༄༅། །བསྟན་འབྱུང་རིག་པའི་ཤན་འབྱེད་ནོར་བུ་ཀེ་ཏ་ཀའི་དོ་ཤལ་ཞེས་བྱ་བ་བཞུགས།

དེའི་སླད་དུ་འཆི་བའོ།། མུ་གེ་ཐུར་མ་འཚོ་ནི་ཟངས་མོ་ཆེའི་ནང་དུ་ནས་འབྲུ་གསུམ་བཞི་ཙམ་བཙོས་ནས་ཁུ་བ་བཏུང༌། ཐུར་མས་བླངས་ནས་སྣ་ལ་སྣོམ་པར་བྱེད་དོ།། མུ་གེ་ཟ་བྱེད་པ་ནི་ཕ་མེས་ཀྱི་དུར་ཁྲོད་སློག་སྟེ་སྔོན་རྩམ་ཟན་གྱི་རུས་པ་ཡིན་ཟེར་ནས་ཁུ་བ་བཏུང༌། ཚིགས་མ་ཟ་བར་བྱེད་དོ།། འདི་དུས་ཀྱིན་སྦྱིན་པ་སྔོན་སོང་ཅན་གྱི་གང་ཟག་རྣམས་གདོང་དུ་འཕོའོ།།
    དེའི་རྗེས་སུ་མཚོན་གྱི་བསྐལ་པ་འབྱུང་སྟེ། ནམ་མཁའ་ནས་རལ་གྲི་དང༌། ཤ་འབལ་དང༌། སྟ་རེ་དང༌། མདུང་ཐུང་ལ་སོགས་མཚོན་སྣ་ཚོགས་ཀྱི་ཆར་འབབ་ལ། ས་གཞི་ལའང་རྩི་ལྟར་དུ་འཁྲུངས་ནས་ཐམས་ཅད་གཅོད་ཅིང་བརླག་པར་བྱེད་དོ།། སྡུག་བསྔལ་འདིའི་གོང་དུ་བཟོད་པའི་གོ་ཆ་བརྟེན་པ་རྣམས་འཕོའོ།། དེ་ལྟར་ནད་མུག་མཚོན་གསུམ་ནི་བར་བསྐལ་གསུམ་གྱི་ཡུན་དུ་འབྱུང་ལ། དམྱལ་བ་ནས་གཞན་འཕྲུལ་གྱི་ལྷ་མན་ཆད་ནང་བཅུད་ཀྱི་སེམས་ཅན་གཅིག་ཀྱང་མ་ལུས་པ་སྟོངས་པར་བྱེད་དོ།།
   དེ་ནས་ཕྱི་སྣོད་ཀྱི་འཇིག་རྟེན་ཞིག་པའི་འགོ་བརྩམ་སྟེ། དང་པོ་གནམ་ལ་གསེར་གྱི་ཉི་མ་བདུན་རིམ་གྱིས་འཆར་ཞིང་དེ་དག་ཚ་འགྱུར་ཇེ་ཆེར་སོང་བས། དང་པོས་སྤང་སོ་ཁལ་ཁོལ་ཚིག གཉིས་པས་རྩི་ཤིང་ནགས་ཚལ་ཚིག གསུམ་པས་ལྡིང་ཀ་དང་ཆུ་མིག་སྐེམ། བཞི་པས་རི་བྲག་ཐམས་ཅད་ཚིག ལྔ་པས་ཆུ་བོ་ཐམས་ཅད་སྐེམ། དྲུག་པས་རྒྱ་མཚོ་ཆེན་པོ་སྐེམ། བདུན་པས་དབུས་ཀྱི་རི་རབ་དང༌། རིན་ཆེན་དྲང་མའི་གླིང་བཅས་མེ་འབར་ནས་བསམ་གཏན་དང་པོ་མན་ཆད་བསྲེག་པའོ།།
   དེ་ནས་གྲང་འགྱུར་ཇེ་ཆེར་གྱུར་པའི་ཟླ་བ་དགུ་ཤར་ནས་ཆུ་ཀླུང་འབབ་སྟེ། དང་པོ་ནམ་མཁའ་བསིལ་ལ་དྭངས། དེ་ནས་སྦྲང་ཆར་ཟིམ་བུ་འབབ། དེ་ནས་ཆར་རྒྱུན་མི་ཆད་པར་འབབ། དེ་ནས་མདའ་སྨྱུག་ཙམ་དུ་འབབ། དེ་ནས་གཉའ་ཤིང་ཙམ་དུ་འབབ། དེ་ནས་ཤིང་རྟའི་འཕང་ལོ་ཙམ་དུ་འབབ། དེ་ནས་འོག་གཞི་ཐམས་ཅད་ཆུས་གང༌། དེ་ནས་ནམ་མཁའ་ཐམས་ཅད་ཆུས་གང༌། ཐ་མར་བསམ་གཏན་གཉིས་པ་མན་ཆད་ཆུ་ཡིས་ཁེངས་ཏེ་རྡུལ་ཞིང་མྱགས་པར་བྱེད་དོ།། དེ་ལྟར་མེ་དང་ཆུ་ཡི་བསྐལ་པ་ནི་བར་བསྐལ་བཞི་རེའི་ཡུན་དུ་འབྱུང་ངོ༌།།
   དེ་ནས་བར་བསྐལ་དགུ་ལ་རླུང་གིས་འཇིག་སྟེ། དང་པོ་རླུང་དམར་བ། འཁྱིལ་བ། འཚུབས་པ་གསུམ་གྱིས་སྣང་སྲིད་ཐམས་ཅད་དཀྲུགས་ཤིང་བར་དུ་རླུང་སྐྱ་བ། དཀར་བ། འཕྱོ་བ་དང་གསུམ་གྱིས་ཐམས་ཅད་འབུད་ལ། ཐ་མ་རླུང་སྔོ་བ་ལྗི་བ་ངད་པ་གསུམ་གྱིས་བསམ་གཏན་གསུམ་པ་མན་ཆད་ནས་འོག་གཞི་རླུང་གི་དཀྱིལ་འཁོར་ཡན་ཆད་ཀྱི་དངོས་པོ་ཐམས་ཅད་ཕྲ་རབས་ཀྱི་རྡུལ་དུ་བཤིག་ནས། ག་པུར་རྫིས་བསྐྱོད་པ་བཞིན་དུ་ཐམས་ཅད་གཏོར་ཞིང་བརླག་པར་བྱེད་དོ།། དེའི་དུས་འཁོར་བ་དོང་ནས་སྤྲུགས་ཏེ་དམྱལ་བའི་སེམས་ཅན་ཡན་ཆད་ཀྱི་ལས་དང་བག་ཆགས་ཟད་ནས་ཐར་པ་ཐོབ་པ་སྟེ། མདོ་ལས། དེའི་ཚེ་སེམས་ཅན་ཐམས་ཅད་སྡུག་བསྔལ་བརྒྱད་དང་འདུ་འཛི་བཅུ་དྲུག་ལས་ཐར་པར་འགྱུར་རོ།། ཞེས་གསུངས་སོ།། འོ་ན་བསམ་གཏན་བཞི་པ་ཡན་ཆད་མི་འཇིག་པ་ཅིའི་ཕྱིར་ན། དེ་རྣམས་ལ་དགའ་བདེ་མེ། རྟོག་དཔྱོད་ཆུ། གཡོ་འགུལ་རླུང་ལྟ་བུའི་སྐྱོན་དང་བྲལ་བས་འཇིག་བསྐལ་གསུམ་པོ་མི་འབྱུང་ཡང་དོན་ལ་རྟག་པ་མེད་དེ། རང་རང་གི་ཚེ་ཚད་རྫོགས་པ་དང་རང་ལུས་གཞལ་ཡས་དང་བཅས་པ་ཡལ་ནས་འཇིག་པའོ།། དེ་ལྟར་འཇིག་བསྐལ་རྫོགས་ནས་སྟོངས་པའི་བསྐལ་པ་ཞེས་བྱ་བ་སྟེ་འོག་གི་ནམ་མཁའ་རྣམས་འབྲེལ་ནས་ཅི་ཡང་མེད་པ་སྟོང་པའི་རང་བཞིན་ཅན་དུ་བར་བསྐལ་ཉི་ཤུའི་ཡུན་དུ་འབྱུང་བ་ཡིན་ནོ།། དེ་ནས་སླར་ཡང་སངས་རྒྱས་ཀྱི་ཐུགས་རྗེ་དང་སེམས་ཅན་གྱི་ལས་འཕྲོ་མཐུད་ནས་ཕྱི་སྣོད་རླུང་གི་དཀྱིལ་འཁོར་ནས་མས་ཡར་ཆགས་ལ། ནང་བཅུད་བསམ་གཏན་བཞི་པ་ནས་ཡས་མར་གྲོལ་བ་སོགས་བར་བསྐལ་ཉི་ཤུའི་ཡུན་དུ་ཆགས་པ་སྟེ། མདོ་ལས། འཁོར་བ་འདི་ནི་བ་ཚྭའི་མཚོ་དང་འདྲ།། སྔ་མ་འབྱིན་ན་ཕྱི་མ་ཁད་ཀྱི་ཆགས།། ཞེས་སོགས་གསུངས་སོ།། དེ་ལྟར་སྟོང་གསུམ་འཇིག་རྟེན་མཉམ་དུ་ཆགས་པ་དང༌། མཉམ་དུ་གནས་པ་དང༌། མཉམ་དུ་འཇིག་པའི་ལུང་བསྒྲུབས་ཟིན་ལ། མི་འཇེད་པའི་འཇིག་རྟེན་གཞན་དག་ནི། ལ་ལ་ཆགས་ལ་ཁད། ལ་ལ་འཇིག་ལ་ཁད། ལ་ལ་ཆགས་བཞིན་པ། ལ་ལ་འཇིག་ཟིན་པ། ལ་ལ་ཆགས་ཟིན་པ། ལ་ལ་གནས་པ། ལ་ལ་སྟོངས་པ་སོགས་ཕ་རོལ་གཟིགས་པ་རྣམས་ཀྱི་དགོངས་ཡུལ་ལས། ཚུར་མཐོང་གི་བསམ་གྱིས་མི་ཁྱབ་སྟེ། མདོ་ཕྲན་ལས། གནས་རིག་ཀྱང་མི་འདྲ་མི་གཅིག་དཔག་མེད་བྱེ་བ་གྲངས་འདས་གཟིགས། ཞེས་གསུངས་པ་བཞིན་ནོ།། འདིར་ཕྱི་རོལ་པ་ཁ་ཅིག་གིས། ནམ་ཞིག་འཁོར་བ་སྟོངས་པའི་དུས་སུ་ཐམས་ཅད་འཚང་རྒྱ་ན། ད་ལྟ་ལམ་རྒྱུད་ལ་བསྟེན་པ་དོན་མེད་ཡིན་ཟེར་ན། ཁོ་ན་རེ། དེ་ནི་འགྲོ་བ་སྤྱི་བཙན་གྱི་སྟེས་དབང་ཡིན་ལ། ད་ལྟ་ཚོགས་གཉིས་བསགས། སྒྲིབ་གཉིས་སྦྱངས་ནས་བདག་དོན་དུ་བོན་སྐུ། གཞན་དོན་དུ་རྫོགས་སྐུ། འགྲོ་དོན་དུ་སྤྲུལ་སྐུར་བྱེད་པ་ནི་སངས་རྒྱས་ཀྱི་ཡོན་ཏན་སྔོན་དུ་འཆར་ཟིན་པའོ།། དེ་ལྟར་བསྐལ་བཟང་པདྨ་སྟོང་ལྡན་གྱི་ཐ་སྙད་ནི་དང་པོ་ཆགས་པའི་དུས་གསེར་གྱི་པདྨ་སྟོང་དང་ལྡན་པ་ཞིག་འཁྲུངས་པས་གཙང་མའི་ལྷ་རྣམས་ངོ་མཚར་སྐྱེས་ཏེ་སངས་རྒྱས་སྟོང་རྩ་བརྒྱད་འབྱུང་བར་བསྒྲགས་པ་མདོ་འདུས་ནས་བཤད་ཅིང༌། དེ་དག་གི་བསྟན་པའི་བྱུང་ཁུངས་བཤད་པ་འདིས། རིག་པ་དང་མ་རིག་པའི་ཤན་འབྱེད་ཚུལ་བཞིན་དུ་ནུས་པས་ནོར་བུ་ཀེ་ཏ་ཀ་དང་བོན་མཚུངས། དེ་ཡང་མདོ་འབུམ་རྒྱུད་མཛོད་ལ་སོགས་བཀའ་ལུང་དྲི་མ་མེད་པ་ཀུན་ལས་བཏུས་ཤིང༌། གཏེར་འབྱུང་དང་ཁ་བྱང་རིགས་ལ་ཡུན་རིང་དུ་བརྟག སྔ་རབས་པའི་འཁྲུངས་རབས་མང་པོ་ཞིག་ཀྱང་མིག་ལམ་དུ་བསྟར། གཞན་སྡེའི་ཆོས་འབྱུང་འགའ་དང་བསྟན་རྩིས་སྔ་ཕྱི་དུ་མ་ཞིག་འདུག་པ་རྣམས་ལ་བློ་གྲོས་བཅུགས་ཏེ། དེ་དག་ཅུང་ཟད་དཔྱད་པ་དང་བཅས་ཏེ་རབ་བྱུང་བཅོ་ལྔ་པའི་དམར་སེར་ཞེས་པ་མེ་སྦྲུལ་ལོར་ལེགས་པར་བཀོད་གྲུབ་བོ།།
སྨྲས་པ།
ཟབ་ཅིང་རྒྱ་ཆེ་ཤེས་བྱའི་ཆུ་གཏེར་མུ་མེད་ནམ་མཁའི་ཀློང་ཡངས་པོར།།
ཐོས་བསམ་གྲུ་གཟིངས་ཉི་ཟླའི་འཕྲུལ་སྣང་ཕྱོགས་སུ་མ་ལྷུངས་ཁ་ལོ་བས།།
ལེགས་པར་དྲངས་པའི་ཚིག་དོན་རབ་བརླིང་ཀེ་ཏ་ཀ་ཡི་མགུལ་རྒྱན་འདིས།།
དོན་དང་དོན་མེད་རྣམ་འབྱེད་བློ་གྲོས་ཟད་མེད་སྣང་བ་རྒྱས་པར་འགྱུར།།

 

 

དུས་གསུམ་ཤེས་བྱའི་རྣམ་བཞག་མ་ཤེས་ན།།
བོན་རྣམས་ལོང་བའི་ལག་གི་མེ་ལོང་བཞིན།།
ཇི་ལྟར་མཁས་ཀྱང་རྫོགས་སངས་རྒྱས་ཀྱི་ཞལ།།
ཐར་འདོད་ཕལ་གྱིས་བསྐལ་པར་མཐོང་མི་འགྱུར།།

ཚུལ་འདི་རང་དོན་ཀོར་ཙེའི་འདུ་འཛི་དང༌།།
མཁས་པར་འདོད་དང་གཞན་གྱི་ལད་མོ་སོགས།།
ཅོལ་ཆུང་རྨོངས་པའི་ཆ་ལུགས་རབ་སྤངས་ནས།
ཡིན་ལུགས་ཇི་བཞིན་གཟུ་བོར་བདག་གིས་སྨྲས།།

བསྟན་པའི་བོན་དང་དོན་ལྡན་གཤེན་རྣམས་ཀྱི།།
རྣམ་པར་ཐར་ལ་དད་པའི་གཅེས་སྤྲས་སུ།།
ལེགས་བཤད་ཀུན་གྱི་སྙིང་པོ་བསྡུས་པ་འདི།།
ལམ་ཞུགས་བློ་ལྡན་ཡོངས་ཀྱི་ངལ་གསོའི་གནས།།

རྒྱལ་དང་དེ་སྲས་མཁྱེན་རབ་འོད་དཀར་ཅན།།
གངས་རིའི་ཁྲོད་འདིར་ལན་བརྒྱ་ཤར་ན་ཡང༌།།
 

青ICP备08000069号
QQ:568095347
E-mail:liamrgbm@yahoo.com.cn

པར་དབང་རེབ་གོང་བོན་མང་དྲ་བར་དབང་བས་གཞན་གྱིས་མི་སྤྱོད་པར་མཁྱེན།
བོད་ཀྱི་ཆ་འཕྲིན་ལག་རྩལ་དྲ་བས་ལག་རྩལ་ཕྱོགས་ནས་རོགས་སྐྱོར་བྱས་པར་ཐུགས་རྗེ་ཆེ་ཞུ།