༄༅། །བསྟན་འབྱུང་རིག་པའི་ཤན་འབྱེད་ནོར་བུ་ཀེ་ཏ་ཀའི་དོ་ཤལ་ཞེས་བྱ་བ་བཞུགས།

སྒོམ་དང་འཁྲུལ་ཞིག་རྣམས་ལ་བརྒྱུད། ཕྱིས་གཏེར་སྟོན་སངས་རྒྱས་གླིང་པའི་ཕྲིན་ལས་ཀྱི་སྤྲུལ་པ་དྲང་སྲོང་མི་འགྱུར་རྒྱལ་མཚན་གྱིས་སྒོམ་རྒྱུད་དེ་དག་འཛིན་ནས་སྤེལ། དེང་དུས་ཁྱུང་པོ་རུ་དཀའ་ཐུབ་ཉི་མ་རྒྱལ་མཚན་གྱི་སྒོམ་སྒྲུབ་རྣམས་ཀྱང་དེ་དག་གི་རྒྱུད་ཡིན་ནོ།།
    རབ་བྱུང་བཅུ་གསུམ་པའི་མེ་འབྲུག་ལོར་མདོ་སྨད་སྣང་ཞིག་གི་གདུང་ལས་རིག་འཛིན་གྱེར་མི་ཉི་འོད་ཀྱི་སྣང་བརྙན་འགྲན་བྲལ་ཟླ་བ་རྒྱལ་མཚན་དེ་ཉིད་འཁྲུངས། སྐུ་ཅུང་ཟད་རྒྱས་ཚེ་དབུས་གཙང་ལ་ཕེབས་ཏེ་དབྲ་སྟོན་ཤེས་རབ་དགོངས་རྒྱལ་ལས་ཕྱི་ནང་གསང་བའི་གདམས་ངག་འབོག སྒྲ་བསྒྱུར་སྐྱེད་མོ་ཚལ་དུ་ཐོས་བསམ་གྱི་སྒྲོ་འདོགས་གཅོད། ས་སྐྱའི་གཙུག་ལག་ཁང་དུ་ལུང་རིག་གི་སྐད་གསང་བསྒྲགས། འབྲིག་མཚམས་མཐའ་དཀར་བྲག་ཏུ་བསྙེན་སྒྲུབ་མཛད་པས་ཉམས་རྟོགས་ཁྱད་པར་ཅན་འཁྲུངས། དགུང་ལོ་སོ་དགུར་བཞེས་པའི་རབ་ཡིད་ཤིང་རྟ་ལོར་རྣམ་རྒྱལ་ཀུན་གྲགས་གླིང་གི་གཞི་འདིང༌། དེ་ནས་དབུ་མ་འདུལ་མཛོད་སོགས་ཀྱི་བཤད་སྲོལ་ཚུགས་པས་སྙིགས་དུས་ཀྱི་བསྟན་པའི་གསལ་བྱེད་དམ་པ་ཡིན་ནོ།། སྐྱེས་བུ་འདི་ནི་ལུང་རིག་ཕུལ་དུ་ཕྱིན་པའི་དྲན་དབང༌། མཐར་ཐུག་ཀློང་སྒོམ་རྟོགས་པའི་རྣལ་འབྱོར་པ། སྣང་བ་རྫུན་དུ་སྒྲུབ་པའི་གང་ཟག ཚད་ལྡན་སྣང་ཞིག་གི་མཁན་པོ་དེ་ཉིད་ཡིན་ནོ།།
    འདི་སྐབས་ལུང་རིག་གི་རྟགས་འཛིན་པ་འགའ་ཡང་བྱུང་སྟེ། དར་སྡིངས་སུ་མཁས་དབང་ཤིའ་ལ་དྷ་ཛ། མདོ་སྨད་དུ་སྐྱང་སྤྲུལ་མུ་ལ་ཝེར་ཞི། མཁན་པོ་ཉི་རི་ཤེལ་ཞིན་རྣམས་ཀྱིས་བསྟན་པའི་གསལ་བྱེད་མཛད་པ་རྣམས་དག་སྣང་གི་ཡུལ་ཡིན་ཀྱང༌། དཔྱད་ན་སྤྲུལ་སྐུ་ཀུན་གྲོལ་གྲགས་པའི་རྗེས་ཟློས་འབའ་ཞིག་འདུག་པ་མ་ཟད་བསྟན་རྩིས་ཀྱི་རིགས་རྣམས་ཞལ་མི་མཐུན་པས་བརྩམ་གཞི་རུང་བའི་ཡིད་བརྟན་མི་འདུག་གོ།
    རབ་བྱུང་བཅུ་བཞི་པའི་ཆུ་སྦྲུལ་ལོར་མདོ་སྨད་དུ་རྨེའུ་བ་གོར་གདུང་ལ་གཤེན་གསང་བ་འདུས་པའི་རྣམ་འཕྲུལ། མཚན་བརྗོད་པར་དཀའ་བའི་གཏེར་ཆེན། རིག་པ་འཛིན་པ་བདེ་ཆེན་གླིང་པ་ཞེས་ཕྱི་ནང་གསང་བའི་མཚན་གྱི་རྣམ་གྲངས་ཇི་སྙེད་འཛིན་པ་དེ་ཉིད་འཁྲུངས། དམ་པ་འདི་ནི་ཐུགས་རྗེ་དང་བྱིན་རླབས། བློ་གྲོས་དང་སྤོབས་པ་གང་ཡང་གཞན་དྲིང་མི་འཇོག་པའི་གང་ཟག་ཡིན་ཏེ། སྔོན་གནས་རྗེས་སུ་དྲན་པ་དང༌། མཁའ་སྤྱོད་ཀྱི་ཚོགས་གྲལ་དུ་གཤེགས་པ་དང༌། ས་འོག་གི་གཏེར་ལ་སྤྱོད་པ་དང༌། མི་མ་ཡིན་གྱི་ཞབས་ཏོག་ཞུ་བ་སོགས་ཐུན་མོང་མ་ཡིན་པའི་ཕྲིན་ལས་འགྲན་པའི་ཟླ་དང་བྲལ་བ་ཡིན་ནོ།། ཁོང་ལ་ཁྱད་པར་ཅན་གྱི་བླ་མ་ལྔ་ཡོད་དེ། གསང་སེམས་ངོ་སྤྲོད་ཀྱི་ཟབ་གདམས་མ་ལུས་པ་གྲུབ་དབང་གཡུང་དྲུང་ཕུན་ཚོགས་ནས་གནང༌། བྲུ་ཞུ་སྤ་རྨེའུ་ནས་བརྒྱུད་པའི་གཏེར་རྙིང་ཐམས་ཅད་མཁན་པོ་ཉི་མ་བསྟན་འཛིན་དང་ཁྱུང་པོའི་སྔགས་འཆང་སྟག་སླག་ཅན་གཉིས་ནས་བརྒྱུད། སྤྲུལ་སྐུ་རྣམ་བཞི་ནས་བརྒྱུད་པའི་གསང་སྔགས་གསར་མའི་གདམས་སྐོར་མཆོག་སྤྲུལ་བསྟན་འཛིན་ཚུལ་ཁྲིམས་དང༌། རྒྱལ་སྲས་བསྟན་པ་དབང་རྒྱལ་ཟུང་ནས་བརྒྱུད། བཀའ་དྲིན་ཅན་དེས་མདོ་སྔགས་གཟུངས་གསུམ་གྱི་བཀའ་ལུང་མན་ངག་ཐམས་ཅད་བུམ་པ་གང་བྱོས་ཀྱི་ཚུལ་དུ་བདག་ལ་བསྩལ་བའོ།།
སྨྲས་པ།
ཚུལ་གསུམ་མཚོན་ཆའི་འཁོར་ལོས་བདུད་སྡེའི་གཡུལ།།
ཕམ་མཛད་རིག་པའི་ས་སྲུང་ལྷ་ཡི་བཤེས།།
མཚན་སྙན་ཡོངས་སུ་གྲགས་པའི་བཀའ་དྲིན་ཅན།།
བརྒྱུད་ལྡན་བླ་མ་དད་པའི་ཡིད་མཁར་མཆོད།།

 

 

སྒོ་གསུམ་ལང་ཚོ་ཉོན་མོངས་ཆུས་མྱོས་ནས།།
བག་མེད་དུག་ལྔའི་སྣ་ཞགས་རིང་དུ་བརྐྱང༌།།
ཕན་བདེའི་པད་རྩ་ལག་པས་འཇོམས་པའི་སྐྱོན།།
གང་མཆིས་མི་ཡི་གདོང་ལྔ་ཡོངས་ལ་བཟོད།།

ངོ་མཚར་ལུང་རིག་ལྷ་ཡི་གཞལ་མེད་ཁང༌།།
སྲིད་འབྱོར་མ་ལུས་སྤུངས་འདྲའི་ལེགས་བཤད་འདིས།།
བློ་གྲོས་འདོད་རྒུའི་དབུལ་བའི་ལེགས་བྲིས་རྣམས།།
ཟད་མེད་རིན་ཆེན་འཚོ་བས་ཅིས་མི་རྒྱགས།།
ཞེས་པ་ནི་བར་སྐབས་ཀྱི་ངལ་གསོའོ།།
    ད་ནི་བསྟན་པ་བཅོས་དང་མ་བཅོས་ཀྱི་དབྱེ་བ་ནི། མཛོད་ལས། བཀའ་ནི་ཚད་མར་འཛིན་པ་ལ།། མ་བཅོས་མ་བསླད་མཚན་ཉིད་འཛིན།། ཞེས་གསུངས་པ་ལྟར་སྔོན་ཚེ་སྟོན་པ་གཤེན་རབ་ཀྱི་བཀའ་ལ་བདུད་ཀྱི་བསླུ་ཚིག་དང༌། སྲིན་གྱི་ལོག་ཚིག་སོགས་ཀྱིས་འཆོས་ཚུལ་དུ་མར་བྱས་ཀྱང་སྐྱོན་དུ་མ་ཞུགས་པ་ནི་སངས་རྒྱས་ཀྱི་ཕྲིན་ལས་ཡིན་ལ། དེ་ནས་གྲི་གུམ་བཙད་པོའི་དུས་གསང་སྔགས་ཀྱི་བོན་ལ་བཅོས་བསླད་མང་དུ་སོང་བས་བྱིན་རླབས་ཆ་གཅིག་དེ་ནས་བྲི་ཟེར། དེ་ཡང་བཅོས་སྔ་བ་ཐུ་མི་སམ་བྷོ་ཊས་བོན་གྱི་ཡི་གེ་བཅོས་ཏེ་སྔོན་ཆད་བོད་ལ་ཡི་གེ་མེད་ཟེར་བའི་སྐུར་བ་བཏབ། ཀླུ་འབུམ་ནང་ནས་གཟུངས་ཆེན་དང་གྲྭ་ལྔ་བཅོས་པར་བཤད། ཕྱིས་བོན་ཆོས་དར་ནུབ་ཀྱི་སྐབས་སུ་བི་མ་ལ་མི་ཏྲ་དང༌། པདྨ་སམ་བྷ་བས་རྗོགས་ཆེན་བསྒྲགས་པ་སྐོར་གསུམ་ཆོས་སུ་བསྒྱུར། དེ་ལ་བརྟེན་ནས་གྲུབ་པ་ཐོབ་པ་མང་དུ་བྱུང༌། མངོན་པར་རོལ་པའི་རྒྱུད་སྡེ་གསང་འདུས་དང་བདེ་མཆོག་སོགས་སུ་བཅོས། ཞི་ཁྲོ་དང་ཕུར་པ་དག་ཀྱང་ལྷ་རྐང་འདྲ་བས་བཅོས་པར་མངོན། ཀོང་ཙེས་མཛད་པའི་མོ་རྩིས་གཏོ་གསུམ་གྱི་སྐོར་ཡང་མང་དུ་བཅོས། བཻ་རོ་ཙ་ནས་སྨན་འབུམ་དཀར་ནག་ཁྲ་གསུམ་བཅོས་ཏེ་རྒྱུད་བཞིར་བསྒྱུར། དྲང་སྲོང་དང༌། ཅུར་ནིས། ཏྲེས་སམ་སོགས་ནི་བཀའ་རྟགས་སུ་བཞག་ཟེར། ལོ་ཙཱ་བ་སྐ་ཅོག་གཉིས་ཀྱིས་རིག་པ་རྩེ་འབུམ་བསྒྱུར་ཡང་རྫོགས་དུམ་ཞང་སྐད་མ་ཁྲོལ་བས་ཁྱུང་འཕགས་ཀྱིས་བསྒྱུར་རོགས་བྱས་ཀྱང་ཟེར། དོན་དུ་སྟོང་ཕྲག་བརྒྱ་པ་ལ་རྒྱ་དཔེ་མེད་པས་བོན་འཆོས་པའི་རྟགས་སོ།། བསྟན་པ་ཕྱི་དར་གྱི་ཁོངས་འདིར་རྗེ་འབྲུག་དང༌། གཉེན་སྟོན་སོགས་ཀྱི་བོན་རྒྱུད་མང་པོ་ཆོས་སུ་སོང་ལ། ཁུ་ཚ་དང༌། ཁྱུང་རྒོད། བོན་ཞིག་སོགས་ལ་ནི་བོན་ཆོས་གཉིས་ཀྱི་གཏེར་ཡོད་པ་ཤེས་དགོས་སོ།། བླ་མ་གཤེན་གྱིས་ལྷོ་གཏེར་ཐོན་པ་རྣམས། ཕྱིས་ཅོག་ལ་གཡུ་སྐྱིད་ཀྱིས་ཁམས་ཆེན་ལ་སྤྲོ་བསྡུ་བྱས། དེ་བཞིན་དུ་སློབ་མ་རྣམས་ཀྱིས་ཞི་བ་ལ་ཞི་ཆུང༌། ཁྲོ་བོ་ལ་ཁྲོ་ཆུང༌། རྣམ་དག་ལ་རྣམ་ཆུང་སོགས་བོན་ཐམས་ཅད་ཚོང་དུས་ཀྱི་འོ་མ་བཞིན་དུ་བསླད་པ་ལ། དབང་ལྡན་ཞུ་ཡས་ལེགས་པོས་བཅོས་བསླད་མ་མཛད་པའི་ཐུགས་རྗེས། རྨེའུ་སྟོན་སྒོམ་གཉིས་ཀྱིས་ཞུ་ཡི་གཏེར་དཔེ་ལ་གཏུགས་ནས་ཐེ་ཚོམ་གྱི་དག་གཤེར་བྱས་པས་དེང་དུས་བཀའ་ལྷོ་གཏེར་བྱིན་རླབས་མ་ཡལ་བར་སྤྱོད་རྒྱུ་ཡོད་པ་འདི་དེའི་བཀའ་དྲིན་ཡིན་འདུག་གོ།། གླང་སྟོན་བརྩོན་གྲུས་སེང་གེས་བདལ་འབུམ་དང་དྲི་མེད་འབུམ་གཉིས་ཀྱི་འགྲེས་ལ་སྤྲོ་བསྡུ་བྱས་ཀྱང་ཟེར། གྲུབ་ཐོབ་འོན་སྒོམ་ཕུག་པའི་ཕྱག་ཏུ་རྒྱུང་སྲུབ་བྲག་གི་གཏེར་འཕྲོར་གྱུར་པའི་ཤོག་སེར་འགའ་ཞིག་བྱུང་བ་རྣམས་དོན་ལ་གཏེར་ཡིན་ཡང་གྲུབ་ཐོབ་རང་གིས་ཐོན་པ་མིན་ཞེས་གྲགས། དམ་པ་རང་གྲོལ་གྱི་སྙན་བརྒྱུད་རྣམས་ཤར་པ་རྣལ་འབྱོར་ལ་བཀའ་བབ། ཕྱིས་ཤར་པ་རང་གི་སྙན་བརྒྱུད་ཡིན་རྒྱུར་མཛད་པའི་དྲི་མེད་མཆོག་བྱང་སོགས་ནི་དགོངས་པ་ཀློང་བརྡོལ་གྱི་ཚིག་ཡིན་

青ICP备08000069号
QQ:568095347
E-mail:liamrgbm@yahoo.com.cn

པར་དབང་རེབ་གོང་བོན་མང་དྲ་བར་དབང་བས་གཞན་གྱིས་མི་སྤྱོད་པར་མཁྱེན།
བོད་ཀྱི་ཆ་འཕྲིན་ལག་རྩལ་དྲ་བས་ལག་རྩལ་ཕྱོགས་ནས་རོགས་སྐྱོར་བྱས་པར་ཐུགས་རྗེ་ཆེ་ཞུ།