༄༅། །བསྟན་འབྱུང་རིག་པའི་ཤན་འབྱེད་ནོར་བུ་ཀེ་ཏ་ཀའི་དོ་ཤལ་ཞེས་བྱ་བ་བཞུགས།
|
ཨ་དཀར་ཞི་གཅོད་ཀྱི་གདམས་པ། ཐོ་རངས་བདུན་གྱི་རིང་ལ་སྙན་དུ་བརྒྱུད་པ་སོགས་ཀྱི་རྣམ་ཐར་དཔག་ཏུ་མེད་པར་མངའོ།། དེ་ལྟར་ཐབས་དང་རྫུ་འཕྲུལ་འགྲན་ཟླ་དང་བྲལ་བའི་འགྲོ་མགོན་མར་སྟོན་རིན་པོ་ཆེ་ནི་བདེར་གཤེགས་ཀྱི་སྤྲུལ་པ་ཞིག་འགྲོ་བའི་དོན་དུ་བྱུང་བར་ལགས་སོ།། དམ་པ་འདི་དང་ས་སྐྱ་པཎ་ཊི་ཏ། གཡོར་པོ་མེ་དཔལ། སྤྲུལ་སྐུ་ལུང་བོན་ལྷ་གཉན་རྣམས་དུས་མཚུངས་ཟེར། སངས་རྒྱས་སྨན་གོང་བའི་ཐུགས་སྲས་དམ་པ་བར་ཐང་ཞང་སྟོན་ལྷུན་གྲུབ་རྒྱལ་པོ་ཡིན་ཏེ། འཁྲུངས་ཡུལ་དབུས་གཙང་གཉིས་ཀྱི་ས་མཚམས་ཁ་རག་རྡོ་ཕུང་གི་ནུབ་ཕྱོགས་བར་ཐང་བྱེ་སྟོད་དུ་ཞང་ཞུང་གི་བོན་རྒྱུད་ཅིག་ལ་སྐུ་འཁྲུངས། འཁྲུངས་པའི་ཚེ་སྤྱི་བོར་ཐལ་མོ་སྦྱར་ནས་མངལ་གྱི་ཕྲུ་མ་ཚུལ་གོས་ཀྱི་ཚུལ་མཛད་ནས་བལྟམས། སྐུ་ཅུང་ཟད་བསྐྱེད་ཚེ་ཕྱྭ་སྣང་འཕྲུལ་སྲིད་ལ་སོགས་རྒྱུའི་བོན་མངའ་བསྙེམས། དེ་ནས་ཐེག་ཆེན་གྱི་ལས་འཕྲོ་སད་ཅིང་ཐེག་པ་དམན་པའི་ཚོགས་ལ་སྐྱོ་བ་སྐྱེས་ཏེ་ངེས་འབྱུང་བློ་ཞིག་ནང་ནས་ཤར་གསུངས། དེ་ནས་སངས་རྒྱས་སྨན་གོང་བའི་སྙན་པ་ཐོས་ནས་གཙང་སྟོད་དུ་མཇལ་དུ་ཕྱིན་ཏེ་ཟབ་མོའི་གདམས་ངག་གསན། མཁས་པ་དཔལ་ཆེན་གྲྭ་འཁོར་དང་བཅས་པ་བར་ཐང་དུ་ཕེབས་པས་ཞང་གིས་ཞབས་ཏོག་ཞུས་ཏེ་དགུན་ཅིག་ལ་འཆད་ཉན་མཛད། དེ་ནས་ཐོས་བསམ་བྱ་སྟེ་བླ་མའི་ཕྱག་ཕྱི་ལ་འགྲོ་དགོངས་ཀྱང་བྲུ་རྗེ་མ་མཉེས་ནས་བཞག་ཟེར་རོ།། སྤ་སྟོན་སེང་གེ་འོད་ལས་གསང་སྔགས་གསན། དགུང་ལོ་ཉེར་བདུན་བཞེས་དུས་འགྲོ་མགོན་མར་སྟོན་དང༌། གཤེན་གསུང་ཆེན་པ་གཉིས་མཁན་སློབ་མཛད་དེ་བསྙེན་པར་རྫོགས། དེ་ནས་བཟུང་ཕྱི་རུ་ཚུལ་ཁྲིམས་རྣམ་པར་དག ནང་དུ་ཡེ་ཤེས་རྒྱུན་ཆད་མེད། སྙན་པའི་གྲགས་པ་ཕྱོགས་མེད་ནས་ལྡིར་བས། དབུས་གཙང་ཁམས་གསུམ་གྱི་མཁས་བཙུན་བཟང་པོའི་ཤེས་རབ་ཅན་ཐམས་ཅད་འདུ་ནས་བསྟན་པའི་རྒྱལ་མཚན་བཞིན་དུ་བཀུར་བའོ།། དེ་ལྟར་བླ་མ་ཞང་རིན་པོ་ཆེ་ནི་སྣང་སྲིད་ལ་བཀའ་བཙན་ཞིང་སྐྱེ་འགྲོ་རྣམས་ཀྱི་དོན་ནུས་པ་ཞིག་ཡིན་ཏེ། ལྗགས་ཀྱི་མཆིལ་མ་བཏབ་པས་སྨྱོན་པ་ཐུལ་བ་དང༌། ཞལ་ནས་ཞི་བར་གྱུར་ཅིག་ཙམ་བརྗོད་པས་ཐོག་སེར་དང་ནད་ཡམས་ཆད་པ་དང༌། ཀླུ་ལ་གཏོར་མ་བྱིན་པས་ཆར་ཆེན་པོ་འབབ་པ་དང༌། མཁའ་ལ་སྡིགས་མཛུབ་བསྟན་པས་ཁ་བ་དང་རླུང་དམར་ཆོད་པ་སོགས་ཀྱི་གྲུབ་རྟགས་དཔག་མེད་མངའོ།། མདོར་ན་སྔགས་སེམས་མཚན་ཉིད་ཀྱི་སྲོལ་འཛིན་ནོ།། བློ་གྲོས་དང་སྤོབས་པ་འགྲན་ཟླ་བྲལ་བའི་སྐྱེས་བུ་ཡིན་ནོ།། རྗེས་འཛིན་གྱི་སློབ་མའང་སུམ་སྟོན་ལྷ་འབུམ་ལ་སོགས་མང་དུ་བྱོན་ནོ།། དེ་ཙམ་ན་སྟོད་ན་ཡང་སྟོན་ཆེན་པོ་ཤེས་རབ་རྒྱལ་མཚན་ཡང་དབུས་གཙང་དུ་ཕེབས་ཏེ་གྲྭ་ས་བཟང་རི་ཤར་ལ་བྱས། སྐྲ་ཕུད་དཔལ་ཆེན་ལ་ཕུལ། དབང་བཞི་ཞང་སྟོན་ལ་ཞུས་པའི་ལོ་རྒྱུས་མཐོང་བས་དམ་པ་འདི་རྣམས་དུས་མཉམ་ཡིན་འདུག་གོ།། སློབ་དཔོན་ཞང་གིས་མདོ་སྔགས་ཀྱི་བསྟན་པ་ཕོག་པའི་སྣོད་ལྡན་སུམ་སྟོན་ལྷ་རིན་པོ་ཆེ་ཡིན། སྤྱིར་སུམ་བྷའི་རིགས་ལ་སུམ་སྟོན་ཚུལ་བླ་སོགས་དགེ་བཤེས་མཁས་བཙུན་ལྡན་པ་ཟམ་མ་ཆད་པར་བྱོན་ཅིང༌། ཁྱད་པར་དུ་ལུང་བསྟན་ཆེན་མོ་ལས། དབུས་གཙང་གཉིས་ཀྱི་རུ་མཚམས་སུ།། སྡིག་པ་རྭ་འཛིངས་འདྲ་བ་རུ།། གྲུབ་མཐའ་གཉིས་འཛིན་བྲལ་བའི་བུ།། བཙུན་པ་ལྷ་ཞེས་བྱ་བར་འབྱུང༌།། ཞེས་ལུང་གྲགས་ཀྱི་སྐྱེས་བུ་དེ་ནི། ཡུལ་དབུས་རུ་སྐྱིད་ཤོད་དུ་སུམ་བྷ་གཞོན་ནུ་རྒྱལ་མཚན་ཞེས་སྐུ་བོང་ཤིན་ཏུ་རིང་བ་ཞིག་ཡོད་པས། བླ་དྭགས་སུ་བླ་མ་སུམ་རིང་མ་འབོད་པ་དེའི་སྲས་ཡིན། དགུང་ལོ་བརྒྱད་ནས་ལས་བཟང་གི་མཐུ་བརྟས་པས་བློ་གྲོས་ཀྱི་རྩལ་རྫོགས། སྒོམ་རང་བབས་སུ་མཁྱེན། ལྷ་ས་ཡེར་པའི་བྲག་ནས་ལྷ་རིས་སྦྱོངས། དན་འཕགས་ཀྱི་སློབ་དཔོན་ལས་སློབ་གཉེར་མཛད། བར་ཐང་ཞང་སྟོན་ལས་ཐོས་བསམ་གྱི་སྒྲོ་འདོགས་གཅོད་ནས་བསྙེན་རྫོགས་ཞུས། གཙང་གི་མཚོ་ཉ་སྨན་གོང་དུ་འགྲོ་མགོན་མར་སྟོན་མཇལ་དུ་ཕྱིན་པས་གཟིམ་ཁང་གློག་སྐར་ཞིག་ནས་ཞལ་མཇལ། སྐུ་ཡོངས་རྫོགས་མཐོང་ན་ཅི་མ་རུང་སྙམ་པས། དེ་བླ་མའི་ཐུགས་ལ་ཤར་ནས་ནང་དུ་བོས། ཡ་བཙུན་ཆུང་ཁོ་རེ་མི་རྒན་ལ་བལྟ་རྒྱུ་འདུག་ན་ད་ལྟོས་གསུངས། གདམས་ངག་མང་དུ་ཞུས་པས་ཐུགས་རྗེ་དང་བྱིན་རླབས་ཀྱིས་ཟིན་ནས་རྟོགས་གྲོལ་དུས་མཉམ་དུ་གྱུར། ཐོས་བསམ་སྒོམ་གསུམ་མཐའ་རུ་ཕྱིན་ཏེ་ལྷ་དང་མཁའ་འགྲོའི་ཞལ་གཟིགས། མི་མ་ཡིན་དམ་ལ་ཐོགས་ནས་ཐུན་མོང་གི་གྲུབ་རྟགས་དུ་མར་བཞག བསྟན་པའི་རྗེས་འཛིན་འགྲོ་མགོན་བློ་གྲོས་སོགས་དམ་པ་མང་དུ་བྱུང༌། དགུང་ལོ་བདུན་ཅུ་རྩ་བརྒྱད་བཞེས་ཏེ་སྐུ་ཡལ། མྱ་ངན་ལ་འདས་རྗེས་གང་ཟག་སྐལ་པ་ཅན་ལྔས་བླ་མ་དངོས་སུ་མཇལ་ནས་བྱིན་རླབས་ཞུས་པ་དང༌། ལྷ་ཕྱག་འཚལ་བ་སོགས་ཀྱི་རྣམ་ཐར་མང་དུ་འདུག་གོ།། དེ་ལྟར་མཁས་པ་རྣམས་ཀྱིས་ལུང་ལ་རིག་པས་དབྱེས་ནས་མཛད་པའི་བཀའ་བརྟེན་དང༌། ལྷོ་བྱང་མདོ་གསུམ་ནས་ཐོན་པའི་ཟབ་མོའི་གཏེར་དང༌། གང་ཟག་སྙན་ནས་སྙན་དུ་བརྒྱུད་པའི་སྙན་བརྒྱུད་སོགས། བཤད་སྒྲུབ་གསང་སེམས་ཀུན་གྱི་སྡེ་སྣོད་ཀྱི་ཆུ་བོ་འདུས་པའི་རྒྱ་མཚོ་མཚན་ལྡན་བློ་གྲོས་རྒྱལ་མཚན་ལ་ཐུག་ཅིང༌། དམ་པ་འདི་ནི། གཡོར་པོའི་ས་ཆར་འ་ཞའི་གདུང་ལས་འཁྲུངས། གཡོར་མེའི་སྤྲུལ་པ་བྲམ་ཟེའི་མཚན་རྟགས་འཛིན། ཞེས་ལུང་གིས་ཟིན་ཅིང༌། སྨོན་ལམ་དབང་གིས་ལྷུན་གྲུབ་དབེན་ས་ཁའི་རྒྱལ་ཐེབས་སུ་གྱུར། ལས་བཟང་མཐུ་ལས་སྤྲུལ་སྐུ་དབྱིལ་སྟོན་ཁྱུང་རྒོད་དང༌། རྨ་སྟོན་གོང་འོག་རྣམས་དང་མཇལ་ནས་གདམས་ངག་ཐོབ། སྐུ་ཚེའི་ཚད་ཀྱང་དྲུག་ཅུ་རྩ་དྲུག་ཏུ་བཞུགས་ནས། བཀའ་བབ་ཀྱི་བུ་ཆེན་རང་གྲོལ་འདུལ་བ་རྒྱལ་མཚན་སོགས་མང་དུ་བྱུང་ངོ༌།། དེ་ནས་མཁས་བཙུན་རྒྱལ་བ་རིན་པོ་ཆེའི་དུས་ཙམ་ན་སྒ་སྟོན་བྱ་བྲལ་བ་ཚུལ་ཁྲིམས་རྒྱལ་མཚན་གྱིས་འཆད་རྩོད་རྩོམ་པ་མང་དུ་མཛད་ཅིང༌། ཐེག་འགྲེལ་མེ་ལོང་དགུ་སྐོར་གྱི་བཤད་སྲོལ་བཏོད། ཁོང་འཁྲུངས་ཡུལ་རྒྱལ་རོང་ཆུ་ཆེན་གྱི་ཕྱོགས་སུ་རང་གྲོལ་བྱ་བའི་བླ་མ་བཟང་པོ་ཞིག་གྲོངས་པའི་གདུང་བསྲེག་ཤུལ་དུ་དགུན་ཟླ་འབྲིང་པོའི་སྒང་ལ་མེ་ཏོག་ངོ་མཚར་ཅན་བདུན་འཁྲུངས་པས་སྐྱེས་ཕྲེང་བདུན་ལ་བསྟན་འཛིན་བཟང་པོ་རེ་འབྱུང་ཟེར་བའི་རྟེན་འབྲེལ་འགྲིག ཕྱིར་ལོ་བླ་མ་དེའི་མཆེད་ཟླ་གེ་ཁོད་འབོད་པའི་ཤེས་རབ་ཆེ་བ་ཞིག་ཡོད་པས་དེའི་སྲས་སུ་འཁྲུངས། གཞོན་ནུའི་དུས་ནས་གཞན་དང་མི་འདྲ་བའི་རྟགས། ཤིག་ལ་སྤུ་དང་སྭོ་སེན་ཡོད་པ་དང༌། སྲོ་མ་ལ་ཁ་མིག་དོད་པ་དང༌། སྤུ་དཀར་ནག་ལ་སྦུ་གུ་དང་ཁོང་གསེང་ཡོད་པ་མཐོང་སྐད་དོ།། ཅུང་ཟད་ནར་སོན་ཚེ་ཤེས་རབ་ཀྱི་སྟོབས་རྒྱས། དབུས་གཙང་ཕྱོགས་སུ་ཕེབས་ཏེ་སྟོད་ལུང་ཤེར་བཟང་དང༌། དར་ལྡིངས་ཀྱི་སློབ་དཔོན་བསོད་རིན་སོགས་ལས་སྡེ་སྣོད་མཐའ་དག་ལ་བློ་སྦྱངས་པས་འཆད་པ་དང༌། རྩོད་པ་དང༌། རྩོམ་པ་ཀུན་ལ་མི་འཇིགས་པའི་བློ་གྲོས་ཐོབ། གསུང་རྩོམ་རྣམས་ལན་གཉིས་རེ་མཛད་པས་སྔ་རྩོམ་རྣམས་ནུབ། ཕྱི་རྩོམ་རྣམས་དར་བའོ།། གཡས་རུ་དབེན་ས་ཁར་ཕེབས་ནས་མཁས་བཙུན་རྒྱལ་ |
དཔྱད་གཏམ་ཡོངས་ལ་གཟིགས་པ།

