༄༅། །བསྟན་འབྱུང་རིག་པའི་ཤན་འབྱེད་ནོར་བུ་ཀེ་ཏ་ཀའི་དོ་ཤལ་ཞེས་བྱ་བ་བཞུགས།

བ་ལས་བོན་ཐུན་རེ་ཙམ་གསན། གཞུང་ཚིག་གི་སྒྲོས་གླེང་མཛད་སྐབས་ཁྱབ་པ་མ་གྲུབ་མང་ཙམ་གསུངས་པར་བརྟེན། མཚན་ཉིད་པ་རྣམས་ཀྱིས་སྟོན་པ་ཁྱབ་པ་མ་གྲུབ་ཅེས་འབོད་དོ།། དེ་ལ་ཐུགས་མ་མཉེས་ནས་གྲྭ་ས་སྙེ་མོ་བཟང་རི་ལ་བྱོན་ནས་སུམ་སྟོན་བཟང་པོའི་དཔལ་གྱི་དྲུང་དུ་བསྙེན་པར་རྫོགས། ཚུལ་ཁྲིམས་རྣམ་པར་དག་པ་ལ་གཅེས་སྤྲས་མཛད། རེ་ཤིག་ན་རྫོགས་ཆེན་ཡང་རྩེའི་དཔེ་ཆ་ཞིག་གཟིགས་ནས། ང་བོན་འདི་དང་འཕྲད་ཕྱི། ན་སོ་དར་བའི་དུས་འཕྲད་ན་ད་ཙམ་འཕུར་ནུས་པ་ཡོང་གསུངས་ནས་དེའི་ལྟ་དགོངས་རང་ལ་ཐུགས་གཏད། ཕྱིས་འབྲོག་ས་ཞིག་ཏུ་ལྡོམ་བུ་མཛད་པའི་དུས། ཤ་ཁྱི་མང་པོས་དེད་པའི་ཚེ་ཕྱག་གདེངས་ནས་བྱ་རྒོད་ཅིག་གི་མགྱོགས་བུལ་ཙམ་དུ་འཕུར་སོང་བ་ཕྱུགས་རྫི་མང་པོས་མཐོང་སྐད་དོ།། ཉིད་ཀྱི་ཞལ་སློབ་ཏུ་གྱུར་པ་ཀུན་མཁྱེན་ཤེར་འོད་དང༌། ཤེས་རབ་བློ་གྲོས་སོགས་མང་དུ་བྱོན་ཅིང༌། རོང་སྟོན་ཤའཀྱ་རྒྱལ་མཚན་ཟེར་བའི་ཆོས་ཕྱོགས་ལ་གྲགས་ཆེ་བ་དེའང་སྒ་སྟོན་གྱི་སློབ་རྒྱུད་ཡིན་ནོ།། དེ་ལྟར་མཁས་བཙུན་བཟང་གསུམ་དང་ལྡན་པའི་སློབ་དཔོན་དེ་ནི་འདི་སྣང་བློས་བཏང་གི་བྱ་བྲལ་བ། གཏད་མེད་རང་གྲོལ་གྱི་བྱང་ཆུབ་སེམས་དཔའ། དཀའ་ཐུབ་དོན་དང་ལྡན་པའི་དྲང་སྲོང་ཡིན་ཏེ། སྐུ་ཡལ་དུས་བབ་དྲ་ནང་ན། ཡང་རྩེ་ཀློང་ཆེན་པོད་ཆུང་གཅིག་དང༌། ཧོས་རུ་གཅིག་ལས་གཞན་ཅི་ཡང་མི་འདུག་པས། དེ་ལ་གཟིགས་ནས། བྱ་བྲལ་ཟེར་ན་ང་འདྲ་བ་ཞིག་དགོས་པ་ཡིན་གསུངས་ནས་སྐུ་ཡལ། དེ་དུས་དགུན་གུང་ཡིན་ཡང་ས་ཆུ་ཐམས་ཅད་ལྷོད། རི་ལུང་ཀུན་ལ་མེ་ཏོག་རྒྱས་པ་སོགས་ཀྱི་རྟགས་བྱུང་ངོ༌།།
    འདི་ཙམ་ན་གཏེར་སྟོན་གུ་རུ་རྣོན་རྩེས་རྟ་ནག་དུང་ཕོར་ནས་གཏེར་རྙེད་ཅིང༌། སྨད་དུ་ཀྱུ་ར་རྣལ་འབྱོར་གྱིས་པོམ་རའི་གཏེར་སྒོ་འབྱེད། མོན་བོན་ཧ་ར་ཅི་པར་གྱི་རྣམ་འཕྲུལ་སྐྱེ་གནས་བརྒྱ་ཕྲག་དུ་མ་ལ་མ་བསྒྲིབ་པར་གཟིགས་པའི་རྟོགས་ལྡན་རི་བ་འབྲུག་གསས་ཀྱིས་གནས་ཆེན་བོན་རིའི་སྒོ་འབྱེད། སྤྲུལ་སྐུ་ཁྲོ་གཉེར་རྒྱལ་མཚན་ལ་སྙན་བརྒྱུད་ཀྱི་བཀའ་བབ། ཁོད་པོ་བློ་གྲོས་ཐོགས་མེད་ཀྱི་སྦ་ཞབས་བྲག་གི་གཏེར་ཐོན་པ་སོགས་གཡུང་དྲུང་གི་བོན་མ་བཀག་ཤུགས་ཀྱིས་བརྡོལ་ནས་སྟོད་སྨད་ཀུན་ཏུ་དར་ཞིང་རྒྱས་པའོ།། དེའི་ནང་ནས་ཀྱང་སྔགས་མཚན་གཉིས་ཀའི་བསྟན་པ་ལྷུན་གྲུབ་དབེན་ས་ཁ་དང༌། འདུན་གནས་བཟང་པོའི་རི། འཇད་ཀྱི་དར་སྡིངས། ཞུ་ཡི་རི་ཞིང༌། སྤ་ཡི་ལྷོ་ཕུག ཁྱུང་པོའི་གདན་ས་དཔལ་གྱི་འབྲོང་རྫོང་སོགས་ཡ་བཞིའི་གྲྭ་ས་རྣམས་ལ་དར་བའོ།།
   འདི་སྐབས་དབེན་ས་ཁའི་སློབ་དཔོན་མཁས་གྲུབ་རིན་ཆེན་བློ་གྲོས་ཡིན། ཁོང་དབེན་ས་ཁའི་ཞོལ་དུ་བྲུ་ཤའི་ཚ་བོ་ཞིག་ཏུ་འཁྲུངས། མཚན་ལྡན་རྣམ་རྒྱལ་ཀ་རའི་ཐུགས་བཅུད་བླངས་ནས་སྡེ་སྣོད་ཀུན་ལ་བློ་སྦྱངས། འཕེན་ཡུལ་ན་ལེན་ཏྲར་རོང་སྟོན་ཤེས་བྱ་ཀུན་རིག་ལས་དབུ་ཚད་ལ་སོགས་གཞུང་ལུགས་ཀུན་གྱི་སྒྲོ་འདོགས་གཅོད། མདོ་སྟོད་སྨད་ཀུན་ཏུ་འཆད་ཉན་གྱི་འཁོར་ལོ་རྒྱ་ཆེན་པོར་བསྐོར། བསྟན་པ་བཞག་པའི་སྣོད་ལྡན་ཀུན་མཁྱེན་རྗེ་མཉམ་མེད་ཤེས་རབ་རྒྱལ་མཚན་སོགས་དམ་པ་མང་དུ་བྱུང༌། སྐུ་ཚེའི་ཚད་ཀྱང་དགུང་ལོ་དྲུག་ཅུ་རྩ་བཞི་བཞུགས་པར་གདའོ།།
    དེ་ནས་རབ་བྱུང་དྲུག་པའི་མེ་སྤྲེལ་ལོར་རྒྱལ་རོང་ཆུ་ཆེན་གྱི་ཕྱོགས་སུ་ཡབ་ཀླུ་རྒྱལ་དང༌། ཡུམ་རིན་ཆེན་སྨན་གཉིས་ལ་ཤེས་རབ་སྨྲ་བའི་སེང་གེ་མི་ཡི་ཟོལ་དུ་བསྟན་པའི་མཉམ་མེད་ཆེན་པོ་ཤེས་རབ་རྒྱལ་མཚན་འཁྲུངས། ཆུང་ནས་ལྷ་དང་སྲུང་མས་བརྩེ་བ་དང༌། བྱམས་དང་སྙིང་རྗེ་མངའ་བ་ཞིག་ཡོད་ལ། བྱིས་པའི་དུས་སུ་བཙའ་རྫི་མ་ཐེང་བའི་རྐྱེན་གྱིས་ཤིང་ཐུར་ཞིག་གིས་སྤྱན་ཡ་གཅིག་ཞར་བར་བྱས་སྐད་དོ།། སྐུ་ཅུང་ཟད་རྒྱས་ཚེ་འཇིག་རྟེན་ལ་སྐྱོ་བ་སྐྱེས་ནས་དབུས་གཙང་དུ་ཕེབས། གྲྭ་ས་དབེན་ས་ཁ་མཛད། མཁས་གྲུབ་རིན་ཆེན་བློ་གྲོས་ཀྱི་ཞབས་སུ་བཏུད་ནས་ཕྱི་ནང་གསང་བའི་དབང་ལུང་གསན། ཐོས་བསམ་སྒོམ་པའི་སྒྲོ་འདོགས་གཅོད། མཁན་པོ་ཚུལ་ཁྲིམས་ཡེ་ཤེས་ལས་བསྙེན་པར་རྫོགས་ཏེ་དྲང་སྲོང་མཛད། རེས་འགའ་དབེན་ས་ཁའི་ཟུར་བཤད་ཀྱི་ཡོངས་འཛིན་མཛད་ནས་འཆད་ཉན་སྤེལ། རེས་འགའ་གསང་ཕུག་སོགས་སུ་སྒོམ་སྒྲུབ་མཛད། དུས་ལན་གཅིག་ན་ཡུམ་གྱིས་དམ་ལ་དགོངས་ནས་རྒྱལ་རོང་དུ་ཕྱིར་ཕེབས། དེའི་ཚེ་ལོག་པའི་ངན་སྔགས་སོགས་ཀྱིས་རྐྱེན་བྱས་ནས་དབེན་ས་ཁའི་བསྟན་པ་རྫོགས།། བླ་མ་ཡར་ཕེབས་ནས་མཁར་སྣའི་གསང་ཕུག་ཏུ་ཡུན་རིང་ཙམ་བཞུགས་པས་དབེན་ས་ཁའི་གྲྭ་ཚོགས་ཕྱོགས་གཞན་དག་ཏུ་སོང་བ་འགའ་འདུ་ནས་རི་ཁྲོད་ཅིག་བརྒྱབ་ན་ཟེར་བའི་གྲོས་བརྩམས་པས། བླ་གྲྭ་བཅུ་བསྐོར་ཙམ་ཁམས་ཆེན་ན་ར་ལ་ཁྲ་ཐེར་ཕུབ་ནས་དབྱར་ལོ་གཅིག་ཏུ་བཞུགས། གནས་དེར་རྟེན་འབྲེལ་བརྟགས་པས་སྨན་རིའི་ཤུལ་དུ་ཕྱུགས་རྫི་རྣམས་ཀྱིས་རྔ་སྒྲ་དང་དུང་སྐད། གཎ་ཌིའི་སྒྲ་སོགས་ལན་རེ་གཉིས་ཐོས་པས་དགོན་པ་ཞིག་གི་ལས་འགྲོ་འདུག་ཟེར། སྒྲུབ་པ་པོ་ཞིག་འདུག་པའང་སོང་སྐད་དོ།། དེ་ནས་སློབ་དཔོན་གཙོ་འཁོར་རྣམས་སྨན་རིར་བྱོན་ནས་ཞག་གཅིག་བཞུགས་པས་ཉེ་གནས་ཞིག་གི་རྨི་ལམ་དུ། གནས་དེར་ལྗོན་ཤིང་ལོ་འབྲས་ལྡན་པ་ཞིག་སྐྱེས་ནས། ཀུན་གྱིས་འབྲས་བུ་ལ་ལོངས་སུ་སྤྱོད་པར་རྨིས་པས་བླ་སློབ་ཐམས་ཅད་ཀྱི་འདུན་ཐག་བཅད་དེ་རབ་བྱུང་བདུན་པའི་ཤིང་བྱ་ལོར། མཉམ་མེད་བླ་མ་དགུང་ལོ་ཞེ་དགུར་བཞེས་པའི་དུས་རི་ཁྲོད་ཀྱི་རྨང་གཞི་འདིང༌། དབུས་གཙང་ཁམས་གསུམ་གྱི་གྲྭ་སློབ་འདུ་ནས་ཚུལ་ཁྲིམས་རྣམ་པར་དག་པའི་གཞི་ཚུགས། སྔོན་དབེན་ས་ཁའི་སློབ་དཔོན་འགའ་ཞིག་དབྱར་གནས་ལ་ཕེབས་དུས་བཀྲ་ཤིས་སྨན་རི་ཞེས་འབོད་པའི་མིང་ཡང་དེ་རང་སོར་བཞག་གནང་བར་གསུངས། གནས་དེར་བཤད་པ་བོན་གྱི་འཁོར་ལོ་མཛད་པས་རྒྱལ་ཚབ་རིན་ཆེན་རྒྱལ་མཚན། མངའ་རིས་བསོད་ནམས་རྒྱལ་མཚན། བྲུ་སྟོན་ཤེས་རབ་སེང་གེ་སོགས་གཞན་དོན་ནུས་པའི་སློབ་མ་མང་ཙམ་བྱོན། སྒྲུབ་པ་སྒོམ་གྱི་འཁོར་ལོ་མཛད་པས་གཏོར་མ་ལ་ཟིལ་ཐིགས་འབེབས་པ་དང༌། སྐུ་ལུས་ལ་འཇའ་ཚོན་འཐུལ་བ་སོགས་བྱུང་ཡང༌། རྗེ་ཉིད་ནི་དམན་ས་འབའ་ཞིག་ལ་བཞུགས་ནས། ལྷ་ཞལ་གཟིགས་སམ་ཞུས་ཀྱང་མ་གཟིགས། ཉམས་རྟོགས་འཁྲུངས་སམ་ཞུས་ཀྱང་མ་འཁྲུངས། གྲུབ་རྟགས་ཐོན་ནམ་ཞུས་ཀྱང་མ་ཐོན་གསུངས་པ་མ་གཏོགས་རང་ཁེངས་དང་ཚུལ་འཆོས་རྒྱུད་ནས་མི་མངའ་བའི་སྐྱེས་བུ་ཡིན་ནོ།། གཞན་དོན་དུ་མཁས་གྲུབ་སློབ་དཔོན་བཅོ་བརྒྱད་ཀྱི་ཁས་ལེན་དང་མཐུན་པར་སྔགས་མཚན་ཀུན་ལ་ཏི་ཀ་དང་གསལ་བྱེད་མ་མཛད་པ་ཆེར་མེད་དོ།། དགུང་ལོ་དྲུག་ཅུར་བཞེས་པའི་ཤིང་ལུག་ལོར་རྒྱལ་ཚབ་རིན་ཆེན་རྒྱལ་མཚན་ལ་གདན་ས་གཏད་ནས་སྐུ་མྱ་ངན་ལ་འདས་སོ།། འདི་ཙམ་ན་བཀའ་གདམས་པའི་དགེ་བཤེས་ཆེན་པོ་ཙོང་ཁ་པ། དམུ་གཤེན་ཉི་མ་རྒྱལ་མཚན། སྤྲུལ་སྐུ་བློ་ལྡན་སྙིང་པོ་རྣམས་དུས་མཉམ་ཙམ་མོ། མཉམ་མེད་བླ་མའི་རྗེས་འཛིན་མཁན་རབས་ཇི་སྙེད་ཅིག་བྱོན་འདུག་ཀྱང༌། རྒྱལ་ཐེབས་བསོད་ནམས་གཡུང་དྲུང་དང༌། མཁས་གྲུབ་གཡུང་དྲུང་ཚུལ་ཁྲིམས་སོགས་ནི་ལུང་རིག་ཚུལ་བཞིན་དུ་སྨྲ་

青ICP备08000069号
QQ:568095347
E-mail:liamrgbm@yahoo.com.cn

པར་དབང་རེབ་གོང་བོན་མང་དྲ་བར་དབང་བས་གཞན་གྱིས་མི་སྤྱོད་པར་མཁྱེན།
བོད་ཀྱི་ཆ་འཕྲིན་ལག་རྩལ་དྲ་བས་ལག་རྩལ་ཕྱོགས་ནས་རོགས་སྐྱོར་བྱས་པར་ཐུགས་རྗེ་ཆེ་ཞུ།