༄༅། །བསྟན་འབྱུང་རིག་པའི་ཤན་འབྱེད་ནོར་བུ་ཀེ་ཏ་ཀའི་དོ་ཤལ་ཞེས་བྱ་བ་བཞུགས།

པས་སྙན་བརྒྱུད་དང་ཁྱད་མེད་དོ།།
    དེང་དུས་བྲུ་ཤའི་རིང་ལུགས་འདི་ལའང་མཚན་ལྡན་འ་ཞ་རིན་པོ་ཆེ་སོགས་ཀྱིས་མཛད་པའི་ཕྱག་ལེན་རྙིང་པ་དང༌། ལེགས་བཤད་གསལ་བྱེད་རིགས་འཆབ་ནས། རང་གིས་མཛད་བྱང་དང་རིང་ལུགས་ཡིན་ཟེར་བའི་བཅོས་མ་མང་དུ་འདུག་ཀྱང་རེ་ཞིག་སྦེད་དོ།། གཞན་ཡང་མདོ་སྨད་ཀྱི་ལྗོངས་སུ་གཏེར་དང་སྙན་བརྒྱུད་གསར་དུ་བྱུང་བ་འགའ་ཡོད་པ་རྣམས་བཀའ་ལྷོ་བྱང་གི་གཏེར་དང༌། སྙན་བརྒྱུད་གོང་མ་ལྟ་བུར་ཚད་དང་མི་ལྡན་ནའང༌། བྱིན་གྱིས་བརླབས་པའི་གཏེར་ཕྲན་དང༌། རྗེས་སུ་དྲན་པའི་སྙན་བརྒྱུད་ཙམ་ཡིན་རྒྱུར་བྱེད་པ་ནི་དག་སྣང་སྦྱང་པའི་ཐབས་ལགས་སོ།། 
    དེ་ནས་བཤེས་གཉེན་དོན་དང་ལྡན་མི་ལྡན་གྱི་ཁྱད་པར་ནི། སྔོན་ཚེ་རྒྱལ་བ་གཤེན་གྱི་དུས་སུ་བདུད་རྗེ་དགའ་རབ་དབང་ཕྱུག་དང༌། ཁྱབ་པ་ལག་རིང་སོགས་ནས་གང་ཟག་བཟང་ངན་བྱུང་ཞིང༌། དེ་ནས་གསང་འདུས་སྟག་ལ་ནས་བཟུང་སྟོང་རྒྱུང་དྲན་པ་ཡན་དུ་བཤེས་གཉེན་དོན་དང་ལྡན་ལ། སྐབས་སུ་ཐར་པ་ནག་པོ་མཉམ་ཉིད་ཀྱི་རྩིས་མ་ཟིན་ནས་སྦྱོར་སྒྲོལ་རང་ཁ་མ་སྤྱད་པས་མ་ཏྲམ་བདུད་དུ་སྐྱེས། གཏོ་བུ་ལག་ངན་ལུས་སྐྱེད་ཀྱི་ཕ་མ་བསད་པས་སྐྱེ་བ་ལྔ་བརྒྱར་ལས་ཀྱི་སྡུག་བསྔལ་སྦྱོང༌། གྱེར་ཙེ་བྱར་མེད་བླ་ན་མེད་པའི་ལམ་ལ་གོལ་བས་བྱིན་ན་ཡ་གར་སྐྱེས། ཛྭ་ཡི་དྲང་སྲོང་འཆི་ཁའི་སྨོན་ལམ་ལོག་པས་གཟའ་བདུད་དུ་སྐྱེས། ལེགས་པའི་ཀརྨ་དམ་པའི་ཆོས་ལ་མཁས་ཀྱང་སློབ་དཔོན་ལ་ལོག་པར་བལྟས་པས་བེ་ཐེལ་དུ་སྐྱེས། བོད་རྒྱལ་རིམ་ཅན་དོན་དང་ལྡན་པ་ཡིན་ཡང་ཐེའུ་རང་མང་སྙ་ཝེར་རོའི་སྤྲུལ་པ་གྲིར་གུམ་དང༌། བྱང་ཕྱོགས་སྲིན་པོ་འཕགས་སྐྱེས་སྤྲུལ་པ་ཁྲི་སྲོང༌། མུ་སྟེགས་དར་མ་ར་ཙའི་སྤྲུལ་པ་མུ་ཐུབ་བཙད་པོ། བྲག་སྲིན་ནག་པོའི་སྤྲུལ་པ་གླང་དར་མ་བཅས་སྲིད་པ་རྒྱུད་ཀྱི་ཁ་བྱང་ནས་བཤད་ལ། ལུང་དགའ་ཞིག་ནས་ཁྲི་སྲོང་ལྡེ་བཙན་རྒྱལ་བའི་རྣམ་སྤྲུལ་ཡིན་ཡང་ཐུགས་ལ་གདོན་ཞུགས་པས་ལྷ་བདུད་འདྲེས་མར་བཤད་དོ།། ཕྱིས་སྤྲུལ་སྐུ་ཀླུ་དགའ་དང་གྱེར་མི་ཉི་འོད་ལ་སོགས་གཏེར་གྱི་སྒོ་འབྱེད་རྣམས་དང༌། བྲུ་ཞུ་སྤ་རྨེའུ་ལ་སོགས་བཀའ་བབ་ཀྱི་རྒྱལ་ཐེབས་རྣམས་ནི། ལྟ་བ་ཡས་ཕུབ། སྤྱོད་པ་མས་འཛེགས། སྙིང་རྗེ་ཆེན་པོའི་གཞི་བཟུང༌། ཕ་རོལ་ཏུ་ཕྱིན་པ་བཅུ་ལ་སྤྱོད་དེ། བསླབ་གསུམ་ཡོན་ཏན་དོན་དང་ལྡན་པ་རྣམས་ནི་སངས་རྒྱས་གཅིག་ཙམ་མ་ཡིན་དུ་མ་ལ་བསྙེན་བཀུར་བྱས་པའི་བསོད་ནམས་སྨིན་པ་ཡིན་པས། སྤྲུལ་པའི་སྐུ་ལྟར་འགྲོ་བ་མི་འདུལ་ནའང་ལས་བཟང་དད་ལྡན་མང་པོའི་ལམ་སྣ་དྲང་བར་གསུངས་སོ།། དེ་ལས་ལྡོག་པའི་ཆེ་ཐབས་དང་གོམས་སྒོམ་སྒྱུས་འགྲོ་བ་བསླུ་ཞིང༌། རང་ཁེངས་དང་ཆགས་སྡང་གིས་བསྟན་པ་དཀྲུགས་པ་དང༌། མཁས་འདོད་དང༌། ཚུལ་འཆོས་ཀྱིས་ལུང་རིག་འཛིན་པ་སོགས་ནི་དོན་དང་མི་ལྡན་པར་སློབ་དཔོན་ལི་ཤུས་གསུངས་སོ།།
    གཉིས་པ་གཞན་ལུགས་ཀྱི་བསྟན་པ་ནུབ་པ་བརྡོལ་ཚུལ་ནི། རྒྱལ་པོ་གླང་དར་མས་དབུས་གཙང་གི་བསྟན་པ་བསྣུབས་པའི་ཚེ་དཔལ་ཆེན་ཆུ་བོ་རིའི་སྒོམ་གྲྭ་ནས་གཙང་པ་རབ་གསལ། གྲོགས་ཆུང་མདོའི་གཡོ་དགེ་འབྱུང༌། གཡོར་སྟོད་ཀྱི་དམར་བན་ཤཱཀྱ་མུ་ནེ་དང་གསུམ་གྱིས་འདུལ་བ་མངོན་གྱི་ཆོས་ཚན་རྣམས་གདན་དྲངས་ནས་མདོ་སྨད་དུ་བྱོན། བླ་ཆེན་པོ་དགོངས་པ་རབ་གསལ་ལས་རབ་ཏུ་བྱུང༌། བླ་ཆེན་མཁན་སློབ་དང༌། གོ་རོང་སེང་གེ་གྲགས་པ་རྣམས་ལ་འདུལ་བ་དང༌། མངོན་པ་དང༌། ཕར་ཕྱིན་རྣམས་བསླབ། བཻ་རོ་ཙ་ནའི་དངོས་སློབ་རྒྱལ་ཚབ་གཡུ་སྒྲ་སྙིང་པོ་ལས་རྫོགས་པ་ཆེན་པོའི་སྒོམ་ཞུས། དན་ཏིག་ཤེལ་གྱི་ཡང་དགོན་དུ་སྒྲུབ་པ་མཛད་པས་ལྷ་ཞལ་གཟིགས། ཡང་ལོ་སྟོན་རྡོ་རྗེ་དབང་ཕྱུག ཀླུ་མེས་ཚུལ་ཁྲིམས་ཤེར་རབ། རག་ཤི་ཚུལ་ཁྲིམས་འབྱུང་གནས། སུམ་པ་ཡེ་ཤེས་བློ་གྲོས་སོགས་དབུས་གཙང་མི་བཅུ་ཁམས་སུ་བྱོན་ཏེ་བླ་ཆེན་དཔོན་སློབ་ཀྱི་ཞབས་སུ་བཏུད་ནས་རབ་ཏུ་བྱུང༌། འདུལ་བ་དང་མངོན་པའི་སྡེ་སྣོད་ལ་མཁས་པར་སྦྱངས་ནས། སླར་དབུས་གཙང་དུ་ཕེབས་ཏེ་དགེ་འདུན་གྱི་སྡེ་བཙུགས། བསྟན་པའི་མེ་རོ་དེ་ནས་སོས་ཏེ་དེ་ཡན་ཆད་ལ་སྔ་འགྱུར་རྙིང་མ་ཞེས་བྱའོ།།
    དེ་ནས་འབྲོག་མི་ལོ་ཙཱ་བ་རྒྱ་གར་དུ་བྱོན། ཤན་ཏི་པའི་དྲུང་དུ་རྒྱུད་གསུམ་སོགས་སྦྱངས། གྲུབ་ཆེན་དཔའ་བོ་རྡོ་རྗེ་ལས་ཕྱག་རྒྱ་ཆེན་པོ་གསན་ནས་སླར་བོད་དུ་བྱོན་ཏེ་གཉུག་གུ་ལུང་གི་དགོན་པར་བཞུགས། རྗེ་མར་པ་ལོ་ཙའ་ཡང་དེར་གཏུགས་ནས་རྒྱ་གར་དུ་བྱོན་ཟེར། དེ་ནས་སློབ་དཔོན་ག་ཡ་དྷ་ར་བོད་དུ་སྤྱན་དྲངས་ནས་ལམ་འབྲས་འཆད། སེ་སྟོན་ཀུན་རིག་དང༌། ཞང་སྟོན་ཆོས་འབར། ས་ཆེན་ཀུན་སྙིང་སོགས་ལ་བརྒྱུད་ནས་དར་བའོ།། ས་ཆེན་གྱི་སྲས་རྗེ་བཙུན་བསོད་ནམས་རྩེ་མོ། མཁན་ཆེན་གྲགས་པ་རྒྱལ་མཚན། དཔལ་ཆེན་འོད་པོ། ཀུན་དགའ་འབར་རྣམས་སོ།། འོད་པོའི་སྲས་ས་སྐྱ་་ པཎཏྲི་ཏ་དང༌། བྱང་ཚ་བསོད་ནམས་རྒྱལ་གཉིས། བྱང་ཚའི་སྲས་འགྲོ་མགོན་འཕགས་པ་དང༌། སློབ་དཔོན་ཡེ་འབྱུང་སོགས་བྱུང༌། ས་སྐྱ་པཎྚི་ཏ་པཎ་ཆེན་ཤཱཀྱ་ཤྲི་ལས་བསྙེན་པར་རྫོགས་པས་ཆོས་ཀྱི་འདུལ་བ་སྟོད་ལུགས་ཀྱང་དེ་ནས་དར། རིག་པའི་གནས་ལྔ་ལ་མཁས་པར་སྦྱངས་པས་སྙན་གྲགས་ཆེན་པོར་ཐོབ། ཕྱིས་ཧོར་གྱི་རྒྱལ་པོས་རྒྱ་ཡུལ་དུ་སྤྱན་དྲངས་ནས་དེར་འདའོ།།
    དེའི་ཕྲིན་ལས་ཀྱི་རྒྱུན་ལ་བརྟེན་ནས་སེ་ཆེན་རྒྱལ་པོ་དང་བླ་མ་འཕགས་པ་གཉིས་མཆོད་ཡོན་འབྲེལ་ཏེ་བོད་ཁམས་ས་སྐྱས་ཁ་ལོ་བསྒྱུར་བའི་དུས་ཞིག་ཀྱང་བྱུང༌། ཧོར་དང་ས་སྐྱ་གུང་བསྒྲིགས་ནས་འབྲི་གུང་གི་དགོན་སྡེ་མང་པོ་བཅོམ་པར་འདུག དེ་དག་གིས་ཆོ་ག་དང་ཕྱག་ལེན་མཛད་པ་རྣམས་ས་རྙིང་པ་ཟེར། སློབ་དཔོན་ཡེ་འབྱུང་གི་སྲས་རྒྱུད་ས་བཟང་ཀུན་དགའ་བཟང་པོས་ངོར་དགོན་བཏབ། ལམ་འབྲས་སོགས་ལ་འཆད་ཉན་གྱི་སྲོལ་བཏོད། དེའི་ཕྱག་ལེན་དང་གསལ་བྱེད་རིགས་ལ་ས་གསར་པ་ཟེར། ཆོས་རྒྱུན་དེ་དག་ལས་གྱེས་པའི་ཚར་ཆེན་ཡབ་སྲས་ཀྱི་གསལ་བྱེད་དུ་མ་ཞིག་མཛད་པ་རྣམས་ལ་ཚར་ལུགས་ཟེར། ཡང་བོད་ཀྱི་རྒྱལ་པོའི་གདུང་རྒྱུད་ལྷ་བླ་མ་བྱང་ཆུབ་འོད་ཀྱིས་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ་སྤྱན་དྲངས། ཆོས་རྣམས་ཡང་དག་པར་སྒྲུབ་པའི་སྲོལ་བཙུགས། ཁུ་རྔོག་འབྲོམ་གསུམ་ལ་སོགས་པའི་དགེ་བའི་བཤེས་གཉེན་མང་པོ་སྨིན་པར་མཛད། དེའི་ནང་ནས་སྤྱན་རས་གཟིགས་ཀྱི་སྤྲུལ་པ་འབྲོམ་སྟོན་ཆེན་པོས་རྭ་སྒྲེང་གི་དགོན་པ་བཏབ། བཀའ་གདམས་པའི་ཆོས་རྒྱུན་དེ་ནས་དར་རོ།།
    རྗེ་མར་པ་ལོ་ཙའ་རྒྱ་གར་དུ་བྱོན་ནས་གྲུབ་ཐོབ་བཅུ་གསུམ་ཙམ་ལ་གཏུགས་ཏེ་ཤིན་ཏུ་ཟབ་པའི་ཆོས་མང་པོ་གསན་ནས་ལྷོ་གྲོ་བོ་ལུང་དུ་བཞུགས། སློབ་མ་གུང་ཐང་གི་མི་ལ་རས་པ་སོགས་རྟོགས་ལྡན་གྲུབ་པ་ཐོབ་པས་རྒྱལ་ཁམས་གང་བར་བྱུང༌། དེ་ཙམ་ན་མཉམ་མེད་དྭགས་པོ་རིན་པོ་ཆེས་བཀའ་གདམས་ཀྱི་ཆོས་འགའ་གསན་ནས་དགེ་སློང་མཛད། རྗེ་བཙུན་མི་ལའི་དྲུང་དུ་ནཱ་རོའི་ཆོས་དྲུག་གསན་ཏེ། རི་བོ་ཤནྟི་དྭགས་ལ་སྒོམ་པའི་སྒྲུབ་སྡེ་བཙུགས་ནས་བཞུགས་པས་དྭགས་པོ་བཀའ་བརྒྱུད་ཅེས་བྱ་བ་བྱུང༌།།
    དེ་ལ་བཀའ་བབ་ཀྱི་སློབ་མ་བཞིར་

青ICP备08000069号
QQ:568095347
E-mail:liamrgbm@yahoo.com.cn

པར་དབང་རེབ་གོང་བོན་མང་དྲ་བར་དབང་བས་གཞན་གྱིས་མི་སྤྱོད་པར་མཁྱེན།
བོད་ཀྱི་ཆ་འཕྲིན་ལག་རྩལ་དྲ་བས་ལག་རྩལ་ཕྱོགས་ནས་རོགས་སྐྱོར་བྱས་པར་ཐུགས་རྗེ་ཆེ་ཞུ།