༄༅། །བསྟན་འབྱུང་རིག་པའི་ཤན་འབྱེད་ནོར་བུ་ཀེ་ཏ་ཀའི་དོ་ཤལ་ཞེས་བྱ་བ་བཞུགས།

བའི་བཤེས་གཉེན་ཡིན་འདུག་གོ།།
    མཉམ་མེད་འཁྲུངས་ལོ་ནས་ལོ་བཞི་ཙམ་འདས་པའི་ལྕགས་བྱི་ལོར་གྱིམ་ཤོད་དུ་སྤྲུལ་སྐུ་བློ་ལྡན་སྙིང་པོ་ཞེས་སྙིགས་དུས་བསྟན་འགྲོའི་གདུང་བ་སེལ་ཞིང་ཡོན་ཏན་གྱི་ཁྱད་པར་ངོ་མཚར་ཕ་མཐའ་ཡས་པས་མཆོག་སྤྲུལ་དེ་ལ་སྙན་བརྒྱུད་བོན་གྱི་གཏེར་མཛོད་བརྡོལ། གཡུང་དྲུང་བོན་ལ་བཀའ་དྲིན་ཆེ་བ་ཡིན་ནོ།། ཁོང་གི་སྙན་བརྒྱུད་མཛད་མདོ་རྒྱས་པ་ལྷོ་གཏེར་གྱི་ཐེམ་བྱང་ལ་འདུག་པས། རིག་འཛིན་མཁའ་གྲོའི་ཕྲིན་ལས་ཀྱི་སྒོ་མ་འགག་པ་ཡིན་པས་ཕྱིས་སྤྲུལ་སྐུ་འདི་ལ་སྙན་བརྒྱུད་དུ་བབ་པ་ཨེ་ཡིན་སྙམ་མོ།། སྐུ་ཚེའི་སྟོད་ལ་གཏེར་རྙིང་གི་བསྡུ་བ་ལྟ་བུར་མཛད་ཅིང༌། སྨད་ལ་གཤིན་རྗེ་གཤེད་དམར་སོགས་ཀྱི་སྔགས་གསར་མའི་དབུ་བརྙེས་པར་ལགས་སོ།། དེ་ནས་ཤེལ་ཞིག་གཡུང་དྲུང་རྒྱལ་པོའམ། གསང་མཚན་མི་ཤིག་རྡོ་རྗེར་འབོད་པ་དེ་ལ་སྙན་བརྒྱུད་མང་པོའི་བཀའ་བབ་ནས་གསང་སྔགས་གསར་མ་དར། དེ་ལ་གྲུབ་མཐའ་རང་རྐང་ཚུགས་པ་མེད་ཀྱང༌། ཕྱིས་རབ་བྱུང་བཅུ་གཉིས་པའི་ལྕགས་འབྲུག་ལོར་ཤར་རྫའི་ལྗོངས་སུ་མཁས་དབང་ཀུན་གྲོལ་གྲགས་པ་དཔལ་གྱི་ཡོན་ཏན་ཞེས་བྱ་བ་དེ་ཉིད་འཁྲུངས། དེ་ཡང་སྤྲུལ་སྐུ་བློ་ལྡན་ཁ་བྱང་ལས། དྲན་པའི་སྤྲུལ་པ་སྐྱེས་མཆོག་ཅིག། ལྷོ་སྨད་ཁྱུང་པོ་རོང་དུ་འཁྲུངས།། འགྲོ་དོན་མཐའ་འཁོབ་རྣམས་སུ་འབྱུང༌།། གནས་ཆེན་གཏེར་གྱི་སྒོ་ཡང་འབྱེད།། ཅེས་གསུངས་ཤིང༌།།
    དེའི་འཁྲུངས་ལོ་ནས་ལོ་ལྔར་འདས་པའི་ཤིང་བྱ་ལོར། གཏེར་སྟོན་སངས་རྒྱས་གླིང་པ་འཁྲུངས་ནས་ཟབ་གཏེར་ཅི་རིགས་ཐོན། ཁོང་རྣམ་གཉིས་ཕྲིན་ལས་ཀྱི་དཔུང་བསྒྲིགས་ནས་རྒྱལ་རོང་དཔོན་ཁག་འགའ་དང་མཆོད་ཡོན་འབྲེལ། སྔགས་གསར་མའི་ཆོ་ག་དང་ཕྱག་ལེན་མང་དུ་མཛད་ནས་མདོ་སྨད་ཀྱི་ལྗོངས་དེར་ཅུང་ཟད་དར། འོན་ཀྱང་མཁས་དབང་ཀུན་གྲོལ་གྲགས་པ་ནི་ཕྱི་ལུང་རིག་གཉིས་ལ་མཁྱེན་རབ་རྒྱས་ཤིང༌། ནང་གསང་སེམས་ལས་སུ་རུང་བའི་གང་ཟག་ཡིན་ཞིང༌། ཁྱད་པར་གྱི་ཕྲིན་ལས་རྨད་དུ་བྱུང་བ་ནི་བསྟན་པ་ཕྱི་དར་གྱི་བོན་རྣམས་མདོ་འབུམ་རྒྱུད་མཛོད་བཞིར་ཕྱེས་ནས་བཀའ་འགྱུར་གྱི་བསྒྲིགས་བྱང་མཛད་དེ་རྒྱལ་རོང་བསྟན་སྦྱིན་འགའ་ལ་སྤར་དུ་བཀོད་པར་བསྐུལ་བ་ནི་བསྟན་པའི་ལམ་སྲོལ་བཟང་པོར་བཏོད་པས་བཀའ་དྲིན་ཆེ་བའོ།། ཕྱིས་བཀའ་འགྱུར་གྱི་བསྒྲིགས་བྱང་མཛད་པ་འགའ་མཆིས་རུང་གོང་མའི་རྗེས་ཟློས་སྒོ་ནས་མཛད་བྱང་སྔ་མ་བརྩམ་གཞིར་བཞག་སྟེ། དེ་ལ་དགག་སྒྲུབ་རྩོད་སྤང་ལ་སོགས་བྱེད་པ་ནི་མཁས་འདོད་དང་བབ་ཆོལ་གྱི་བྱ་བར་སེམས་སོ།། དེ་དག་ནས་ན་རེ། བྱེ་མ་ཉི་ཁྲི་ཆུ་རྒྱུན་གྱི་འབུམ་གཏེར་དང་སྙན་བརྒྱུད་སོགས་ནས་བྱོན་དང་མ་འབྱོན་ཐེ་ཚོམ་དུ་བྱས་འདུག་པར། གཏེར་གྱི་ཐེམ་བྱང་ལ་བརྟགས་ན་ལྷོ་གཏེར་རྩ་འགག་སོང་བའི་གྲས་སུ་འདུག་པས་ཁོ་བོས་མ་འབྱོན་པར་འདོད་དོ།། ཡང་པད་འབྱུང་ནི་སྔོན་དབལ་བོན་ཆེན་པོས་བགེགས་སྲིན་བཏུལ་བའི་འཕྲོ་ལུས་པ་དེ་དག་གི་སྐྱེས་མཐར་སྒྲུབ་པ་ནི། རྒྱུད་འགྲེལ་ལས་མ་བསྟན་པས་གཟུ་ལུམ་གྱི་གཏམ་དུ་ཟད་དོ།། དེ་སྐབས་སུ་མི་མངོན་ཕག་ནས་གནོད་པར་བྱེད་པའི་འདྲེ་ཞེས་པ་ནི། ལྷན་སྐྱེས་དང་ཀུན་བརྟགས་ཀྱིས་བསྡུས་པའི་མ་རིག་པ་ཕྲ་རགས་མ་གཏོགས་འདྲེ་ཡན་འགའ་བ་གཞན་མེད་པས། དཔེར་ན་ལྷ་འདྲེ་དབྱེར་མི་ཕྱེད་པའི་ངན་སེམས་འདི་འདྲ་ནི་ཐེག་ཆེན་ལ་གོམས་སྟོབས་ཆུང་ཞིང༌། དག་སྣང་ཕྱོགས་འཛིན་གྱི་སྐྱོན་དུ་ལྟའོ།།
    འོ་ན་སྔར་བོན་ཆོས་དར་ནུབ་སྐབས་སུ་བོན་གཤེན་རྣམས་དང་འགལ་འདུ་ཆེ་བས་དེང་དུས་ཀྱང་ལོག་པར་ལྟ་སྙམ་ནས། སྐབས་དེར་བདག་ཅག་རྣམས་ཀྱི་གོང་ན་གནས་པའི་རིག་འཛིན་མཁས་པ་མི་བཞི་དང་མཐུ་ཆེན་གཤེན་དགུ་ལ་སོགས་མཁས་ཤིང་གྲུབ་པ་ཐོབ་པ་མང་དུ་བཞུགས་པས་དགག་སྒྲུབ་དང་དགྲ་ཟླར་འཛིན་ན་དེ་དག་གིས་མཛད་ཀྱིས་མ་གནང་བ་ནི་གདུལ་བྱ་དཀྲི་དྲང་དང༌། དག་སྣང་ཕྱོགས་མེད་མཛད་ནས་བཞག་པའོ།།
    འདིར་གསར་མ་ཞེས་པའི་ཐ་སྙད་ནི་སྤྱིར་སྟོན་པ་གཅིག་གི་བསྟན་པ་ལ་གནས་པ་ཡིན་པས་ལོག་རྟོག་དང་སྒྲོ་སྐུར་བྱར་མི་རུང་ཡང༌། དོན་ནི་པད་འབྱུང་དང་བན་ཆོས་བསྒྱུར་བཅོས་བྱས་པའི་བན་བོན་འདབ་འདྲེས་སུ་གྱུར་པ་རྣམས་ལ་འབོད་དོ།། དེ་ལ་དཔྱད་ན་སྤ་གྲོ་ནས་བོན་ཞིག་གིས་ཐོན་པའི་རྫོགས་ཆེན་གསེར་ཐུར་དང༌། ཡབ་སྲས་བཅུད་དྲིལ་སོགས་ལས་པད་འབྱུང་དངོས་སུ་བྱུང་ཞིང༌། ཟང་ཟང་དང་དུང་ཕོར་གཏེར་ལས་ཕྱོགས་ཙམ་གྲགས་པས་དགག་སྒྲུབ་དཀའ་བ་དང༌། བོན་ཆོས་འདབ་འདྲེས་འདི་ཡང་སྔར་བསྟན་པ་དར་ནུབ་ཀྱི་དུས་སུ་རང་རེའི་བོན་སྒོ་ཇི་སྙེད་ཅིག་ཆོས་སུ་སོང་ལ། ཕྱིས་རང་སྡེའི་སློབ་དཔོན་གྲགས་ཆེ་བ་རྣམས་ཀྱིས་ཆོས་ཀྱི་སྡེ་སྣོད་ལ་སྦྱངས་པའི་རྣམ་ཐར་མཐའ་ཀླས་པར་མཐོང་བས་རྩོད་སྤངས་དཀའ་འོ།། འོན་ཀྱང་མདོ་སྔགས་ཕྱག་ལེན་གྱི་རིགས་ལ་གྲུབ་མཐའི་རང་རྐང་འཛིན་པ་མ་གཏོགས་གསར་བོན་དང་ཡུལ་ལུགས་ངན་པ་མི་བསྲེ་བ་བྱས་ན་སྒབ་དྲོ་ཞིང་བྱིན་ཆེ་བ་ཡིན་གྱིས། དགེ་སྦྱོང་རྣམས་ཀྱིས་གྲུབ་མཐའི་ཆགས་སྡང་གིས་སྐྱོན་མེད་སྐྱོན་དུ་བཟུང༌། རྩོད་མེད་རྩོད་གཞིར་སློང་བ་ནི་ཐར་ལམ་འཇིག་པའི་རྒྱུ་ཡིན་པས་ཤིན་ཏུ་ཅོལ་ཆུང་ངོ༌།། དེ་ལྟར་གསར་ཕྱོགས་ལ་ལུང་རིག་སྨྲ་བ་མཁས་གྲུབ་ཀུན་གྲོལ་གྲགས་པ་ཡིན་ཏེ། ཁོང་གིས་མཛད་པའི་ལེགས་བཤད་རྣམས་བློ་དམན་གོ་བདེ་ཞིང་ལམ་སྒོར་འཛུད་བྱེད་ཕན་ཆེ་བ་ཞིག་ཡོད་ཀྱང༌། ལུང་འདྲེན་ཕལ་ཆེ་བ་བན་བོན་བསྲེས་ཏེ་བློ་ལྡན་རྣམས་ཀྱིས་བརྩམ་གཞི་འདྲ་སླཽང་ཚེ་ལུང་གི་ཡིད་རྟོན་དཀའ་བ་དང༌། གདམས་སྐོར་རྣམས་རྫོགས་པ་ཆེན་པོ་ཞང་ཞུང་སྙན་བརྒྱུད་དང༌། རྗེ་རི་ཁྲོད་པ་ཡབ་སྲས་ལྟ་བུ་ལས་ལྷག་པར་མི་འདུག་ཅིང༌། ཟབ་གདམས་དེ་དག་རྣམས་ཁ་གསལ་འཇུག་བདེར་བསྡུས་པ་ཡིན་འདུག་ཀྱང༌། སྔོན་ཆད་གངས་རིའི་ཁྲོད་འདིར་གྲགས་པ་མེད་གསུངས་པའི་ཟོལ་བསྟོད་དང༌། གསང་གདམས་ཁ་ཅིག་ཏུ་བ་གའི་ཀློང་དུ་མངོན་སངས་རྒྱས་པའི་ཐར་ལམ་ཡོད་ན་རུང༌། རིག་མ་མཐོང་ནས་དགའ་བ་བསྐྱེད་པའི་དུས་རབ་དགའི་ས་ཐོབ་གསུངས་པ་འདི་མི་འཇེབས་ཏེ། སྒྲུབ་པ་ཕོ་མོ་ཕལ་ཆེར་ལ་དེ་འདྲའི་དགའ་སེམས་ཙམ་འཆར་དུ་རུང་བས། ས་ཐོབ་ཀྱིས་རྒྱལ་ཁམས་གང་བའི་སྐྱོན་དུ་འགྱུར་རོ།། དེ་ལྟར་ས་ལམ་གྱི་རིགས་ལ་འགལ་འདུ་མང་ངོ༌།། གཞན་ཡང་སྔགས་གསར་མ་ལ་བརྟེན་ནས་རང་སྣང་གང་ཤར་གྱི་རྒྱན་དུ་ཁྱེར་ཏེ་ཁས་ལེན་དང་འཇོག་མཚམས་མེད་པའི་གང་ཟག་རེ་ལ་གྲུབ་མཐའ་རེ་འདུག་པ་ནི་བསྟན་པ་བབ་ཅོལ་དུ་འགྲོ་བའི་སྐྱོན་ཡང་མཐོང་ངོ༌།།
    སྤྲུལ་སྐུ་ཀུན་གྲོལ་གྲགས་པའི་སྒང་ཙམ་ལ་རྒྱལ་རོང་དུ་རྒྱལ་ཁྱུང་གི་གདུང་ལ་དྲན་པའི་སྤྲུལ་པ་ནང་སོ་གཡུང་དྲུང་ཡེ་ཤེས་བྱ་བ་བྱུང༌། དེའི་རྗེས་འཛིན་གཡུང་དྲུང་བསྟན་འཛིན། དེའི་རྗེས་འཛིན་ཡེ་ཤེས་སྙིང་པོ་སོགས་ཀྱིས་སྒོམ་སྒྲུབ་ཀྱི་སྲོལ་འཛིན་ནས་བཀའ་གདམས་ཨ་ཁྲིད་ཀྱིས་མདོ་སྨད་དགེ་སྦྱོང་མང་པོའི་ལམ་སྣ་དྲངས་འདུག
    རབ་བྱུང་དགུ་པའི་ཆུ་ཕག་ལོར་བྱ་དུར་ཉི་མ་འོད་ཟེར་འཁྲུངས། སྒོམ་རྒྱུད་ཀྱི་སྲོལ་ཅུང་ཟད་ཚུད་པ་ཀོང་པོ་རུ་ལྡོང་

青ICP备08000069号
QQ:568095347
E-mail:liamrgbm@yahoo.com.cn

པར་དབང་རེབ་གོང་བོན་མང་དྲ་བར་དབང་བས་གཞན་གྱིས་མི་སྤྱོད་པར་མཁྱེན།
བོད་ཀྱི་ཆ་འཕྲིན་ལག་རྩལ་དྲ་བས་ལག་རྩལ་ཕྱོགས་ནས་རོགས་སྐྱོར་བྱས་པར་ཐུགས་རྗེ་ཆེ་ཞུ།