|
བྱུང་བའི་ནང་ནས། རྗེ་དུས་གསུམ་མཁྱེན་པས་མཚུར་ཕུའི་གདན་ས་བཏབ། དེའི་སྐུ་སྐྱེས་གྲུབ་ཆེན་ཀརྨ་པཀྵི་ནི་རྫུ་འཕྲུལ་ལ་རང་དབང་ཐོབ་པས་ཧོར་ཀྱི་རྒྱལ་པོ་དང་མཆོད་དོན་འབྲེལ་ཏེ་ཆེ་བའི་ཡིག་ཚང་བྱུང༌། དེ་ནས་ཆོས་རྗེ་རང་བྱུང་རྡོ་རྗེ་ནས་ཀརྨ་བཀའ་བརྒྱུད་དར་བའོ།།
བདེར་བཤེགས་ཕག་མོ་གྲུབ་པས་འབྲི་གུང་འཇིག་རྟེན་མགོན་པོ་སོགས་ལ་བརྒྱུད་པ་ནི་འབྲི་གུང་བཀའ་བརྒྱུད་དུ་ཟེར།།
ཡང་རྒྱ་གར་གྱི་གྲུབ་ཐོབ་ཕ་དམ་པ་བོད་དུ་ལན་གསུམ་བྱོན་ནས་ཞི་བྱེད་ཀྱི་གདམས་པ་ལན་གསུམ་འཆད་དེ། དང་པོ་ནི་ཞང་ཞུང་གླིང་ཁ་བ་དང༌། ཁྲོ་ཚང་འབྲུག་ལྷ་སོགས་ལ་བརྒྱུད་ནས་དར་བའོ།། བར་པ་ནི་རྨ་པོ་རྐོ་གསུམ་ལ་བརྒྱུད།། ཕྱི་མ་ནི་ཕྱོགས་བཞིའི་སློབ་ཆེན་བཞི་དང༌། མ་ཅིག་ལབ་སྒྲོན་སོགས་ལ་བརྒྱུད་ནས་དར་རོ།། ཡང་མཁས་གྲུབ་ཁྱུང་པོ་རྣལ་འབྱོར་རྒྱ་གར་དུ་བྱོན་ནས་ནེ་གུའི་ཆོས་དྲུག་ལ་སོགས་ཟབ་གདམས་མང་པོ་རྨོག་ལྕོགས་པ་རིན་ཆེན་བརྩོན་འགྲུས་སོགས་ལ་བརྒྱུད་པ་ནི་ཤངས་པ་བཀའ་བརྒྱུད་ཟེར།།
པཎ་ཆེན་ནགས་ཀྱི་རིན་ཆེན་ནས་འབྲུག་པ་རྒྱལ་དབང་ཆོས་རྗེ་སོགས་ལ་བརྒྱུད་པ་ནི་འབྲུག་པ་བཀའ་བརྒྱུད་དེ། མདོར་ན་བཀའ་བརྒྱུད་ཡ་བཞི་ཟུང་བརྒྱད་སོགས་ནང་གི་དབྱེ་བ་མང་དུ་བྱུང་ངོ།།
སློབ་དཔོན་པདྨས་གནུབས་སངས་རྒྱས་ཡེ་ཤེས་སོགས་ལ་བརྒྱུད་པའི་རྫོགས་པ་ཆེན་པོའི་སྐོར་ལ་རྙིང་མ་པ་བཀའ་མ་ཟེར། མངའ་བདག་ཉང་རལ་དང༌། གུ་རུ་ཆོས་དབང་སོགས་ཀྱིས་ཐོན་པའི་ལྷོ་གཏེར་དང༌། རིག་འཛིན་རྒོད་ལྡེམ་སོགས་ཀྱིས་ཐོན་པའི་བྱང་གཏེར་རྣམས་ལ་རྙིང་མ་པ་གཏེར་མ་ཟེར། དེ་ཡང་གཏེར་སྟོན་གླིང་པ་བརྒྱད་ལ་སོགས་ཀྱི་གཏེར་ཆོས་གྲངས་མང་བར་བྱུང་བ་རྣམས་ནི་བསྟན་ཞབས་གཏེར་གྱིས་སྐྱོང་བ་ཡིན་ཟེར། ཕྱིས་དགེ་སློང་ཀློང་ཆེན་རབ་འབྱམས་ལ་སྒོམ་བྱུང་གི་ཤེས་རབ་རྒྱས་ནས་མཛོད་བདུན་སོགས་མཛད། དེའི་སྐུ་ཕྲེང་ཞིག་ཏུ་རིག་འཛིན་འཇིགས་མེད་གླིང་པས་ཟབ་གཏེར་འགའ་ཞིག་ཐོན་པ་རྣམས་ལ་དེང་དུས་སྙིང་ཐིག་ཅེས་འབོད་ཀྱང་དོན་དུ་རྫོགས་ཆེན་རང་ཡིན་ནོ།།
ཡང་ཇོ་བོ་རྗེའི་སློབ་མ་རྔོག་ལེགས་པའི་ཤེས་རབ་ཀྱིས་གསང་ཕུའི་དགོན་པ་བཏབ། དེའི་དབོན་པོ་ལོ་ཙཱ་བ་བློ་ལྡན་ཤེས་རབ་སོགས་སློབ་ཚོགས་གནམ་གྱི་སྐར་མ་བཞིན་བྱུང་ནས། དབུ་ཚད་དང༌། འདུལ་མངོན། ཕར་ཕྱིན་སོགས་ལ་འཆད་རྩོད་རྩོམ་པའི་ལུགས་སྲོལ་ཚུལ་བཞིན་དུ་ཚུགས་ནས་ཆེས་དར་བའང་བྱུང་འདུག ཁ་ཅིག་ན་རེ། ཆོས་ཀྱི་བགྲོ་གླེང་བྱེད་པའི་དུས་ཐལ་མོ་བརྡབ་པ་དང༌། ཀུ་ཅོ་འདོན་པ་དང༌། ཕན་ཚུན་རྒྱུག་པ་སོགས་ནི་ཕྱིས་དར་བ་ཡིན་གྱི། སྔར་གོང་རྒྱ་བོད་གང་དུའང་བྱེད་སྲོལ་མེད་ཟེར་བ་ནི། ཐོས་པ་དང་བྲལ་བ་རྣམས་ཀྱི་བླུན་གཏམ་ཡིན་ན་མ་གཏོགས། སྔོན་འཕགས་ཡུལ་གྱི་སློབ་དཔོན་རྒྱན་དྲུག་མཆོག་གཉིས་སོགས་ཀྱིས་ཕས་ཀྱི་རྒོལ་བ་འཇོམས་པའི་དུས་ཀྱི་ཚུལ་དྲི་མ་མེད་པར་ཡིན་འདུག་གོ། རྔོག་ལོ་ཙཱ་བའི་བཤད་རྒྱུད་ལ་བརྟེན་ནས་རེས་མདའ་བ་གཞོན་ནུ་བློ་གྲོས་དང༌། གཡག་ཕྲུག་དཔལ་བ་རྣམ་གཉིས་ཀྱི་དུས་སུ་བཀའ་གཞི་བཞི་དང་རབ་འབྱམས་ཀྱི་གྲྭ་བསྐོར་བྱ་བའི་སྲོལ་བྱུང༌། གཡག་ཕྲུག་གི་སློབ་མ་རོང་སྟོན་ཆོས་རྗེ་ནས་མཚན་ཉིད་ཀྱི་འཆད་ཉན་ས་སྐྱའི་ཕྱོགས་སུ་དར།།
རེས་མདའ་བའི་སློབ་མ་ཆོས་རྗེ་བློ་བཟང་གྲགས་པའམ། ཤར་རྒྱལ་བ་ཙོང་ཁ་པ་ཞེས་བྱ་བ་དེ་བྱོན། ཆོས་རྗེ་འདི་བས་མཁས་ཤིང་གྲུབ་པར་བསྙེམས་པའི་གང་ཟག་མང་དུ་བསྟེན་ནས་ཐོས་བསམ་སྒོམ་གསུམ་ཚུལ་བཞིན་དུ་སྦྱངས། སྦྱང་བའི་ཤེས་རབ་དང་ལྷག་པའི་ལྷས་བྱིན་གྱིས་བརླབས་ནས་དབུ་མའི་ལྟ་བ་ཁྱད་པར་ཅན་རྟོགས་ཟེར་རོ།། འཆད་རྩོད་རྩོམ་གསུམ་མང་དུ་མཛད་ནས་རི་བོ་དགའ་ལྡན་གྱི་དགོན་པ་བཏབ། རྒྱལ་ཚབ་རྗེ་དང༌། མཁས་གྲུབ་རྗེ་སོགས་སྐྱེས་ཆེན་མང་དུ་སྨིན། འཇམ་དབྱངས་ཆོས་རྗེས་འབྲས་སྤུངས། བྱམས་ཆེན་ཆོས་རྗེས་སེ་ར་སོགས་ཀྱི་འདུ་གནས་ཀྱང་བཏབ། དེ་ལྟར་རྗེ་ཡབ་སྲས་གསུམ་ནས་རི་བོ་དགའ་ལྡན་གྱི་བསྟན་སྲོལ་ཚུགས་ཏེ་ས་ཆེན་པོ་འདིའི་རྒྱ་མཚོ་ལ་ཐུག་གི་བར་དུ་ཁྱབ་པར་བྱུང་ངོ༌།། དུས་ཕྱིས་སུ་དབང་ཕྱུག་ཆེན་པོ་གྱད་བརྒྱད་ཀྱི་བདག་ཉིད་རྒྱལ་མཆོག་ལྔ་པ་ངག་དབང་བློ་བཟང་རྒྱ་མཚོའི་དུས་སུ་རྒྱ་བོད་ཧོར་གསུམ་ཕྲིན་ལས་ཀྱི་དཔུང་བསྒྲིགས་ནས་ལུགས་གཉིས་ཀྱི་མངའ་ཐང་དགུང་དུ་བཏེགས་པ་འདི་བཞིན་ནོ།། དེའི་ཞབས་པད་མི་དབང་སངས་རྒྱས་རྒྱ་མཚོས་བཀུར་ནས་བཻཌཱུརྱ་དཀར་སྔོན་སོགས་རྩིས་དང་སྨན་གྱི་བསྟན་བཅོས་མང་ཙམ་མཛད་པ་རྣམས། བོད་ཁམས་ཀུན་ཏུ་དར་ཆེ་ཞིང་ཕན་ཐོགས་པར་གྱུར་པས་དེང་དུས་སྨན་རྩིས་རྣམས་ཀྱི་ཕྱི་མོར་བྱེད་པ་འདིའོ།། སྔར་བླ་མ་འཕགས་པའི་ཕྱོགས་སུ་གུས་པའི་མགར་ཆེན་ཡེ་ཤེས་བཟང་པོའི་རྒྱུད་ལས་མདོ་སྨད་དུ་ས་སྐྱོང་ཞིག་བྱུང་བས་དེ་ལ་བརྟེན་ནས་ས་སྐྱའི་ཆོས་རྒྱུན་མདོ་སྨད་དུ་ཅུང་ཟད་དར་ལ་དབུས་གཙང་དུ་ཆེར་མ་དར་བ་ཡིན་ནོ།། བཀའ་བརྒྱུད་རྣམས་ཀྱི་བསྟན་པ་སྤྱིར་འཕེལ་འགྲིབ་ཆེ་བར་ཡིན་ཡང༌། ཀརྨ་བཀའ་བརྒྱུད་འདི་ཅུང་ཟད་དར་ཆེ་ཞིང༌། ཕྱིས་སུ་དེའི་བསྟན་པའི་ཟུར་སྡོང་ལྟ་བུར་བྱམས་མགོན་ཆོས་ཀྱི་འབྱུང་གནས་ཞེས་མཁས་བཙུན་བཟང་གསུམ་ལྡན་པ་ཞིག་བྱུང༌། དེ་ནས་དེའི་བསྟན་པ་དང༌། གཙུག་ལག་རིག་པའི་གནས་སོགས་ཀྱང་ཅུང་ཟད་དར་འདུག་གོ།། རྙིང་མའི་ཕྱོགས་དེར་གཏེར་ཁ་རེ་ལ་ཆོས་ལུགས་རེ་བྱུང་བ་བཞིན་དུ་ནང་གི་དབྱེ་བ་མང་ཡང༌། བསྡུ་ན་གཏེར་གསར་རྙིང་གཉིས་སུ་འདུ་སྟེ། གཏེར་གསར་ནི་རྒྱལ་མཆོག་ལྔ་པའི་དུས་ཙམ་ན་ཨོ་རྒྱན་གཏེར་བདག་གླིང་པས་ཐོན་ལ། དེའི་གསལ་བྱེད་ལོ་ཆེན་དྷརྨ་ཤྲིའས་མཛད་དེ། དེ་ནས་དེང་དུས་ཀྱི་བར་དུ་གཏེར་གསར་འགའ་ཡང་ཐོན་ཞིང་ཆོས་རྒྱུན་ཡང་ཅུང་ཟད་དར་བའོ།།
བཞི་པ་ཞར་བྱུང་བསྟན་པའི་གནས་ཚད་བསྟན་པ་ལ་གཉིས། རང་ལུགས་དང༌། གཞན་ལུགས་སོ།། དང་པོ་ནི། བདག་ཅག་རྣམས་ཀྱི་སྟོན་པ་རྣམ་མཁྱེན་རྒྱལ་བ་གཤེན་རབ་ཀྱི་བསྟན་པ་འདི་མི་ལོ་ཁྲི་ཚོ་གསུམ་གྱི་ཡུན་དུ་གནས་ཞེས་པ། གཤེན་རབ་ཤིང་བྱི་ལ་སྐུ་འཁྲུངས་ནས་མཛད་པ་བཅུ་གཉིས་ཀྱི་ཚུལ་བསྟན་ཏེ་གཤེན་ལོ་བརྒྱད་ཅུ་གྱ་གཉིས། མི་ལོ་བརྒྱད་སྟོང་ཉིས་བརྒྱ་འདས་པའི་དུས་སྐུ་མྱ་ངན་ལ་འདས། དེ་ཕྱིན་མི་ལོ་སྟོང་དང་བརྒྱད་བརྒྱ་འདས་པའི་ཆུ་ཡོས་ལ་སྐུའི་འདུལ་བ་མི་ལོ་ཁྲི་གཅིག་རྫོགས་པའོ།། ཕྱི་ལོ་ཤིང་ཕོ་འབྲུག་གི་ལོར་གདུང་སོབ་མུ་ཆོ་བྱོན་ནས་གསུང་བསྟན་གྱི་དབུ་ཚུགས། དེའི་བསྟན་པའི་ཟུར་སྡོང་དུ་གཙུག་ལག་བུ་བཞི་དང་གསང་སྔགས་ཀྱི་བསྟན་པ་དར་ནས་དེང་དུས་ཀྱི་བར་དུ་མི་ལོ་བརྒྱད་སྟོང་ཙམ་སོང་ཞིང༌། ད་ཕྱིན་མི་ལོ་ཉིས་སྟོང་ཙམ་སོང་ན་གསུང་གི་བསྟན་པ་མི་ལོ་ཁྲི་གཅིག་རྫོགས་པའོ།། དེས་ན་དེང་སྐབས་གསུང་བསྟན་གྱི་སྨད་ཆ་ཙམ་ཡིན་པར་ལུང་གིས་གྲུབ་བོ།། དེ་ནས་ཐུགས་ཀྱི་བསྟན་པ་མི་ལོ་ཁྲི་གཅིག་འབྱུང་སྟེ། ཞི་བ་བྱམས་པ། རྒྱས་པ་སྙོམས་བྱེད། དབང་ལྡན་གཙུག་ཕུད། དྲག་པོ་མཐུ་སྟོབས་དང་ཕྲིན་ལས་རྣམ་པ་བཞིས་འགྲོ་བ་འདུལ་ལོ་གསུངས།། དེ་
|