༄༅། །བསྟན་འབྱུང་རིག་པའི་ཤན་འབྱེད་ནོར་བུ་ཀེ་ཏ་ཀའི་དོ་ཤལ་ཞེས་བྱ་བ་བཞུགས།
|
ཀ་རྨད་སུམ་ཅུ་སོགས་ཀྱི་ཞལ་ཆེམས་མང་དུ་གསུངས་ནས་དགུང་ལོ་ལྔ་བཅུ་རྩ་ལྔ་བཞེས་པའི་ཁྱི་ལོ་དབྱར་ཟླ་ར་བའི་ཚེས་བཅོ་ལྔའི་ཉི་མ་རྩེ་ཤར་ལ་སྤྱན་མིག་གྱེན་ལ་ཧྲིག་གེར་གཟིགས། དྲོད་དང་རྣམ་ཤེས་ཐུགས་ཀར་འདུས། གཙུག་ཏོར་ནས་ཨ་དཀར་པོ་ཞིག་མཁའ་ལ་འཕྲོ་བ་ཀུན་གྱིས་མཐོང་ནས་མྱ་ངན་ལས་འདས་སོ།། དེའི་ཉིན་མོར་ས་གཡོ་བ་དང༌། གཞའ་འོད་གཏིབས་པ་སོགས་ཀྱིས་སྤྲོ་བ་དཔག་ཏུ་མེད་པར་སྐྱེས་སོ།། དེ་ནས་འགྲོ་མགོན་མར་སྟོན་སོགས་ཀྱིས་ལོ་པཎ་བླ་མ་ཆེན་པོའི་སྤུར་ལ་དར་ཟབ་ཀྱིས་དྲིལ་ནས་མཚོ་ཉ་སྨན་གོང་གི་ནུབ་ཕྱོགས་སུ་གཏེར་དུ་སྦས། གཏེར་བདག་གཉན་ག་ལྗང་ལ་གཏད། ནམ་ཞིག་ལས་ཅན་ཞིག་གིས་རྙེད་པའི་སྨོན་ལམ་གདབ། དཔལ་ཆེན་གྱི་སྐུ་མཆེད་འཁོར་ལོ་རྒྱལ་པོ་སྐུ་གཞོན་ནུར་གྲོངས། ཆུང་བ་གསས་མཁར་བླ་མ་ལ་སྲས་བཞི་ཡོད་དེ། གྲགས་སེ། ག་བ། ག་ཆུང༌། ཡེ་ཤེས་གཡུང་དྲུང་ནས་རིམ་གྱིས་རྒྱུད་པ་ལ་རྨེའུ་སྟོན་ཚང་ཟེར། རི་ཁྲོད་པའི་སྐུ་མཆེད་བཙན་དར་དང༌། འདུལ་ཆུང་གཉིས། ཆུང་བའི་སྲས། ཚབས་པོ་དང༌། དཀོན་མཆོག་རྒྱལ་མཚན་གཉིས། རྒྱལ་མཚན་གྱི་སྲས་སངས་སྟོན་དང༌། ཀུན་དགའ་རིན་ཆེན་ནོ།། ཀུན་དགའི་སྲས་འོད་ཟེར་རྒྱལ་མཚན་དང༌། ནམ་མཁའ་རྒྱལ་མཚན་ནོ།། ནམ་རྒྱལ་གྱི་སྲས་བསོད་ནམས་བློ་གྲོས། དེ་ལ་སྲས་བཞི་བྱུང་བའི་ཆེ་བ་འབྲེལ་ཚད་དོན་ལྡན་རྨེའུ་བསོད་ནམས་རྒྱལ་མཚན། དེ་ཞབས་གྲགས་པ་རྒྱལ་མཚན། གཡུང་དྲུང་རྒྱལ་མཚན། དྲུང་རྒྱན་པའོ།། བསོད་ནམས་རྒྱལ་མཚན་གྱི་སྲས་རྒྱལ་མཚན་ཚུལ་ཁྲིམས། ཁྲོ་བོ་རྒྱལ་མཚན། མོན་མོ། སངས་རྒྱས་རྒྱ་མཚོ་དང་བཞིའོ།། དྲུང་རྒྱན་པའི་སྲས་བསོད་ནམས་གཡུང་དྲུང་སོགས་ནི་རྨེའུ་སྒོམ་ཚང་སྟེ། མདོར་ན་དེང་སང་གི་བར་དུ་རྒྱུད་པ་ཟམ་མ་ཆད་ཅིང༌། དེའི་ནང་ནས་གུར་ཞོགས་པ་རྒྱལ་མཚན་དཔལ་དང༌། རྨེའུ་སྟོན་བསོད་ནམས་རིན་ཆེན། རྨེའུ་བསོད་ནམས་དབང་གྲགས་སོགས་བསྟན་འགྲོའི་དོན་ཆེན་ནུས་པ་འགའ་ཡང་བྱོན་འདུག་གོ།། ཕྱིས་སུ་ཤངས་ཀྱི་གུར་ཞོགས་ནས་སྙེ་མོ་བཟང་པོའི་རི་ལ་གནས་སྤོ་མཛད་ནས་བཞུགས། དེ་སྐབས་སུ་རྨེའུ་ཀུན་དགའི་མཚན་ཅན་མདོ་སྨད་དུ་མཆེད་ནས་འབྲི་ཀླུང་ཆུ་བོའི་ཉེ་ཞོལ་དུ་ཆགས་སྐད་ལ། དེའི་རྒྱུད་པ་ལའང་དམ་པ་འགའ་ཞིག་བྱོན་འདུག་གོ།། འོན་ཀྱང་རྨེའུ་སྟོན་སྒོམ་གཉིས་ཀྱི་བོན་སྐལ་དབུས་གཏེར་ཡིན་ཀྱང༌། དེ་སྤངས་ནས་ལྷོ་བྱང་གི་གཏེར་ལ་སྤྱོད་པས་རྗེས་འཛིན་ལ་བར་ཆད་བྱུང་ཡང་ཟེར། དེ་ལྟར་མཁས་པ་རྨེའུ་ཡི་གདུང་ཕྲེང་འདི་ནི་ལྗོངས་འདིའི་རིགས་རྒྱུད་ཀུན་ལས་ཁྱད་པར་གསུམ་གྱིས་འཕགས་ཏེ། རིགས་ངན་གྱི་བར་ཆད་མི་འབྱུང་བ་དང༌། རང་རྒྱུད་ལ་མཁྱེན་དགོངས་མངའ་བ་དང༌། འགྲོ་དོན་གྱི་རླབས་ཆེ་བ་སོགས་གསུངས་ཏེ། སྤྱང་འཕགས་ཀྱི་གནས་བྱང་བཅུ་དྲུག་ལས། རྨེའུ་ཚང་གི་རྒྱུད་པ་རྣམས། ཀུན་ཏུ་བཟང་པོའི་ཐུགས་དགོངས་ལྡན།། རྗེས་འབྲིང་བརྒྱ་ཙམ་མངོན་སངས་རྒྱས།། རྒྱུད་འཛིན་བཅུ་ཡིས་འགྲོ་དོན་མཛད།། རྒྱུད་པ་དུས་མཐའི་བར་དུ་གནས།། ཞབས་ཀྱི་པད་མོར་གཏུགས་པ་རྣམས།། སྐྱེ་བ་གཅིག་གིས་མངོན་སངས་རྒྱ།། ཞེས་གསུངས་སོ།། དེ་ལྟར་འཇིག་རྟེན་གྱི་ཁམས་ན་སྣང་བ་འོད་ལྡན་ལས་གྲོལ་བའི་སྲིད་པའི་མེས་པོ་ལྔ་ནི། སྲིད་པ་ཡེ་སྨོན་རྒྱལ་པོ། དམུ་རྗེ་བཙན་པོ། སྟག་ཆ་འལ་འོལ། ལྷ་སྲས་ཡབ་བླ་བདལ་དྲུག ཨ་མྱེས་རྒྱལ་བུ་ཐིང་གེའོ།། བར་གྱི་མིའུ་རུས་དྲུག་ནི། རྒྱ་བོད་ཧོར་གསུམ་འཇང་དང་བཞི། མོན་དང་ཀེ་ལེ་གཉིས་ཏེ་དྲུག དེ་དག་ལས་ཀྱང་རུས་ཆེན་བརྒྱད་དུ་གྲགས་པའི་དབྲ་འགྲུ་སྒ་དང་ལྡོང༌། འཛི་དང་མེ་ཉག་སུམ་བྷ་འ་ཞ་དང་བརྒྱད། དེ་དག་རེ་རེ་ལའང་ལྡོང་ལ་རྗེ་བཞི་ཁོལ་བརྒྱད་ལྟ་བུའི་དབྱེ་བ་ཡོད་མོད་ཀྱང༌། འདིར་བསྟན་པའི་རྒྱུད་འཛིན་དུ་གྱུར་པའི་སྟོད་ན་བྲུ་ཞུ་སྤ་རྨེའུ་གཤེན་དང་ལྔ། སྨད་ན་དམ་པ་ཁྱུང་དང་ཞིག་པོ་དགུ་ལ་སོགས་པས་བསྟན་པ་འཛིན་ཏེ། དེ་ཡང་ཁྱུང་པོའི་བྱུང་ཁུང་ནི། སྟེང་ཕྱོགས་ཀྱི་སྟོན་པ་ཀུན་བཟང་འོད་ཀྱི་རྒྱལ་པོ་དེ་ཉིད་འགྲོ་བའི་དོན་དུ་ཁྱུང་ཕོ་ཆེན་པོ་ཞིག་སྤྲུལ་ནས་གྱིམ་ཤོད་ཤེལ་ལེ་རྫོང་དྲུག་གི་རྩེ་མོར་བབས། དེའི་སྤར་མོའི་ཤུལ་དུ་སྒོ་ང་དཀར་སེར་ནག་གསུམ་ཁྲ་བོ་དང་བཞི་བརྡོལ་བས་མཚན་དང་ལྡན་པའི་ཁྱུང་སྲས་བཞིར་བྱུང་སྟེ། དཀར་ཁྱུང་དང་ནག་ཁྱུང་དང་སེར་ཁྱུང་དང་གསུམ། དབང་ལྡན་ཁྱུང་འཕགས་ཁྲ་བོ་གཡུ་འབྲུག་ལ་ཆིབས་ནས་རྒྱལ་རོང་དུ་འཕུར་བས་རྒྱལ་ཁྱུང་ཟེར། དེ་དག་ལས་གྱེས་པའི་སྟོད་ན་ལྷ་ཁྱུང༌། བར་ན་མུ་ཁྱུང༌། སྨད་ན་དབལ་ཁྱུང་སོགས་ཁ་འཐོར་ཇི་སྙེད་ཅིག་བྱུང་ངོ།། དེ་ཡང་ཆོས་ཀྱི་སྟོན་པས། བྱ་ཡི་རིགས་ལ་གྲུབ་ཐོབ་བརྒྱད་ཅུར་བྱུང༌།། ཞེས་ལུང་བསྟན་པས། རང་སྡེའི་གྲུབ་མཐའ་འཛིན་པར་གྱེར་ཆེན་ཟླ་མེད། ཁྱུང་དབུས་རིན་ཆེན། སྤྲུལ་སྐུ་བློ་ལྡན་སྙིང་པོ། མཁས་གྲུབ་བློ་གྲོས་རྒྱལ་མཚན་སོགས་དམ་པ་དུ་མར་བྱོན་ཅིང༌། གཞན་སྡེའི་གྲུབ་མཐའ་འཛིན་པ་མི་ལ་རས་པ་དང༌། མཁས་གྲུབ་ཁྱུང་པོ་རྣལ་འབྱོར་བ་སོགས་སྐྱེས་བུ་དམ་པ་མང་དུ་བྱོན་པའོ།། གཞན་ཡང་འགྲུ་ཞིག་དང་ཤེལ་ཞིག་དང་སེ་ཞིག་དང༌། སྒོ་ཞིག་དང་སྟག་ཞིག་དང་གླིང་ཞིག་དང་སྣང་ཞིག་དང་འཁྲུལ་ཞིག་དང་བོན་ཞིག་ལ་སོགས་པས་བསྟན་འགྲོའི་དོན་མཛད་ཅིང༌། ཡང་མདོ་སྨད་འཕགས་པ་གསུམ་གྱིས་འགྲོ་བ་འདྲེན། ཞེས་པར་དོ་འཕགས་དང༌། རྐྱང་འཕགས་དང༌། གཙོ་འཕགས་གསུམ་སྟེ། དེ་དག་ལའང་རྐྱང་ལ་དཀར་ནག་ཟེར་བ་ལྟ་བུའི་རུས་ཕྲན་གྱི་དབྱེ་བ་མང་ངོ༌།། གཞན་ཡང་བསྟན་པ་ཕྱི་དར་གྱི་ཁོངས་འདིར་བཤད་རྒྱུད་དང་སྒོམ་རྒྱུད་ཀྱི་གནས་ལ་བཀའ་དྲིན་ཆེ་བའི་སྐྱེས་བུ་དུ་མ་ཞིག་བྱོན་ཀྱང༌། གྲགས་ཆེ་བ་འགའ་ཞིག་གི་རྣམ་ཐར་འདི་ལ་དད་པའི་གཅེས་སྤྲས་ཀྱི་ཚུལ་དུ་ཅུང་ཟད་ཙམ་བརྗོད་ན། དང་པོར་སྡེ་སྣོད་གསུམ་གྱི་བསྟན་པའི་ཤིང་རྟ་ཆེན་པོ་མེ་སྟོན་ཤེས་རབ་འོད་ཟེར་ནི། རབ་བྱུང་དང་པོའི་ས་ཁྱི་ལོར། ཡར་འབྲོག་མེ་ཉག་གི་གདུང་རྒྱུད་སྟག་ལུང་ར་བ་དམར་པོ་ནས་སྐུ་འཁྲུངས། འཁྲུངས་པའི་ཚེ་སྨིན་མཚམས་སུ་མཛོད་སྤུ་རྒོད་ཀྱི་ཐེའུ་ལྟ་བུར་ཡོད་ཅིང༌། རང་བཞིན་གྱི་རྒྱུད་དུལ་ལ་སྐྱེས་ཐོབ་ཀྱི་ཤེས་རབ་མངའ་བ་ཞིག་ཡོད་དོ།། ཅུང་ཟད་ནར་སོན་ཚེ་བླ་མ་བྲུ་ཞུ་གཉིས་ལ་གཏུགས་ནས་བཀའ་ལྷོ་བྱང་གི་གདམས་ངག་འབོག་པས་དེའི་དོན་ཕལ་མོ་ཆེ་ཐུགས་སུ་ཆུད་དོ།། དམ་པ་རི་ཁྲོད་པ་ལས་རབ་ཏུ་བྱུང་སྟེ་ཕྱི་ནང་གསང་བའི་བསླབ་པ་མ་ལུས་པར་གསན། ཀློང་སྒོམ་ཆེན་པོ་མངོན་དུ་གྱུར། གཞན་དོན་དུ་བཀའ་བརྟེན་སྡེ་ལྔ་ལ་སོགས་གདམས་སྐོར་མང་དུ་མཛད་དེ། དབུས་གཙང་ཁམས་གསུམ་ན་བསྟན་པའི་སྒྲོན་མེ་ལྟ་བུར་གྱུར། མདོར་ན་རྗེ་བཙུན་ཡར་མེ་བ་ནི་རྣམ་རྟོག་ཟིལ་གྱིས་གནོན་པའི་རྟོགས་ལྡན། ངོ་སྲུང་དང་འདུ་འཛི་སྤངས་པའི་བྱ་བྲལ་བ། བསླབ་གསུམ་དོན་དང་ལྡན་པའི་དགེ་བའི་བཤེས་གཉེན། བསྙེན་བསྒྲུབ་མཐའ་རུ་ཕྱིན་པའི་སྒྲུབ་པ་པོ། འདོད་ཡོན་བདུད་དུ་ལྟ་བའི་སྐྱེས་བུ་ཆེན་པོ་སྟེ། གངས་ཅན་གྱི་ལྗོངས་འདིར་སྟོན་སྒོམ་ |
དཔྱད་གཏམ་ཡོངས་ལ་གཟིགས་པ།

