༄༅། །བསྟན་འབྱུང་རིག་པའི་ཤན་འབྱེད་ནོར་བུ་ཀེ་ཏ་ཀའི་དོ་ཤལ་ཞེས་བྱ་བ་བཞུགས།

ཉི་ཟླའི་འོད་ཟེར་མི་འཕོག་ཅེས་གཞན་སྡེ་རྣམས་ཀྱིས་འཆད་དོ།།
     དེ་ནས་རི་རབ་ཀྱི་རྩེ་ནི་ས་གཞི་གསེར་ལས་གྲུབ་ཅིང་དབྱིབས་གྲུ་བཞི་ལྟ་བུ་ལ། དབུས་སུ་རྣམ་པར་རྒྱལ་བའི་ཁང་བཟང་སོགས་ལྷའི་དགའ་སྟོན་ཐམས་ཅད་ཆགས་ལ། དེ་ནས་ཡར་སྤྲིན་དཀར་བརྩེགས་པ་ལྟ་བུའི་གནས་ལ་བསམ་གཏན་བཞི་དང༌། མུ་བཞིའི་ལྷ་གནས་རྣམས་འོད་དང་ཟེར་གྱི་ཚུལ་དུ་ཇེ་རྒྱས་སུ་ཆགས་ལ། དེ་ཡང་ཁམས་གོང་མ་ལ་སྲིད་པའི་རྩེ་མོ་བཏགས་ཤིང༌། སྲིད་རྩེའི་རྒྱ་ནི་ལྕགས་རི་དང་མཉམ་པར་བཞེད་དོ།། དེ་ལྟར་སྲིད་རྩེ་ནས་རྨང་གཞིའི་བར་ཚངས་རྒྱུང་གི་འཇིག་རྟེན་གཅིག་སྟེ། ཡས་མས་སུ་ཉི་ཤུ་རྩ་ལྔ་གསེར་གྱི་དོང་ཙེ་བརྩེགས་པ་འདྲ་ཞིང༌། ཕན་ཚུན་དུ་བཞི་བཅུ་ཟ་འོག་གི་བེར་ཁྱིམ་བཀྲམ་པ་ལྟ་བུར་གནས་ལ་འཇིག་རྟེན་འདི་ནི་ཀུན་གྱི་དབུས་མའོ།།
      དེ་ལྟ་བུའི་འཇིག་རྟེན་དེ་དག་གཅིག་ནས་གཉིས་སུ་བརྩིས་པའི་སྟོང་ལ་སྟོང་དང་པོ་སྤྱི་ཕུད་ཀྱི་འཇིག་རྟེན། དེ་སྟོང་ལ་སྟོང་གཉིས་པ་བར་མའི་འཇིག་རྟེན། དེ་སྟོང་ལ་སྟོང་གསུམ་པ་མཐར་ཐུག་གི་འཇིག་རྟེན་ཏེ། དོན་དུ་ཚངས་རྒྱུང་བྱེ་བ་ཕྲག་བརྒྱར་ཡོད་དེ་མཆོག་གི་སྤྲུལ་སྐུ་སྟོན་པ་གཤེན་རབ་ཀྱི་འདུལ་ཞིང་མི་བཅེད་པའི་འཇིག་རྟེན་གཅིག་གོ། འོ་ན་དེར་མ་འདུས་པའི་འཇིག་རྟེན་ཡོད་དམ་ཞེ་ན་ཡོད་དེ། མདོ་ལས། སྟོང་གསུམ་འཇིག་རྟེན་ཕར་འདས་ན།། འཇིག་རྟེན་ཁམས་ཀྱང་བསམ་ལས་འདས།། ཞེས་གསུངས་པ་ལྟར་གདུལ་བྱ་འཇིག་རྟེན་ཀྱི་ཁམས་ཤིན་ཏུ་གྲངས་མང་ཞིང༌། འདུལ་བྱེད་བདེར་བར་གཤེགས་པའང་བསམ་གྱིས་མི་ཁྱབ་ཀྱང་སྐབས་འདིར་བཤད་བྱ་དེ་ཙམ་མོ།།
སྨྲས་པ།
མཐའ་ཡས་བདེར་གཤེགས་གསུང་གི་ཆུ་གཏེར་ལས།།
དོན་གཉེར་མཁས་པའི་གྲུ་གཟིངས་ལེགས་ཞུགས་ནས།།
འཁྲུལ་བྲལ་མངོན་པའི་སྡེ་སྣོད་བསམ་འཕེལ་དབང༌།།
ལྗོངས་འདིའི་ཕོངས་པའི་རེ་བསྐོང་ངོ་མཚར་རྨད།།

 

 

དེ་ཡི་དགོངས་འགྲེལ་ལུང་རིགས་མུ་ཏིག་ཕྲེང༌།།
ཚད་གསུམ་ཚིག་གི་སྲད་བུར་བརྒྱུས་པའི་བཤེས།།
མཁས་དབང་དབྱར་མོ་༼གཉོས་རྒྱལ་༽ཐང་པ་ལ་སོགས་ཀྱི།།
དགོངས་ཀློང་དྲི་མེད་པད་མོར་འདིར་གསལ་བྱས།།

རབ་མཛེས་བསྟན་བཅོས་ཟླ་བའི་མེ་ལོང་ངོར།།
སྣང་ཚུལ་དུ་མའི་གཟུགས་བརྙན་གསལ་བ་ལ།།
དཔྱོད་ལྡན་མཆོག་དང་ཕལ་གྱི་དགོངས་སྤྱོད་ལས།།
བླུན་པོས་དུག་གི་ཁ་རླངས་གཏིབས་ན་ནོངས།།
ཞེས་པ་ནི་བར་སྐབས་ཀྱི་ཚིགས་སུ་བཅད་པའོ།། །།
     གཉིས་པ་འཁོར་བའི་བདེ་སྡུག་གི་གནས་ལུགས་རྟོགས་པའི་སྒོ་ནས་ཟག་བཅས་ཐམས་ཅད་སྡུག་བསྔལ་དུ་ཤེས་པའི་ཆེད་དུ་ནང་བཅུད་ཀྱི་གྲོལ་ཚུལ་བསྟན་ཏེ། དེ་ཡང་སྣོད་ཀྱི་འཇིག་རྟེན་རྨང་གཞི་རླུང་གི་དཀྱིལ་འཁོར་ནས་མས་ཡར་རིམ་གྱིས་ཆགས་ལ། བཅུད་ཀྱི་སེམས་ཅན་ནི། འོད་གསལ་ལྷ་ལས་ཡས་མར་གྲོལ་བ་སྟེ། རྫུ་འཕྲུལ་ཅན་གྱི་ལྷ་སྲིད་པའི་རྒྱལ་པོ་སངས་པོ་འབུམ་ཁྲི་དང༌། ལྷ་མོ་ཆུ་ལྕམ་རྒྱལ་མོ་གཉིས་ཐབས་ཤེས་རྫུ་འཕྲུལ་བསྡེབས་ནས་སྲིད་པ་དྲལ་དགུ་ལྕམ་དགུ་དང༌། སྤྲུལ་པ་དགུ་བཅུ་གོ་བརྒྱད་སོགས་སྤྲུལ་ནས་གནམ་ལ་ལྷ་གར་རྟེན་གསུམ། ས་ལ་འདྲེ་སྲིན་བྱུར་གསུམ། བར་ན་མི་སྨྲ་གཤེན་གསུམ་སོགས་ལུང་ཙམ་ལ་བསྟེན་པར་ཡིན་གྱི། དོན་དུ་སངས་རྒྱས་ཀྱི་ཐུགས་རྗེ་ལས་ཀྱང་སེམས་ཅན་གྱི་ལས་དབང་བཙན་པ་བཞིན། འགྲོ་བ་རྣམས་ཀྱི་ལྷན་སྐྱེས་དང་ཀུན་བརྟགས་ཀྱི་མ་རིག་པ་ཕྲ་རྒྱས་རགས་པའི་དབང་གིས་སེམས་ཅན་གྱི་བྱེ་བྲག་ཇི་སྙེད་ཅིག་སྲིད་དེ། དེ་དག་ཁམས་ཀྱིས་བསྡུས་ན་གསུམ་དང༌། རིགས་ཀྱིས་བསྡུས་ན་དྲུག་དང༌། ལམ་གྱིས་བསྡུས་ན་ལྔ་དང༌། སྐྱེ་རྒས་བསྡུས་ན་བཞི་སོགས་གསུངས་མོད་ཀྱང༌། འདིར་ངན་འགྲོ་གསུམ་དང་བདེ་འགྲོ་གསུམ་དུ་བསྡུས་ནས་འཆད་དེ།
      དང་པོ་ལ་དམྱལ་བ། ཡི་དྭགས། བྱོལ་སོང་གསུམ། དེའི་དང་པོར། རྒྱུ་ཞེ་སྡང་རྣམ་པར་སྨིན་པས་འབྲས་བུ་དམྱལ་བ་མངོན་དུ་གྱུར་པ་ནི། ཐེག་ཆེན་པས་གནས་ལ་ངེས་པར་མེད་དེ་རང་སྣང་འཁྲུལ་པའི་རྐྱེན་གྱིས་བག་ཆགས་གཡོ་བར་འདོད་ལ། ཐེག་དམན་ལྟར་ན་འོག་གཞི་རླུང་གི་དཀྱིལ་འཁོར་ལ་གྲུབ་ཅིང༌། དེ་ཡང་ཡས་ནས་མར་བགྲང་བའི་དང་པོར། ཁ་བ་དང་བུ་ཡུག་དང༌། ཆུ་དང་འཁྱགས་རོམ་སོགས་ཀྱིས་གྲང་བའི་སྡུག་བསྔལ་མི་བཟོད་ནས་སྒྲ་འབྱིན་པའི་ཨ་ཆུ་དང༌། སྒྲ་དེ་ལས་ཆེར་འབྱིན་པའི་ཀྱི་ཧུད་དང༌། སྒྲ་འབྱིན་མི་ནུས་པའི་སོ་འཐམ་པ་དང༌། གྲང་རེག་ནུས་པས་ཆུ་བུར་ཅན་དང༌། དེ་བརྡོལ་ནས་རྨ་རུ་སོང་བའི་ཆུ་བུར་བརྡོལ་དང༌། ལུས་དུམ་བུ་བཞི་ཙམ་གས་པའི་པད་མ་ལྟར་གས་པ་དང༌། བརྒྱད་དང་བཅུ་དྲུག་ཙམ་གས་པས་པད་མ་ལྟར་ཆེར་གས་པ་དང༌། ཤ་རུས་རྨའུ་རྣམས་སྔོན་པོར་སོང་ནས་ལུས་སིལ་བུར་གྱུར་པའི་ཨུ་དཔལ་ལྟར་གས་པ་དང་བརྒྱད།
     གྲང་དམྱལ་དེ་དག་གི་འོག་ཏུ་ཚ་དམྱལ་བརྒྱད་ཆགས་ཏེ། དང་པོ་ལྕགས་ཀྱི་ཁ་ཊཾ་རྩེ་གསུམ་ཅན་བསྲེགས་ནས་རྐང་མཐིལ་འཕང་དང་གསུམ་ནས་ཕྲག་པ་དང་སྤྱི་བོའི་བར་ཐལ་གྱིས་ཕུག་པས་འཆིའོ།། དེ་ཕྱུང་བ་དང་སོས་པས་ཡང་སོས། ལུས་ལ་ཐིག་ནག་པོ་བཏབ་སྟེ་སོག་ལེས་རྒྱ་གྲམ་དུ་གཤོག་པའི་ཐིག་ནག་དང༌། ལྕགས་ཀྱི་ཕ་ཝང་ལུག་གདོང་འདྲ་བ་འཐབ་པའི་བར་དུ་ལུས་མྱོགས་པ་བསྡུས་འཇོམས་དང༌། རལ་གྲི་དང་སྤུ་གྲི་ལ་སོགས་མཚོན་ཆའི་ནགས་ཚལ་དུ་ལུས་དུམ་བུར་བཏུབས་པ་ལ་མཐའ་ནས་ཉེ་དུ་མཐོང་བས་ངུ་བར་བྱེད་པའི་ངུ་འབོད་དང༌། ལྕགས་ཀྱུ་དང་མདུང་ཐུང་སོ་གྱེན་དུ་བསྟན་པའི་རྩེ་ལ་འཛེགས་ནས་ངུ་འབོད་ཆེར་འབྱིན་པའི་ངུ་འབོད་ཆེན་པོ་དང༌། ཟངས་རྒྱ་མ་སྟོང་ཤོང་དུ་ཁྲོ་ཆུ་ཁོལ་མ་སྦུད་པ་བཞིས་སྦུད་ནས་འཚོད་པའི་ཚ་བ་དང༌། དེ་ལ་སྦུད་པ་བཅུ་དྲུག་ཙམ་གྱིས་སྲ་བརྟན་ལྕགས་ཀྱི་ཐུ་ལུམ་ཡང་སྐད་ཅིག་ཏུ་མར་ཞུ་བ་བཞིན་དུ་འཇུ་བའི་དོང་དུ་འཚོད་པའི་རབ་ཏུ་ཚ་བ་དང༌། ཀུན་གྱི་འོག་ན་ལྕགས་ཀྱི་ཁང་པ་དགུ་ཁྲི་དགུ་འབུམ་ཡོད་པར། དགྲ་དང་གཅན་གཟན་གྱིས་དེད་ནས་བྲོས་པའི་ཚེ། ལས་ཀྱི་དབང་གིས་མེ་ཡི་ཁང་པ་དེ་དག་གི་ནང་དུ་ཚུད་ནས་ཐལ་བ་སྤུངས་ཤིང༌། སྡུག་བསྔལ་དེ་ལས་མནར་ཐབས་མེད་པའི་གནར་མེད་དང་བརྒྱད་ཆགས་ལ། ཚ་དམྱལ་དེ་དག་གི་ཕྱི་རོལ་དུ་ལྷག་པའི་དམྱལ་བ་ཞེས། མེ་མ་མུར་གྱི་འོབས་གཏིང་རྐེད་པ་ནུབ་ཅིང༌། ཞེང་དཔག་ཚད་གཅིག་ཏུ་ཡོད་ལ། དེའི་ཕྱི་རིམ་དུ་རོ་མྱགས་ཀྱི་འདམ་རྫབ་ཆེན་པོ་ལ་སྦྲང་བུ་ལྕགས་ཀྱི་མཆུ་ཅན་ཤ་རུལ་བཏོལ་ནས་དོན་སྣོད་འབྱིན་པར་བྱེད་པ་ཡོད་དོ།། དེའི་ཕྱི་རིམ་དུ་རལ་གྲིའི་ནགས་ཚལ་དང་ཤལ་མ་རིའི་སྡོང་པོ་ཤ་ཁམ་རེ་དང་ཁྲག་ཐིགས་པ་རེར་གཅོད་པའི་གནས་ཡོད་ལ། དེའི་ཕྱི་རིམ་དུ་ཐལ་ཚན་གྱི་ཆུ་བོ་རབ་མེད་ལུས་ཐལ་བར་བསྲེགས་པའི་གནས་ཡོད་ལ། དེ་དག་གི་ཕྱི་རོལ་ན་གཤིན་རྗེའི་ཕོ་ཉ་རྣམས་ཀྱིས་བསྐོར་ནས་གནས་སོ།།
      ཚ་གྲང་གི་དུ་ཏི་བཅུ་དྲུག་གི་བར་ན་ཉི་ཚེ་བ་ཞེས་ཚེ་གཅིག་ལ་སྡུག་བསྔལ་གཉིས་དུས་གཅིག་ཏུ་འབྱུང་བ་

 

青ICP备08000069号
QQ:568095347
E-mail:liamrgbm@yahoo.com.cn

པར་དབང་རེབ་གོང་བོན་མང་དྲ་བར་དབང་བས་གཞན་གྱིས་མི་སྤྱོད་པར་མཁྱེན།
བོད་ཀྱི་ཆ་འཕྲིན་ལག་རྩལ་དྲ་བས་ལག་རྩལ་ཕྱོགས་ནས་རོགས་སྐྱོར་བྱས་པར་ཐུགས་རྗེ་ཆེ་ཞུ།