༄༅། །བསྟན་འབྱུང་རིག་པའི་ཤན་འབྱེད་ནོར་བུ་ཀེ་ཏ་ཀའི་དོ་ཤལ་ཞེས་བྱ་བ་བཞུགས།

དང༌། ཉིས་འཁོར་བ་ཞེས་ལུས་གཅིག་ལ་ཚ་གྲང་རེས་མོས་སུ་འབྱུང་བ་སྟེ་དམྱལ་ཁམས་བཅོ་བརྒྱད་དོ།།
     དེར་མ་འདུས་པའི་ཁ་འཐོར་གྱི་དམྱལ་བ་ཞེས་ལྕེ་ལྐོག་མའི་འོག་ཏུ་དྲོངས་ཏེ་ཞིང་རྨོ་བ་དང༌། ལུས་ཀྱི་པགས་བཤུ་ནས་ཟངས་ཞུན་བྱུག་པ་དང༌། ལྕགས་གྱི་གཟེ་མ་བརྡལ་བའི་ཐང་ལ་རྐང་མཐིལ་བཤུས་ནས་འཁྲིད་པ་དང༌། རི་བྲག་སོགས་ཀྱི་བར་དུ་བཙིར་བ་དང༌། མནན་པ་དང༌། དཔྱངས་པ་སོགས་སྡུག་བསྔལ་གྱི་ལས་དང་མཐུན་པར་དམྱལ་བའི་སྣང་བ་དཔག་ཏུ་མེད་དོ།།
     གཉིས་པ་རྒྱུ་འདོད་ཆགས་ཀྱི་རྣམ་སྨིན་མངོན་དུ་གྱུར་པའི་འབྲས་བུ་ཡི་དྭགས་ཀྱི་སྡེ་ནི། སྤྱིར་དམྱལ་བའི་འཇིག་རྟེན་དེ་དག་གི་གོང་དུ་མེའི་དཀྱིལ་འཁོར་ཡོད་ལ། དེའི་ཕྱོགས་མཚམས་ཀུན་ཏུ་ཡི་དྭགས་གནས་ཏེ། བྱེ་བྲག་ཁ་འཐོར་གྱི་སྡེ་ནི་འཇིག་རྟེན་ཀུན་ལ་ཁྱབ་པའོ།། དེ་ཡང་ཡི་དྭགས་སྤྱི་སྡེ་གསུམ་ནི། གནས་ནས་སྦྱོང་བ་དང༌། མཁའ་ལ་རྒྱུ་བ་དང༌། རྒྱུ་དྲུག་འཁོར་བའོ།། དང་པོ་ལ་གསུམ་སྟེ། ཡི་དྭགས་ཕྱི་ཡི་སྒྲིབ་པ་ཅན་ནི། ཕྱིའི་སྣང་བ་འཁྲུལ་ཏེ་ཟས་སྐོམ་ཐམས་ཅད་རྣག་ཁྲག་དང་ཁྲོ་ཆུ་ཁོལ་མར་མཐོང་ནས་སྤྱད་དབང་མེད་པ་དང༌། ནང་གི་སྒྲིབ་པ་ཅན་ནི། ནང་གི་དབང་པོ་འཁྲུལ་ནས་གང་ཟོས་པ་ཐམས་ཅད་ཁོང་དུ་མེ་འབར་ནས་སྦྱང་བའོ།། སྒྲིབ་པ་ཅན་གྱི་སྒྲིབ་པ་ཅན་ནི། མགོ་རི་བོ། རྐེ་པྲིང་རྒྱུད། ཁ་གཡེར་མ། ལྟོ་བྱང་འབྲོག རྐང་ལག་འཇག་མ་ཙམ་སྟེ། བཟའ་བཏུང་གང་ཡང་དང་པོ་མི་རྙེད། རྙེད་ཀྱང་ཁར་མི་ཤོང༌། ཤོང་ཡང་གྲེ་བར་མི་ཐར། ཐར་ཡང་ལྟོ་བར་མི་ཁེངས། ཁེངས་ཀྱང་ཡན་ལག་གིས་མི་ཐེག་པ་སོགས་སྦྱོང་བའོ།། 
      གཉིས་པ་ནི། ཕྱོགས་མཚམས་བཅུ་ལ་གནས་པའི་དྲི་ཟ་ལྷ་ལ་གཏོགས་པ་དང༌། ལྟོ་འཕྱེ་ཀླུ་ལ་གཏོགས་པ་དང༌། གྲུལ་བུམ་མི་ལ་གཏོགས་པ་དང༌། སྲུལ་པོ་བགེགས་ལ་གཏོགས་པའི་སྡེ་སོགས་དབྱེ་བ་མང་ངོ༌།། གསུམ་པ་ནི། རིགས་དྲུག་གི་གནས་སུ་ཟོ་ཆུའམ་ཤིང་རྟའི་འཕང་ལོ་ལྟར་གཅིག་ནས་གཅིག་ཏུ་འཁོར་བའོ།།
     གསུམ་པ་རྒྱུ་གཏི་མུག་གི་རྣམ་སྨིན་མངོན་དུ་གྱུར་པའི་འབྲས་བུ་བྱོལ་སོང་གི་སྡེ་ལ་གསུམ། གནས་ན་ལས་ཀྱིས་སྦྱོང་བ་དང༌། བར་ན་དུས་ཀྱིས་འཐོམས་པ་དང༌། མཁའ་ལ་རྐྱེན་གྱིས་ཐར་བའོ།། དང་པོ་ནི། སྤྱིར་བཏང་ཡི་དྭགས་འཇིག་རྟེན་གྱི་ཐོག་ཏུ་རྒྱ་མཚོ་ཆེན་པོའི་ནང་ན་ཆང་དར་མའི་སྦང་མ་བཞིན་དུ་ཉ་སྲམ་སྦལ་སྦྲུལ་ལ་སོགས་གྲངས་ལས་འདས་པ་དང༌། གཉིས་པ་ནི། ཁོར་ཡུག་གི་ཕྱི་རོལ་ན་གླིང་བར་གྱི་མུན་པ་དང༌། མུན་པ་ཆེན་པོའི་ནང་དུ་ནས་སྲན་བྲེ་རུ་བླུགས་པ་ལྟར། རྐང་མེད་རྐང་བཞི་རྐང་མང་ལ་སོགས་གཅིག་གིས་གཅིག་ལ་འཚེ་བ་དང༌། ཟ་བ་དང༌། གནོན་པ་ལ་སོགས་བྱེད་ནས་གནས་སོ།། གསུམ་པ་ནི། རྩ་གསུམ་གླིང་བཞིའི་བར་དུ་འདབ་ཆགས་མཁའ་ལ་འཕུར་བ་དང༌། གཅན་གཟན་ཤ་ཁྲག་ལ་དད་པ་དང༌། གཡུང་དྭགས་བཀོལ་སྤྱོད་བྱེད་པ་དང༌། རི་དྭགས་གཟན་འཚོལ་བ་ལ་སོགས་དྲོད་གཤེར་རླན་ལས་སྐྱེ་བའི་སྲོག་ཆགས་བསམ་གྱིས་མི་ཁྱབ་པ་རྣམས་སྤྱིར་གནས་ཀྱིས་བསྡུས་པ་ཡིན་ལ། དོན་དུ་བྱོལ་སོང་སྤྱི་སྡེ་གསུམ་པོ་ཀུན་ལ་གཏོགས་པའོ།། ཞོར་བྱུང་ལག་འགྲོ་ཀླུ་ཡི་སྡེ་རྣམས་ཀྱང་བྱོལ་སོང་དུ་གཏོགས་ཏེ། ཀླུ་འབུམ་ལས། ཀླུ་རྣམས་སྐྱེས་ནས་མ་ཤིའི་བར།། སེམས་ལ་གཏི་མུག་གདུག་རྩུབ་འཆང༌།། དེ་ཕྱིར་ཀླུ་རྣམས་དུད་འགྲོ་ཡིན།། ཞེས་གསུངས་སོ།།
    གཉིས་པ་བདེ་འགྲོ་གསུམ་གྱི་སེམས་ཅན། མི་དང་ལྷ་མིན་ལྷ་དང་གསུམ། དང་པོ་ནི། རྒྱུ་དགེ་སྡིག་ལུང་མ་བསྟན་གང་རུང་གིས་འཕངས་པའི་འབྲས་བུ་མི་དང་མིའམ་ཅི་གཉིས་སུ་གྲུབ་སྟེ། དེ་ཡང་ཤར་ལུས་འཕགས་པོ་སོགས་གླིང་བཞིའི་མི་ནི་གོང་དུ་བསྟན་ལ། གྲུམ་ཤིང་བཅུད་འཐུང་གི་མི་ནི། དཔག་བསམ་སྡོང་པོའི་ཁོང་གསེང་ལ་གནས་ཏེ་སྦྱིན་པ་མཐར་ཕྱིན་པས་སྐྱེ། མེ་ཏོག་སྦུབས་གནས་ཀྱི་མི་ནི། རི་རབ་དང་རི་བདུན་གྱི་བར་ན་ཡོད་དེ་བཟོད་པ་ཐང་ཆོད་པས་སྐྱེ། འཁོར་ལོ་དབང་བསྒྱུར་གྱི་མི་ནི་རི་རབ་ཀྱི་ཁོང་གསེང་ལ་གནས་ཏེ་བརྩོན་འགྲུས་ཀྱི་གཉུག་བསྲིང་བས་སྐྱེ། གཡུང་དྲུང་ཁྱིམ་བདུན་གྱི་མི་ནི་གསེར་གྱི་རི་བདུན་ན་གནས་ཏེ་ཚུལ་ཁྲིམས་རྣམ་པར་དག་པས་སྐྱེ་བ་སྟེ། དེ་ལྟར་མི་རིགས་བརྒྱད་དོ།།
      གླིང་ཕྲན་ལ་གནས་པའི་མིའམ་ཅི་བཞི་ནི། ལྗོན་པ་ཅན་ཞེས་ལྗོན་ཤིང་གི་འབྲས་བུ་ཟ། རྒྱ་མཚོའི་ཁ་ཞགས་འཐུང་བ་དང༌། སྐྱེས་དྲུག་ཅན་ནི་བྱིས་པ་དབྱར་ལྡང་ལ་སྟོན་ན་འཆི་བ་དང༌། རྟིང་ཙུག་ཅན་ནི་སྲིན་དང་འཐབ་ཅིང་སྲོག་ཟ་བ་དང༌། མགོ་བརྙན་ཅན་ནི་མི་ལུས་ལ་དུད་འགྲོ་སྣ་ཚོགས་ཀྱི་མགོ་བོ་ཅན་དང་བཞིའོ།། དེ་དག་གནས་ཀྱིས་བསྡུས་ན་བརྒྱད་དེ། མཛོད་ལས། རྐོ་རིང་དག་གི་གླིང་ཆུང་ན།། རྔ་མོང་མགོ་ཅན་ཤིང་ཏོག་ཟ།། རྐོ་ཐུང་དག་གི་གླིང་ཆུང་ན།། སྒྱུ་མ་མཁན་དང་བགེགས་ཀྱི་ཚོགས།། གྱག་ཏི་དག་གི་གླིང་ཆུང་ན།། ར་མགོ་མིག་གསུམ་རྩི་ཐོག་ཟ།། གྱོག་ཏི་དག་གི་གླིང་ཆུང་ན།། སྦལ་དང་མི་རུ་རྫུས་ཤིང་སྤྱོད།། མར་ཞི་དག་གི་གླིང་ཆུང་ན།། གླང་པོའི་མགོ་ཅན་མཐུ་སྟོབས་ཆེ།། ཏིང་ཞི་དག་གི་གླིང་ཆུང་ན།། ཁ་ལ་རག་ཤ་སྲིན་པོའི་ཚོགས།། ཁ་སློན་དག་གི་གླིང་ཆུང་ན།། སྤྲེའུའི་མགོ་ཅན་གཡོ་འགུལ་ཆེ།། སྤྲེལ་ལྒམ་དག་གི་གླིང་ཆུང་ན།། བྱིས་པ་དབྱར་ལྡང་སྟོན་ན་འཆི།། ཞེས་སོ།། དེ་ལྟར་མི་རིགས་བརྒྱད། མིའམ་ཅི་བཞི་སྟེ་བཅུ་གཉིས་ནི་མིའི་འགྲོ་བར་འཆད་དོ།། གཞན་ཡང་གླིང་དང་གླིང་ཕྲན་གྱི་མིར་མ་འདུས་པའང་ཡོད་དེ། རི་བདུན་གྱི་སྨད་དུ་དྲང་སྲོང་དགའ་བྱེད་ཀྱི་གྲོང་ཁྱེར་གནས་ལ། རྩེ་ལྐོག་ཏུ་གཤེན་རབ་ཀྱི་འབངས་སྨྲ་མི་གྲོང་བདུན་ཡོད་ཅིང༌། གཉའ་ཤིང་འཛིན་གྱི་རྩེ་ལྐོག་ན་མེ་ཤིང་ལྡན་གྱི་གྲོང་ཁྱེར་ཟས་སུ་ཤིང་ཏོག་ཟ། ལོངས་སྤྱོད་ཕྱུགས་ལ་བྱེད་པ་གནས་སོ།། དེ་བཞིན་དུ་རི་བདུན་སོ་སོའི་རྩེ་ལྐོག་ན། གནོད་བྱིན་ལྡན་དྲི་ཟ་བ། གསེར་མདོག་ལྡན་སྦྲང་རྩི་ཟ་བ། མཛེས་ལྡན་རླུང་ཟ་བ། ཅང་ཤེས་ལྡན་རྟ་ལ་ཞོན་པ། མོས་ལྡན་བོན་ལ་སྤྱོད་པ། འཁོར་སྐྱོང་ལྡན་བྱ་ར་ཉུལ་ཞིང་མེ་ཏོག་ཟ་བ་སྟེ། དེ་དག་མིའི་གྲོང་ཁྱེར་བདུན་བདུན་ལ་དབང་བྱེད་འཇིག་རྟེན་མ་ཞིག་བར་དུ་གནས་སོ།།
     གཉིས་པ་རྒྱུ་ང་རྒྱལ་གྱི་རྣམ་སྨིན་ལས་འབྲས་བུ་ལྷ་མ་ཡིན་ནི། གཙོ་བོ་རི་རབ་བང་རིམ་གསུམ་པ་དང་བཞི་བའི་ཁོང་གསེང་ན་རྒྱལ་པོ་སླག་ཆེན་སྤྲུག་གམ་ཐང་བཟང་རིང་སྐྱེས་ཞེས་བྱ་བ་གོ་མཚོན་གྱི་སླག་པ་ལ་ནོར་བུ་བཏགས་ནས་སྤྲུགས་པས་དམག་དང་མཚོན་ཆར་སྤྲུལ་ནུས་པ་ཡོད་དེ། ཁོ་བསོད་ནམས་དང་ཚེ་ཚད་ལྷ་དང་མཉམ། འཐབ་རྩོད་སྲིན་པོ་དང་འདྲ། བཀའ་གཉན་གཡེན་སྡེ་སུམ་ཅུ་རྩ་གསུམ་ཡོད་དེ། གཟེར་མིག་སོགས་ནས། དབལ་ཡོག་ཁྲིན་དང་གསུམ། གཉེར་འོལ་འཚམས་དང་གསུམ། སྲིད་སྐོས་ཕྱ་དང་གསུམ། དམུ་བདུད་བཙན་དང་གསུམ།

青ICP备08000069号
QQ:568095347
E-mail:liamrgbm@yahoo.com.cn

པར་དབང་རེབ་གོང་བོན་མང་དྲ་བར་དབང་བས་གཞན་གྱིས་མི་སྤྱོད་པར་མཁྱེན།
བོད་ཀྱི་ཆ་འཕྲིན་ལག་རྩལ་དྲ་བས་ལག་རྩལ་ཕྱོགས་ནས་རོགས་སྐྱོར་བྱས་པར་ཐུགས་རྗེ་ཆེ་ཞུ།