད་པ་ལས། བཀའ་བབ་ཀྱི་བུ་ཆེན་བཞིར་བྱུང་སྟེ། ལྟ་བ་ལྷུན་གྲུབ་ཀྱི་བཀའ་བབ་རྟོགས་ལྡན་སྒོམ་ཆེན་འབར་བ། སྒོམ་པ་ཏིང་འཛིན་གྱི་བཀའ་བབ་མཉམ་མེད་དམ་པ་ཕོ་སྒོམ། སྤྱོད་པ་ཆགས་མེད་ཀྱི་བཀའ་བབ་རྒྱལ་ཐེབས་ལྷ་རྗེ་དྲང་སྲོང༌། ཚིག་སྒྱུ་མ་ལ་དབང་ཐོབ་པའི་བཀའ་བབ་རྗེ་བཙུན་ཡར་མེ་བ་དང་བཞིར་བྱོན་ནོ།། སྐུ་ཚེའི་ཚད་ཀྱང་དགུང་ལོ་ལྔ་བཅུ་རྩ་དགུར་ཕེབས་ནས་འདི་སྣང་གི་བཀོད་པ་བསྡུས་སོ།། དེ་ལྟར་རྨེའུ་སྟོན་སྒོམ་གཉིས་ནི་རང་རེའི་གྲུབ་མཐའ་འདི་ལ་བཀའ་དྲིན་ཆེ་བ་ཡིན་ནོ།།
    ལྷ་རི་གཉེན་པོ་དགུང་ལོ་སུམ་ཅུ་རྩ་གསུམ་བཞེས་པའི་ཆུ་འབྲུག་ལོར་མཁས་པ་དཔལ་ཆེན་འཁྲུངས། དེ་ཡང་དབྱར་ཟླ་འབྲིང་པོའི་ཚེས་བརྒྱད་ཀྱི་དུས་ལྷུམས་སུ་ཞུགས་པ་ཡིན་ཏེ། ཡུམ་གྱི་རྣལ་ལམ་ལ། ལྷ་མོ་རྨ་བྱའི་ཐུལ་པ་གསོལ་བ་ཞིག་ནམ་མཁར་ལ་ཡེར་གྱིས་བྱུང་ནས། འོ་སང་ཕོད་ད་ཙམ་དུས་ན་ཁྱོད་ལ་སྲས་ཞིག་འབྱུང༌།། དམུ་ཙ་ཏྲ་ཧེའི་སྤྲུལ་པ་ཡིན།། མི་ལུས་བསམ་ལེགས་བྱིན་རླབས་ཡིན།། ཚེ་སྤུངས་ཟླ་བ་རྒྱལ་མཚན་ངོ་བོ་ཡིན།། བོན་བཀའ་རྒྱུད་འཆད་པའི་ལོ་པཎ་ཡིན།། མིང་ཡང་མཁས་པ་དཔལ་ཆེན་ཐོགས། ཞེས་གསུངས་པ་བཞིན་དུ་འཁྲུངས། ཆུང་ནས་སྔོན་སྦྱངས་ཀྱི་ལས་འཕྲོ་སད་པས་འབྲི་ཀློག་རྣམས་མ་བསླབ་པར་མཁྱེན། སྐྱེ་བ་སྔ་ཕྱི་ས་ལེར་གསལ། ཞང་ཞུང་དང་རྒྱ་གར་གྱི་ཀློག་ཚུལ་ཡིན་ཟེར་ནས་གཞུང་ཚིག་འགའ་ཞིག་ལྷང་ལྷང་དུ་བརྗོད། དགུང་ལོ་དགུ་བཞེས་དུས་མཛོད་ལ་བཤད་པ་མཛད། བཅུ་གསུམ་དུས་ཡབ་ལྷ་རི་གཉེན་པོའི་དྲུང་དུ་དགེ་བསྙེན་མཛད། དེ་ནས་མཐུན་རྐྱེན་བསྣམས་ཏེ་གཞན་སྡེའི་གྲྭ་སར་བྱོན། ཀོང་པོ་སྨྲ་བའི་སེང་གེ་སོགས་བསྟེན་ནས་དབུ་ཚད། མངོན་པ། ཕར་ཕྱིན་སོགས་སྡེ་སྣོད་ཀུན་ལ་གསན་སྦྱངས་མཛད་དེ་ལོ་བདུན་བཞུགས། དུས་དེར་གཞན་སྡེའི་སློབ་དཔོན་གྱིས་ན་རེ། ཁྱེད་སློབ་གཉེར་མཁས་པར་ཤེས། ད་བསྙེན་རྫོགས་ཞུས་ལ་གྲྭ་ས་འདིའི་སློབ་དཔོན་མཛོད་གསུངས། ཡོན་ཏན་དེ་ཙམ་བསླབ་ནས་བླ་མའི་བཀའ་ལྡོག་ན་མི་ཡོང་དགོངས་ཏེ་མིང་མ་སྤོས་པར་སྡོམ་པ་ཞིག་ཞུས། དོ་ནུབ་ཉལ་བའི་སྲོད་ལ་སྲིད་པའི་རྒྱལ་མོ་བྱོན་ནས། ད་ནི་རང་གི་ཡུལ་དུ་འགྲོ། འདི་རུ་འདུག་ན་བར་ཆད་འོང་ཟེར་རོ།། ཐོ་རངས་ལ་བཙུན་པ་ན་བཟའ་གོས་དྲུག་གསོལ་བ་ཞིག་བྱོན་ནས། ང་ནི་མུ་ཙ་ཏྲ་ཧེ་ཡིན།། ཚུལ་ཁྲིམས་ཉིས་བརྒྱ་ལྔ་བཅུ་ཡི།། རང་སྡོམ་དྲི་མེད་རྫོགས་པར་ཤོག། ཅེས་གསུངས་ནས་པད་ཞུ་དང་ཧོས་རུ་སྤྱི་བོར་བཞག་པ་རྨིས་ལ་གཉིད་སད་དོ།། དེ་མ་ཐག་ཏུ་ཡར་བྱོན་ནས་སྙེ་མོ་རུ་སློབ་དཔོན་གཙང་པ་ལས་གཙང་མ་གཙུག་ཕུད་བླངས་པས་ཚུལ་ཁྲིམས་དཔལ་ཆེན་དུ་འདོགས། འདུལ་བ་མདོར་བསྡུས་ཚར་གཅིག་གསན། ད་རུང་གཞན་སྡེའི་བསྙེན་རྫོགས་ཞུས་ཀྱང་རང་གི་སྡོམ་རྒྱུན་མེད་ན་མི་ཡོང་བ་འདུག འོན་ཀྱང་རྨི་ལམ་དུ་ཐོབ་ཀྱང་མངོན་གྱུར་དུ་བྱས་ན་ལེགས་དགོངས་ཏེ། མཁན་པོ་ཀུན་བཟང་གནས་བརྟེན་ལས་ཉིས་བརྒྱ་ལྔ་བཅུའི་ཁྲིམས་བཞེས་ནས་དྲང་སྲོང་གཅིག་རྫོགས་སུ་མཛད། དེ་ནས་ཡབ་དང་མཇལ་ཏེ་སྤྲོ་བ་སྐྱེ་ནས་གསུངས་པ། སྔར་ཉན་བཤད་ཀྱི་སྲོལ་བྲུ་ཞུ་གཉིས་ཀྱིས་གཏོད་ཀྱང་ཆེར་མ་ཚུགས། ད་རང་རེས་འཆད་ཉན་གྱི་སྲོལ་ཚུགས་གསུངས། དེ་ནས་སྐྱིད་མཁར་སྔོ་ཕུག་ཏུ་སྒྲོལ་བ་མཇལ་ནས་དགུན་གཅིག་ལ་འཆད་ཉན་སྤེལ། གཡས་རུ་བྲུ་ལ་བྱོན་ནས་མཚན་ཉིད་ཀྱི་འབེལ་གཏམ་མཛད། རྗེ་རི་ཁྲོད་པའི་མདུན་དུ་ངོ་སྤྲོད་ཀྱི་གདམས་པ་ཞུས། སླར་ཡང་གུར་ཞོགས་སེ་བ་འོ་རུ་ཉན་པ་པོ་ལྔ་བརྒྱ་ཙམ་ལ་ཕྱི་ནང་གསང་བའི་བོན་གྱི་འཁོར་ལོ་བསྐོར། གཞུང་ལུགས་ཀུན་ལ་ཏི་ཀ་བཏབ། གྲྭ་ས་ཀུན་ལ་རྨེའུ་དཔལ་ཆེན་ལས་མཁས་པ་མེད་ཟེར་བའི་སྙན་པ་ཆེན་པོ་ཐོབ་ཅིང་བཀུར་བར་བྱེད་དོ།། སྔོན་སྙེ་མོ་ཨ་ཏ་བོན་པོ་རྣམས་ཀྱིས་ཟངས་རིའི་དགོན་ཆུང་དེ་རྨེའུ་ཡབ་སྲས་ལ་ཕུལ་བས་དཔལ་ཆེན་དེར་བཞུགས། མདོ་སྟོད་སྨད་ཀུན་གྱི་གྲྭ་སར་གྱུར། དེ་དུས་སྤ་སྟོན་འོད་གསལ་རྨ་བྱ་བྱང་བརྩོན་ལས་ཚད་མ་བསླབ་སྟེ་སྙེམས་པ་དང་བཅས་བྱུང་ཡང་རྒོལ་མ་ནུས་སོ།། ཕྱིས་བླ་མའི་ཐུགས་སྲས་སུ་གྱུར་ཏོ།། དེ་ནས་དཔལ་ཆེན་པོས་རྣམ་དག་གི་སྒྲུབ་པ་མཛད་པས་ཡུམ་གྱི་ལྷ་ཞལ་གཟིགས། དབང་ཆེན་གྱི་སྒྲུབ་པ་མཛད་པས་བུམ་ཆུ་ལུད་པ་སོགས་ཐུན་མོང་གི་གྲུབ་རྟགས་མང་ངོ༌།། ཉིད་ཀྱི་སློབ་མ་མཚན་ཉིད་ལ་མཁས་པ་སྤ་སྟོན་འོད་གསལ། བར་ཐང་ཞང་སྟོན། དབུ་ཚད་ལ་མཁས་པ་གཤེན་གསུང་ཆེན་པ་དང༌། ཅོག་ལ་སྨྲ་བའི་སེང་གེ། སྔགས་སེམས་ལ་མཁས་པ་སངས་རྒྱས་སྨན་གོང་བ་དང༌། སེ་གཉལ་ཞུ་གསུམ་ལ་སོགས་དམ་པ་མང་དུ་བྱུང་ངོ༌།། དེ་ནས་བླ་མ་ཆེན་པོ་ལ་རྟོག་པའི་སྙུང་གཞི་བྱུང་བས་ཤངས་སུ་ཡར་ཕེབས། གདན་ས་སྤ་སྟོན་ལ་གཏད། འཆད་རྩོམ་གྱི་འཕྲོ་རྣམས་མགྱོགས་པར་ཚར་བ་མཛད། དེ་ནས་ཁམས་བརྒྱད་སོགས་མདོ་རྣམས་བྲིས་ཚར་བའི་རྗེས་སུ་ཕྱག་མཛུབ་རྣམས་ཆད། ཆད་ཤུལ་ཐམས་ཅད་རིང་བསྲེལ་དུ་ས་ལེ་སོང་བས། ཡང་ན་མཛེ་འོང་བ་འདི་བཞག་ན། ཡང་ན་རིང་བསྲེལ་འོང་བ་འདི་བཞག་ན་གསུངས། དེ་དུས་གཤེན་གསུང་ཆེན་པས་སྙུང་གཞི་འདི་ལས་སྔོན་ལས་འཕྲལ་རྐྱེན་གང་ལགས་ཞུས་པས། སྔོན་ལས་དང་འཕྲལ་རྐྱེན་གཉིས་ཀ་ཡིན་ཏེ། སྔོན་རྒྱ་གར་དུ་་ པཎ་ཏྲི་ཏ་མནྟྲ་པ་ལ་ཟེར་བ་ཞིག་སྐྱེས། དེ་དུས་ཚོགས་ལ་སྦྱང་སྤེལ་མ་བྱས་པར་ལྷ་ལ་ཕུལ་བས་མངན་སེམས་དང་རུ་ང་མང་དུ་ཤོར་བའི་རྣམ་སྨིན་ཡིན། འཕྲལ་རྐྱེན་ཡིན་ཏེ། བྲུ་རྗེ་ན་རེ། འཁོར་བའི་ཐོག་མ་ཡོད་ཟེར་བ་ལ། བདག་གིས་ཐོག་མ་མེད་པའི་སྒྲུབ་བྱེད་དང༌། ཐོག་ཡོད་ལ་འགལ་བ་མང་པོར་འཕངས་པས། བྲུ་རྗེ་མ་མཉེས་ཏེ་རྨེའུ་དམ་ཉམས་ཟེར་ནས་དམོད་ངན་བོར་བའི་ལན་ཡིན་པས་འདི་ལ་ཕན་པའི་ཐབས་མེད་གསུངས། དེ་ནས་སྙུང་གཞི་ཧ་ཅང་ཐུ་བའི་སྐབས། ཉེ་གནས་རྣམས་ཀྱིས་དགོངས་པ་གསལ་ལམ་ཞུས་པས་དབྱིངས་རིག་མ་བུ་འདྲེས་ནས་ཡོད་གསུངས་སྐད་དོ།། དེ་ནས་འགྲོ་མགོན་མར་སྟོན་གྱིས་ཕྱག་འཚལ་ནས་ལྟ་བའི་མཐར་ཐུག་ཅིག་གསུངས་པར་ཞུས་པས་སྤྱན་མིག་ནམ་མཁའ་ལ་གཟིགས་ནས།
སྣང་བ་ཐམས་ཅད་སྣང་ཞིང་བདེན་པས་སྟོང༌།།
སྟོང་པ་དེ་ཉིད་སྣ་ཚོགས་སྣང་བ་ཤར།།
དེ་ཕྱིར་སྣང་དང་སྟོང་ལ་ཐ་དད་མེད།།
སྟོང་པ་ཉིད་ལ་གཅིག་ཏུ་མ་གྲུབ་པས།།
གཅིག་དང་ཐ་དད་ཡོད་མེད་རྟག་ཆད་བྲལ།།
སྨྲ་བསམ་བརྗོད་པའི་ཡུལ་ལས་འདས་པའི་ཕྱིར།།
དེ་ལ་འདི་ཉིད་བདེན་ཞེས་ཞེན་པ་ཡི།།
ལྟ་བར་མེད་པ་ལྟ་བའི་མཐར་ཐུག་ཡིན།།
    ཞེས་གསུངས་སོ།། དེ་ནས་
青ICP备08000069号
QQ:568095347
E-mail:liamrgbm@yahoo.com.cn

པར་དབང་རེབ་གོང་བོན་མང་དྲ་བར་དབང་བས་གཞན་གྱིས་མི་སྤྱོད་པར་མཁྱེན།
བོད་ཀྱི་ཆ་འཕྲིན་ལག་རྩལ་དྲ་བས་ལག་རྩལ་ཕྱོགས་ནས་རོགས་སྐྱོར་བྱས་པར་ཐུགས་རྗེ་ཆེ་ཞུ།