|
གཉིས་དང་ལྡན་པའི་རྩོད་བྲལ་གྱི་སློབ་དཔོན་ཡིན་ནོ།། སྐུ་ཚེའི་ཚད་ཀྱང་དགུང་ལོ་བདུན་ཅུ་རྩ་ལྔར་བཞུགས་ཤིང༌། རྗེས་འཛིན་གྱི་སློབ་མ་གཤེན་སྟོན་ནམ་མཁའ་རྒྱལ་མཚན་སོགས་མང་དུ་བྱོན་ནོ།།
འདི་ཙམ་ན་སྒོམ་རྒྱུད་ལ་གྲགས་ཆེ་བའི་རྟོགས་ལྡན་སྒོམ་ཆེན་འབར་བ་ནི། གདུང་རུས་གཞོམ་ཡིན། སྐུ་མཆེད་གསུམ་གྱི་འབྲིང་པོ་ཡིན། ཆུང་ནས་དད་པ་དང་ལྡན་ཡང་ལམ་སྒོར་ཞུགས་མ་ཐུབ། ཆེར་སྐྱེས་ནས་རྒྱ་གར་སོགས་མཐའ་འཁོབ་རྣམས་ལ་ཕྱིན་ཏེ་ཚོང་བརྒྱབ། རེས་ཤིག་ན་དགྲ་བྱུང་སྟེ་ཡོ་བྱད་རྣམས་འཕྲོག ཁོང་ཉིད་རྡུང་བའི་ཡིད་སུན་ཏེ་ཚོང་ལ་མི་འགྲོ་ཟེར་བའི་མནའ་ཐོ་བཞག དུང་ཕྲེང་ལྔ་བཅུ་ཙམ་ཁྱེར་ནས་རང་ཡུལ་དུ་ལོག་པས། གྲོགས་པོ་ཞུ་དཀར་ཟེར་བས་བརྔན་པ་སྟེར་ཏེ་བོན་སྒོམ་རི་ཁྲོད་པའི་དྲུང་དུ་རྒྱུག་ལ་སྒོམ་ཆེན་གྱིས་ཤིག་ཟེར། དེ་ནས་སྐྱིད་མཁར་སྔོ་ཕུག་ཏུ་སོང་བས་དམ་པ་དེར་བཞུགས། ང་དམ་པའི་རྗེས་སུ་འབྲེང་ཆོག་པའི་གསོལ་བར་བཏབ་པས་རྒྱགས་ཕྱེ་ཡོད་ན་རུང་གསུངས་སོ།། དེ་ནས་དམ་པ་རིན་པོ་ཆེ་འོད་ཡུག་ཡོན་པོ་ལ་ཚུར་ཕེབས་ཉང་ཆུའི་འགྲམ་དུ་འབར་བ་ལ་ངེས་འབྱུང་ཚད་མེད་པ་ཞིག་བྱུང་སྟེ་འཁོར་བ་ལ་ཞེན་པ་ལོག་ནས་ཡོ་བྱད་རྣམས་ཆུ་ལ་བསྐྱུར། དམ་པ་ལས་སྒོམ་ཁྲིད་ནོད་པས་སྒོམ་སྤྲིན་བར་གྱི་ཉི་མ་འདྲ་བ་ཞིག་བྱུང་ཟེར། དེ་ནས་དམ་པ་ལ་གདམས་ངག་མང་དུ་ཞུས་ཀྱང་མ་བྱུང༌། མཐར་ཐུག་གཞིའི་གདམས་པ་ཞུས་ཀྱང་མ་བྱུང༌། ཡིན་ཚུལ་གསུམ་ཞུས་ཀྱང་མ་བྱུང༌། རང་ལོ་གསུམ་ཞུས་ཀྱང་མ་བྱུང་བས་སྒོམ་ཆེན་ཡིད་ཆད་དེ། ཡོ་བྱད་ཅན་རྣམས་ཚོགས་བསགས་བྱེད།། ཚོགས་བསགས་བྱ་རྒྱུའི་ཡོ་བྱད་མེད།། ལྟ་སྒོམ་ཅན་རྣམས་ཉམས་མྱོང་སྐྱོང༌།། ཉམས་མྱོང་བསྐྱང་རྒྱུའི་ལྟ་སྒོམ་མེད།། ཟེར་ནས་ངུས་སོ།། དེ་ནས་ལོ་རེ་ཟུང་ཞིག་ཏུ་དམ་པའི་རྒྱུད་ལ་བཞུགས། རེས་ཤིག་ཏུ་དམ་པས་དབང་བསྐུར་ནས་གསུངས་པ། ཧ་ཧ། བོན་ཐམས་ཅད་ཡེ་མ་བྱུང་མ་སྐྱེས་སྐྱེ་བ་མེད་པར་གདོད་ནས་དག་པ་ལ་དབང་བསྐུར་བ་སུ་ཡིན། ཞུ་བ་སུ་ཡིན་གསུངས་ནས་ནམ་མཁའ་ལ་བཞད་པས་ཐམས་ཅད་ཤེས་པ་འུར། དེ་ནས་བུམ་པ་སྒོམ་ཆེན་གྱི་མགོ་ལ་བཞག་ནས། འབར་བ་སྡུག་སྐད་ཆེ་བ་ཅན། གཟུང་འཛིན་གྱི་རྣམ་རྟོག་ལྟིབས་ཀྱིས་ནུབ་པ་ཞིག་དགོས་པ་ཡིན་ནོ།། བདག་འདུག་གམ་མི་འདུག་ལྟོས་ཤིག་གསུངས་པས། སྒོམ་འབར་ལ་དགེ་སྦྱོར་ལྷག་གིས་བྱུང་སྐད་དོ།། དེ་རྗེས་རྒྱལ་ཐེབས་ལྷ་རྗེ་དྲང་སྲོང་གིས་སྒོམ་བྱུང་ངམ་དྲིས་པས་ད་བྱུང་ཟེར། འོ་ན་ཅི་འདྲ་ཞིག་འདུག་བྱས་པས། སྟོང་གསལ་གྱིས་རིག་པ་གདངས་ཆེ་བ་ཞིག་འདུག འཛིན་མེད་ཀྱི་སྣང་བ་བཀྲག་ཆེ་བ་ཞིག་འདུག་ཟེར། ལྷ་རྗེས་དམ་པ་ལ་དེ་སྐད་ཟེར་ཞུས་པས། གཞན་དག་བྱུང་བ་ལས་ཁོའི་མ་བྱུང་བས་ལེགས་གསུངས་སྐད་དོ།། དེ་ནས་དམ་པའི་སྦྱིན་བདག་སྤ་གཡུང་དྲུང་དྷོར་གྱི་མཆོད་གནས་སུ་རི་ལ་དེངས་ཤིག་གསུངས་པས། ཤར་ཕྱོགས་ཇོ་མོ་གངས་དང༌། སྙེ་མོ་ཤ་སྙིང་ཕུག་རྣམས་སུ་སེང་གེ་གངས་གསེབ་ཏུ་གནས་པ་ལྟ་བུར་དཀའ་བར་སྤྱད་པས། རྟོགས་པའི་ཉམས་ཤར། སྣང་བ་ལམ་དུ་སླངས། བོན་ཉིད་ཀྱི་དོན་རྟོགས། འབྱུང་བའི་དགྲས་མ་ཚུགས། ཕ་རོལ་གྱི་སེམས་རྒྱུད་མཁྱེན་པའི་མངོན་ཤེས་དང་ལྡན་ཏེ། དེས་ན་གཡུང་དྷོར་གྱིས་མཚམས་རྒྱགས་བསྐྱལ་ཏེ་སྤྱིལ་པོའི་ནང་དུ་ལྷན་ཅིག་ཉལ་དུས། ཁོའི་སེམས་ལ་འདི་ལྟར་དྲན། ཉུང་མ་རྒྱབ་གཅིག་བྱང་དུ་བཀལ་ན་བལ་རྒྱབ་གཅིག་འོང༌། དེ་དམག་ལམ་དུ་བཙོང་ན་བལ་སྲང་རེས་མར་ནག་སྲང་རེ་ཁུག མར་དེ་འབྲུ་ལ་བསྒྱུར་ན་འབྲུ་མང་པོ་འོང་བ་འདུག་བསམ་ཙམ་ན། དེ་ཐུགས་ལ་ཤར་ནས་གཡུང་དྷོར་ན་རེ། ལྷོ་བྱང་བསྐོར་ར་དེ་ཙམ་མི་འཁོར་བསམ་པ་མ་མང་བར་གཉིད་ལོག་གསུངས་སྐད་དོ།།
དེ་ལྟར་གྲུབ་ཐོབ་གཙང་པ་སེ་བོ་ནི་ཟག་བཅས་ཀྱི་རྟོག་ཚོགས་ཟིལ་གྱིས་ནོན། ཟག་མེད་ཀྱི་མངོན་ཤེས་ཐོགས་པ་མེད། མི་མ་ཡིན་དང་འབྱུང་བ་ལྔ་དབང་དུ་འདུས་པའི་ལོ་རྒྱུས་མང་དུ་མཐོང་ངོ༌།། ཁོང་ལ་འགྲོ་འདྲེན་ནུས་པའི་སློབ་མ་གྲུབ་ཐོབ་ཁྱུང་སྒོམ་ཇོ་གཡུང༌། སློབ་དཔོན་སྤྲ་བ་ལུང་པ། སངས་རྒྱས་སྨན་གོང་བ་སོགས་དམ་པ་དུ་མར་བྱུང་ངོ༌།། སྐུ་ཚེའི་ཚད་ཀྱང་དགུང་ལོ་བདུན་ཅུ་རྩ་བདུན་བཞུགས་ཏེ་འཁོར་འདས་དབྱེར་མེད་དུ་རྟོགས་ནས་སངས་རྒྱས་སོ།།
འདི་སྐབས་སུ་མཁན་བཙུན་ཇོ་སྲས་ལ་སོགས་སྒྲུབ་རྒྱུད་ཀྱི་བསྟན་པའི་གསལ་བྱེད་མཛད་པ་འགའ་ཞིག་བྱོན་ཀྱང༌། ལུང་གྲགས་ཀྱི་སློབ་དཔོན་སངས་རྒྱས་སྨན་གོང་བ་ནི། རབ་བྱུང་གཉིས་པའི་ཆུ་ཡོས་ལོར་གཡས་རུ་ཤངས་ཀྱི་མགོ་བོར་མར་ཞི་གསེར་གྱི་རྒྱལ་པོའི་གདུང་རྒྱུད་དུ་གྲགས་པའི་མང་ཝེར་གྱི་བོན་པོ་ཐོ་ལེ་གྲགས་ཀྱི་སྲས་སུ་འཁྲུངས། ཟླ་སྐར་རྒྱལ་གྱི་ཉི་མ་ལ་སྐྱེས་པས་མཚན་ཡང་རྒྱལ་ལེགས་བྱ་བ་བཏགས། དགུང་ལོ་ཉི་ཤུ་རྩ་གཅིག་གི་བར་དུ་རྒྱུའི་བོན་ལ་བློ་སྦྱངས་པས་མོ་རྩིས་སྨན་སྔགས་རྣམས་ལ་མངའ་བསྙེམས་སོ།། དེ་ནས་སློབ་དཔོན་སྤྲ་བ་ལུང་པ་ལས་དགེ་བསྙེན་བླངས། རྩི་སྟོན་ཤེས་རབ་གྲགས་ལས་དབང་བཞི་ཞུས། མཁས་པར་གྲགས་པའི་བླ་མ་རྨེའུ་དཔལ་ཆེན་ལས་གཙང་གཙུག་བླངས། བཀའ་ལྷོ་བྱང་གི་བོན་ལ་ཐོས་བསམ་སྦྱངས། ཁྱད་པར་ལྔ་ལྡན་གྱི་མཁན་པོ་བ་གམ་པ་༼སུམ་སྟོན་ཚུལ་བླ་ཡིན༽ ལས་དྲང་སྲོང་གཅིག་རྫོགས་སུ་མཛད། དོན་རྟོགས་ཀྱི་བླ་མ་གཙང་པ་སེ་ ༼སྒོམ་ཆེན་འབར་བ།༽ བོ་ལས་དགོངས་པའི་ཉམས་ཞུས། སློབ་དཔོན་གཙུག་གཤེན་རྒྱལ་བའི་རྗེས་སུ་འཛིན་ནས་གདན་གཅིག་པ་མཛད། གྲོང་ནག་གི་ཐེམ་པ་སྤངས། མཚན་གྱི་གཉིད་སྤངས། རི་ཁྲོད་དང་དུར་ཁྲོད་སོགས་ལ་དཀའ་བ་དུ་མར་སྤྱད། རེས་ཤིག་ན་ཞལ་རས་ལ་ཤ་རོ་དང་ཆུ་བུར་མང་པོར་བྱུང་བས། མོ་རྩིས་མཁན་གྱིས་ན་རེ། མཛེ་ཡིན་པར་འདྲ་བས་དྲག་སྔགས་ལ་འབད་ཟེར། བླ་མའི་ཞལ་ནས་མི་ཚེ་ཡུད་ཙམ་འདི་ལ་ནད་གདོན་ལ་དམིགས་ནས་སྔགས་ཀྱང་བྱེད་མི་ཁོམས། མཛེ་ཁོ་རང་ནམ་འོང་ན་ཤོག་གསུངས་ཏེ་དགོངས་པ་ལ་བཞུགས་པས། ཞལ་རས་ཐམས་ཅད་ཟ་གུ་ལུ་ལུ་བྱས་ནས་སྡོམ་མཐེ་བོང་ཙམ་ཞིག་ཤངས་ནས་ལྷུང་བས། སྙིང་རྗེ་དཔག་ཏུ་མེད་པ་ཞིག་སྐྱེས་པས་སྐུ་ཁམས་མི་བདེ་བའི་སྙུན་ལས་གྲོལ། བླ་མའི་ཞལ་ནས་ནད་གདོན་སོགས་ལ་ཞེ་སྡང་གི་སྒོ་ནས་དྲག་སྔགས་ཅི་ཙམ་བགྲང་བ་ལས། མི་རྟོག་པའི་སེམས་དལ་གཅིག་སྒོམ་པས་བྱིན་རླབས་དེ་རང་ཆེ་འདུག་གསུངས། དེ་ནས་མཚོ་ཉ་གྲོང་རྙིང་དུ་རྣམ་དག་གི་སྒྲུབ་པ་མཛད་པས་བྱིན་རླབས་དངོས་སུ་བྱུང༌། འོ་ཅག་རྣམས་ཀྱིས་སྒྲུབ་པ་དང་དཀའ་ཐུབ་མི་ནུས། བོན་ལྷོ་གཏེར་འདི་འདྲའི་གྲུབ་ཐག་ཉེ་བ་ཁོ་བ་ལ་ཡོད་ན་གྲུབ་ཐོབ་ཀྱི་ལུང་པ་གང་བ་གདའ་གསུངས་སྐད་དོ།།
དེ་ལྟར་སངས་རྒྱས་སྨན་གོང་བ་ནི། བྱམས་དང་སྙིང་རྗེས་རྒྱུད་རླན་ཅིང་མི་རྟོག་པའི་ཡེ་ཤེས་ལས་སུ་རུང་བས་མཛེ་སོགས་ནད་གདུག་པ་ཅན་སོས་པ་དང༌། སྨོན་ལམ་ཐེབས་པའི་གཡུང་དྲུང་སེམས་དཔའ་ཡིན་པས་མི་ནད་དང་ཕྱུགས་ནད་རྒྱུན་གཅོད་པ་དང༌། རྫུ་འཕྲུལ་ལ་རང་དབང་ཐོབ་པས་བྱ་རྒོད་རི་དྭགས་ལ་སོགས་མང་དུ་སྤྲུལ་པ་དང༌། ལྷ་ཞལ་མངོན་དུ་གཟིགས་པས་མཁའ་འགྲོ་མ་དཀར་མོ་སྤྱན་གཅིག་གིས་
|