༄༅། །བསྟན་འབྱུང་རིག་པའི་ཤན་འབྱེད་ནོར་བུ་ཀེ་ཏ་ཀའི་དོ་ཤལ་ཞེས་བྱ་བ་བཞུགས།

ནས་འགྲོ་བ་རྣམས་ཚེ་ཚད་ཀྱང་རིམ་གྱིས་བྲི་ནས་མ་འོངས་བཅུ་ལ་ཐུག་པའི་དུས་ད་ལྟའི་སྟོན་པའི་བསྟན་པ་རྫོགས་པའོ།།
  གཉིས་པ་ནི། བཅོམ་ལྡན་འདས་ཀྱི་བསྟན་པའི་གནས་ཚད་མི་ལོ་སྟོང་ཕྲག་ལྔར་གསུངས་པས། དེ་ཡང་ཐུབ་པ་རང་ཉིད་མི་ལོ་བརྒྱད་ཅུ་གྱ་གཉིས་བཞུགས་ཤིང༌། བོན་ལུགས་སུ་མི་ལོ་བརྒྱད་བརྒྱ་དང་ཉི་ཤུ་བཞུགས་ཀྱང་ཟེར། ཐུབ་དབང་མྱ་ངན་འདས་རྗེས་ནས་བསྟན་པའི་གནས་ཚད་བརྩི་དགོས་ཏེ། དེ་ཡང་འབྲས་བུའི་དུས་ཀྱི་ལྔ་བརྒྱ་ཕྲག་གསུམ། སྒྲུབ་པའི་དུས་ཀྱི་ལྔ་བརྒྱ་ཕྲག་གསུམ། ལུང་གི་དུས་ཀྱི་ལྔ་བརྒྱ་ཕྲག་གསུམ། རྟགས་ཙམ་འཛིན་པའི་དུས་ལྔ་བརྒྱ་ཕྲག་གཅིག་བཅས་ཏེ། འབྲས་བུའི་དུས་ནི་ཉན་རང་བྱང་སེམས་རྣམས་ཀྱིས་དགྲ་བཅོམ་པའི་འབྲས་བུ་མངོན་དུ་བྱེད་པ་དང༌། སྒྲུབ་པའི་དུས་ནི་བསྙེན་དང་སྒྲུབ་པའི་སྟོབས་ཀྱིས་གྲུབ་རྩལ་ཐོགས་མེད་རྫོགས་པ་དང༌། ལུང་གི་དུས་ནི་འཆད་ཉན་སྤེལ་གསུམ་གྱི་བསྟན་པ་དར་ལ། རྟགས་ཙམ་འཛིན་པའི་དུས་ལྟ་སྤྱོད་རྣལ་མ་མེད་ཅིང་རབ་བྱུང་གི་རྟགས་ཙམ་འཛིན་པའོ།། འོ་ན་དེང་གི་དུས་གང་ཞེ་ན། ཐུབ་པ་མྱ་ངན་འདས་ནས་མི་ལོ་ཉིས་སྟོང་བརྒྱད་བརྒྱ་ལྷག་ཙམ་སོང་བས་ལུང་གི་དུས་ལ་ཟིན་པར་མངོན་ནོ།། འོན་ཀྱང་དུས་འཁོར་ལྟར་ན་རིགས་ལྡན་རྒྱལ་པོ་ཉི་ཤུ་རྩ་ལྔའི་ཡུན་དུ་གནས་ལ། བསྟན་པའི་མཐའ་མི་ཡུལ་དུ་བསྡུས་ཏེ་ཤར་དུ་མེ་རྟགས་ཙམ་ཞིག་གནས། དེ་ནས་རིགས་ལྡན་དྲག་པོ་འཁོར་ལོ་བྱོན་ནས་ཀླ་ཀློ་ཐམས་ཅད་འཇོམས། སླར་ཡང་རྫོགས་ལྡན་ཆུང་ངུ་འབྱུང་བར་བཤད་དོ།།
སྨྲས་པ།
བསྟན་གཉིས་རིན་ཆེན་གདུགས་དཀར་སྐྱེ་རྒུའི་མགོན།།
དྲན་མཆོག་ལོ་པཎ་རྩོམ་པ་འགྲོ་ཚོགས་ཀྱི།།
སྤྱི་བོར་སྨོན་ལམ་ཤུགས་ཀྱིས་ལེགས་བསྐོར་བས།།
ཀུན་ཕན་སྣང་བ་རྫོགས་ལྡན་དཔལ་ལ་འགྲན།།

 

རབ་སྙན་བསྟན་འབྱུང་ཟོལ་མེད་དྲི་ཟའི་གླུ།།
ཐོས་བསམ་ལང་ཚོ་ཁོང་ནས་དགོད་པའི་མདངས།།
ཐར་འདོད་དུས་ཀྱི་གཉིད་ལས་སློང་བྱེད་པའི།།
ལེགས་བཤད་འདི་ནི་ཚངས་པའི་བུ་མོའི་གཏམ།།

ལུང་རིག་པད་མའི་རྫིང་ལས་ཉེར་འཕོས་པའི།།
གསལ་བྱེད་པུཎྚ་རི་ཀའི་ཕྲེང་བ་གང༌།།
དཔྱོད་ལྡན་ཚུལ་གསུམ་མཚཽན་གྱིས་རབ་གཅོད་ནས།།
སྐལ་བཟང་མགུལ་གྱི་རྒྱན་དུ་ཁོ་བོས་སྦྱར།།
ཞེས་པ་ནི་བར་སྐབས་ཀྱི་ངལ་གསོའོ།། །།
    ལྔ་པ་མ་འོངས་བསྐལ་པའི་འཕེལ་འགྲིབ་བསྟན་པ་ལ་གཉིས། ཚེ་ལོ་བཅུ་པའི་རྣམ་བཤད་དང༌། འཕེལ་འགྲིབ་དངོས་སོ།། དང་པོ་ནི་སྐྱེ་རྒུ་རྣམས་ཚེ་ལོ་དཔག་མེད་ནས་མར་རིམ་གྱིས་བྲི་ནས་བརྒྱ་ལ་ཟིན། དེ་ཡང་དེང་དུས་ལྔ་བཅུ་ཁ་རལ་ལ་ཐུག་ཅིང་དེ་ནས་ཉོན་མོངས་པ་ཇེ་རགས་སུ་སོང་བས་ཚེ་དང་བསོད་ནམས་ཐམས་ཅད་རིམ་གྱིས་བྲིས་ནས་མཐའ་མ་ཚེ་ལོ་བཅུ་ལ་ཐུག དེའི་དུས་སུ་ནས་དང་འབྲས་སོགས་རྩོལ་བྱུང་གི་འབྲས་བུ་མེད་ཅིང༌། ཚྭ་དང་བུ་རམ་སོགས་རོ་ལྡན་གྱི་ཟས་རྣམས་ཆད་དེ། ཤིང་ཏོག་བཅུད་མེད་ཀྱི་ཁ་ཟས་བྱེད། ཞེ་སྡང་ཁྲོ་གཏུམ་ཆེར་རྒྱས་པས་བསད་གཅོད་དང་བརྡུང་བརྡེག་འབའ་ཞིག་ཏུ་བྱེད། བྱིས་པ་ནངས་སྐྱེས་ནུབ་ནས་འགྲོ། བུ་མོ་ཟླ་བ་ལྔ་ནས་རྫོང༌། ཚེ་ལོ་བཅུར་ཐུབ་པའི་སྨོན་ལམ་འདེབས། དེ་དུས་འགྲོ་བ་འདུལ་བའི་སྟོན་པ་བྱམས་ལྡན་ཐང་མ་མེ་སྒྲོན་གྱིས་མཛད་པའོ།། དེའི་བསྟན་པ་མི་ལོ་དགུ་བརྒྱའི་ཡུན་དུ་གནས་གསུངས་སོ།།
   གཉིས་པ་ལ་གཉིས། འཕེལ་ཚུལ་དང༌། འགྲིབ་ཚུལ་ལོ།། དང་པོ་ནི་ཚེ་ལོ་བཅུ་པའི་ཐ་མར་འགྲོ་བ་རྣམས་ལ་སྡུག་བསྔལ་གྱི་འགྱོད་པ་སྐྱེ་ཞིང༌། དེ་ཡང་ཚེ་ཐུང་བ་དང་བསོད་ནམས་ཆུང་བ་སོགས་ཀྱི་རྒྱུ་སྲོག་གཅོད་ལ་སོགས་མི་དགེ་བ་ཡིན་པར་ཤེས་ནས་སྲོག་གཅོད་སྤངས་པས་ཚེ་ལོ་ཉི་ཤུར་འཕེལ། དེ་བཞིན་དུ་འདོད་ལོག་རྐུ་རྫུན་སོགས་སྤངས་པས་ཚེ་ལྔ་བཅུ་དང༌། བརྒྱ་སོགས་ནས་བརྒྱད་ཁྲིའི་བར་དུ་རིམ་བཞིན་དུ་འཕེལ་ལོ།། ཡར་འཕེལ་གྱི་དུས་སུ་འགྲོ་བ་འདུལ་བའི་སྟོན་པ་མི་འབྱུང་ཞིང་འཁོར་ལོ་བསྒྱུར་བའི་རྒྱལ་པོ་འབྱུང་བ་ཡིན་ནོ།། འདི་དུས་རང་རྟོགས་གཤེན་རབ་པ་འབྱུང་སྟེ། རིགས་ཅན་གང་ཞིག་གིས་འཁོར་བའི་གནས་ལུགས་རྟེན་འབྲེལ་བཅུ་གཉིས་ཀྱི་རང་བཞིན་མཐོང་ཞིང༌། དེའི་རྒྱུ་མ་རིག་པ་དང་སྡུག་བསྔལ་ལས་བསྐྱེད་པར་གོ་བས་གཞན་ལ་མ་བསྟེན་པར་རང་སྟོབས་ཀྱིས་ངེས་འབྱུང་འཁྲུངས་ཏེ་ཤེས་རབ་དང་ཏིང་འཛིན་ཐོབ། དེ་ལ་ཡུན་རིང་དུ་སྒོམ་པས་ཐུན་མོང་གི་གྲུབ་རྟགས་མངའ་ཞིང༌། དེའི་བརྡ་ལ་བརྟེན་ནས་རིགས་ཅན་འགའ་ཞིག་རང་ལམ་དུ་འགོད་པར་བྱེད་དོ།། དེ་ཡང་རང་རྒྱལ་རྣམས་ནི་བསེ་རུ་ལྟ་བུ་གཅིག་པུར་དཀའ་བ་ཐུབ་པ་དང༌། ནེ་ཙོ་ལྟ་བུ་མང་དུ་འཚོགས་པའི་རིགས་གཉིས་སུ་འདོད་དོ།།
    གཉིས་པ་ནི། ད་ལྟའི་བསྐལ་པ་འདི་ལ་ཆགས་གནས་འཇིག་སྟོང་བཞི་ཏེ། བར་བསྐལ་ཉི་ཤུའི་ཡུན་དུ་ཆགས། ཉི་ཤུར་འཇིག་ནས་སྟོངས་བསྐལ་ཉི་ཤུ་སྟེ་བསྐལ་ཆེན་བརྒྱད་ཅུའོ།། བར་བསྐལ་ཞེས་པ་ནི་མི་རྣམས་ཚེ་ལོ་དཔག་མེད་ནས་བཅུ་པའི་བར་གྱི་ཡུན་ལ་ཡིན་ཏེ། དེ་འདྲ་བ་བརྒྱད་ཅུ་ལ་བསྐལ་ཆེན་གཅིག་གོ།། ཡ་ཐོག་རིང་པོ་ནི་ཚེ་ལོ་མར་འགྲིབ་ཀྱི་ཐོག་མ་ནས་བརྩི་ལ། མ་ཐོག་ཐུང་ངུ་ནི་ཡར་འཕེལ་གྱི་ཐོག་མ་ནས་བརྩི། བར་གྱི་ཁུག་པ་ནི་ཡར་འཕེལ་དང༌། མར་འགྲིབ་ལན་གྲངས་བཅོ་བརྒྱད་ཀྱི་བར་ལ་བར་གྱི་ཁུག་པ་བཅོ་བརྒྱད་དུ་བརྩིའོ།། འོ་ན་དེང་དུས་བསྐལ་པ་འདི་གང་ཞེ་ན། ཡ་ཐོག་རིང་པོར་འདོད་པ་ཡོད་ཀྱང༌། བརྟགས་ན་བར་གྱི་ཁུག་པར་ཡིན་པ་འདྲའོ།། དེ་དག་གི་ཚེ་ལོ་བྲི་ལུགས་ནི་ལོ་ཉིས་བརྒྱ་རེ་ན་ལོ་རེ་བྲི་བར་བཤད་ཀྱང༌། ཞག་ཆད་ཟླ་ལྷག་ཕྲི་བསྣན་བྱེད་ན་ལོ་གསུམ་བརྒྱ་རེ་ལ་བྲི་བར་འདོད་ཀྱང་རུང་ངོ༌།། ཁུག་པ་རྣམས་ལ་འཇིག་བསྐལ་དངོས་སུ་མི་འབྱུང་ཡང་ནད་མུག་མཚོན་གྱིས་མཐོ་བཅད་ཟུར་བསྙལ་བྱེད་དོ།། དེ་ལྟར་འཕེལ་འགྲིབ་ཀྱི་ཁུག་པ་བཅོ་བརྒྱད་རྫོགས་ནས་འཇིག་པའི་བསྐལ་པ་འབྱུང་སྟེ། དེ་ཡང་སེམས་ཅན་གྱི་ལས་ཟད། འབྱུང་བའི་མཐུ་ཉམས་པས། དང་པོ་ནང་བཅུད་ཀྱི་སེམས་ཅན་སྟོངས། དེ་ནས་ཕྱི་སྣོད་ཀྱི་འཇིག་རྟེན་ཞིག འཇིག་སྟོང་གི་འོག་དམྱལ་བའི་ཞིང་ཁམས་ནས་ཚུགས་ཏེ་ངན་སོང་གསུམ་པོ་རིམ་གྱིས་ཟད། དེ་ཡང་ནད་མུག་མཚོན་གསུམ་གྱི་བསྐལ་པ་འབྱུང་སྟེ། དང་པོ་ནད་ཀྱི་བསྐལ་པ་ནི། འདུ་བ་རྣམ་བཞི་འཁྲུགས་ནས་མི་ནད་ལང་དགུ་ཞེས། བལ་ནད་དང༌། ལྷོག་པ་དང༌། གག་པ་དང༌། རྒྱུ་གཟེར་དང༌། འབྲུམ་བུ་དང༌། གཡོན་པ་དང༌། མཛེ་དང༌། སྐྱ་སྦབ་དང༌། མཁྲིས་པ་དང་དགུས་སེམས་ཅན་ཕལ་ཆེར་འཇོམས་ལ། སྔོན་བྱམས་བརྩེའི་སེམས་དང་སྨོན་ལམ་གྱིས་མཚམས་སྦྱར་ནས་སྨན་གྱི་སྦྱིན་པ་བྱེད་པ་རྣམས་ལ་མི་ཚུགས་པར་བཤད་དོ།།
    དེའི་རྗེས་སུ་མུ་གེའི་བསྐལ་པ་འབྱུང་སྟེ་གནམ་ལ་ཆར་མེད་པས་ས་ལ་འབྲུ་དང་རྩི་ཏོག་མི་སྨིན། ཕྱུགས་ཀྱི་ཤེད་འགབ་ཆད་པས་རང་གི་སྐྲ་བསགས་ནས་གོས་བྱེད། བཙའ་སད་སེར་གསུམ་གྱིས་འབྲུ་རིགས་བཅོམ་ནས་མུ་གེ་རིགས་གསུམ་འབྱུང་སྟེ། དང་པོ་མུ་གེ་སྦེད་བྱེད་ཅེས་པ་རང་གི་འཚོ་བ་ཅུང་ཟད་ཡོད་པ་རྣམས་ཕྱིས་འདི་ལས་སྡུག་པ་བྱུང་དུས་ཟ་དགོས་ཟེར་ནས་སྦེད།

青ICP备08000069号
QQ:568095347
E-mail:liamrgbm@yahoo.com.cn

པར་དབང་རེབ་གོང་བོན་མང་དྲ་བར་དབང་བས་གཞན་གྱིས་མི་སྤྱོད་པར་མཁྱེན།
བོད་ཀྱི་ཆ་འཕྲིན་ལག་རྩལ་དྲ་བས་ལག་རྩལ་ཕྱོགས་ནས་རོགས་སྐྱོར་བྱས་པར་ཐུགས་རྗེ་ཆེ་ཞུ།