༄༅། །བསྟན་འབྱུང་རིག་པའི་ཤན་འབྱེད་ནོར་བུ་ཀེ་ཏ་ཀའི་དོ་ཤལ་ཞེས་བྱ་བ་བཞུགས།

གཉེན་ལྷ་དང་ཡར་གཡེན་བཅུ་གསུམ་མོ།། ཟླ་ཉི་སྐར་དང་གསུམ། སྤྲིན་གཞའ་དལ་དང་གསུམ། ཟེར་ལོ་རྫི་དང་གསུམ་སྟེ་བར་གཡེན་དགུའོ།། ཀླུ་གཉན་རྒྱལ་དང་གསུམ། སྨན་གཟེད་སྲིད་དང་གསུམ། འདྲེ་སྲིད་བྱུར་དང་གསུམ། གཤིན་རྗེ་ཆུད་གཉིས་དང་ས་གཡེན་བཅུ་གཅིག་གོ། དེ་དག་མཐོ་བ་རླུང་གི་གོ་ལ་ནས། དམའ་བ་རྒྱ་མཚོའི་ཆུ་མཚམས་ཡན་ཆད་ལ་གནས་ཤིང༌། ལྷ་ལ་དཔག་བསམ་གྱི་ཤིང་སོགས་རྩོད་པའི་ཚེ། རི་རབ་ཀྱི་བྱང་ཤར་ནས་ཐོན་ཏེ་འཐབ་ཅེས་གསུངས་སོ།། 
      གསུམ་པ་རྒྱུ་བསོད་ནམས་ཆ་མཐུན་གྱི་དགེ་བས་འབྲས་བུ་ལྷ་ལུས་ལྟུང་བ་ཅན་གྱི་སྡེ་ལ་གསུམ་སྟེ། འདོད་ཁམས་དང༌། གཟུགས་ཁམས་དང༌། གཟུགས་མེད་ཀྱི་ཁམས་སོ།། དང་པོ་ནི། འདོད་ལྷའི་རིགས་སུ་གཏོགས་པའི་རི་བདུན་སོ་སོ་ལ་རང་རང་འཁོར་ལོ་བསྒྱུར་བའི་རྒྱལ་པོའི་རྟགས་འཛིན་པ་བདུན་གནས་ཏེ། ལྷ་ཡི་བུ་ཅང་ཤེས་ལྡན་གསེར་ལ་འཁོར་ལོ་བསྒྱུར། དེ་བཞིན་དུ་ལྷ་མིན་རྒྱལ་པོ་གཡུ་དང༌། གནོད་སྦྱིན་ཀུན་འདུལ་དངུལ། ལྷའི་བུ་མཛེས་ལྡན་ཟངས། ལེགས་ལྡན་ལྕགས། དྲི་ཟ་འཁོར་སྐྱོང་ཤེལ། ཀླུ་རྒྱལ་ཕྲོག་ཅན་བྱི་རུ་ལ་འཁོར་ལོ་བསྒྱུར་བའོ།།
དེ་ནས་རི་རབ་བང་རིམ་དང་པོ་ལ་གནོད་སྦྱིན་གྱི་རྒྱལ་པོ་གཞོང་ཐོགས་ཞེས་བསམ་འཕེལ་ནོར་བུས་བཀང་བའི་གཞོང་པ་ཐོགས་ནས་ཡོད། དེའི་ཁོང་གསེང་ན་ཀླུ་རི་འཛིན་ཞེས་ལྕགས་ཀྱི་བུམ་པ་བདུད་རྩིས་བཀང་ནས་རི་རབ་ལ་འཁྱུད་དོ།། བང་རིམ་གཉིས་པ་ན་བགྲང་ཕྲེང་འཛིན་ཞེས། ཤིང་ས་ལི་སེ་སེའི་འབྲུ་ལ་ཕྲེང་བ་བྱས། ཡེ་ཤེས་ལྷའི་སྙིང་པོ་བགྲང༌། ལོ་ཟླ་ཞག་གི་རྩིས་ཁ་བགྲང་བ་གནས་སོ།། དེ་དང་ཉེ་བར་གནོད་སྦྱིན་དབྱུག་ཐོག་འབྲུག་མོ་གཉའ་ལྕམ་ལ་ཞོན་ནས་ལྕགས་ཀྱི་བེར་ཀ་ཀླད་ལ་བསྐོར་ཏེ་སྤྲིན་ཆར་སྡུད་ཅིང་ཐོག་སེར་འབེབ་པར་བྱེད་དོ།། བང་རིམ་གསུམ་པར་རྟག་མྱོས་ཀུ་མ་ར་ཙ་ཞེས་མི་ལུས་རྟ་མགོ་ཅན། དུས་རྟག་ཏུ་སྦྲང་ཆང་གིས་མྱོས་ཤིང༌། ཁོ་ཚེ་སྟོད་བོན་ལ་སྤྱད་ཀྱང་ཚེ་སྨད་ཨ་སྟི་ར་ཙའི་སྤྱོད་པ་ལ་ཞུགས་ནས་གོལ་བའོ།། བང་རིམ་བཞི་པར་རྒྱལ་ཆེན་རིགས་བཞིའི་ལྷ་རྣམས་གནས་ཏེ། ཤར་དུ་ཤེལ་དཀར་འོད། བྱང་དུ་ནམ་མཁའ་སྣང༌། ནུབ་ཏུ་འཛིན་གྱི་དགའ། ལྷོ་རུ་འོད་དཀར་གསལ་དང་བཞི་ནི་ཕྱོགས་བཞིའི་གདོན་གྱི་ཁ་གནོན་ཞིང་ཟས་སུ་དཀར་གསུམ་ཟ། ལས་སུ་བོན་གྱི་ཁྲིམས་ལ་སྡོད་པའོ།། རི་རབ་ཀྱི་ཁ་ཁྱེར་དུ་ལྕགས་ལས་གྲུབ་པའི་ལྕོག་ཆེན་པོ་བཞི་ཡོད་དེ། བྱང་ཤར་གྱི་ལྕོག་ལ་བདུད་གེ་སར་གཞོན་ནུ་བྱ་བས་སངས་རྒྱས་ཀྱི་བསྟན་པ་སྲུང༌། བྱང་ནུབ་ཀྱི་ལྕོག་ལ་དམུ་མཐུ་ཆེན་སྲ་བརྟན་འཛིན་བྱ་བ་མཐུ་རྩལ་ཤིན་ཏུ་ཆེའོ།། ལྷོ་ནུབ་ཀྱི་ལྕོག་ལ་ཕྱ་ཁ་རྗེ་ཐང་པོ་བྱ་བས་ལྷའི་བཀོས་འདིང༌། ལྷོ་ཤར་གྱི་ལྕོག་ལ་ཝེར་རོ་ཉི་པང་སད་ཀྱིས་ལྷ་ཡི་འཚོ་ཚེརྗི་བྱེད། དེ་དག་ལྷ་དང་ལྷ་མིན་འཐབ་པའི་ཚེ་ལྷ་ཡི་དམག་དཔོན་ཆེན་པོ་བཞིར་གྲགས་སོ།།
     རི་རབ་ཀྱི་སྟེང་དུ་རིན་པོ་ཆེའི་ཚོན་སྣ་བརྒྱ་རྩ་བརྒྱད་ཀྱིས་བྲིས་པའི་དབུས་སུ་སུམ་ཅུ་རྩ་གསུམ་གྱི་ལྷ་གནས་ཆགས་ཏེ། ཉེ་དབང་སུམ་ཅུ་རྩ་གཉིས་དབང་པོ་བརྒྱ་བྱིན་དང་རྩ་གསུམ། ལྷ་སྲས་སུམ་ཅུ་རྩ་གཉིས་ཡབ་ལྷ་བདལ་དྲུག་དང་རྩ་གསུམ། བཙུན་མོ་སུམ་ཅུ་རྩ་གཉིས་མཛེས་ལྡན་མ་དང་རྩ་གསུམ། གྲོང་ཁྱེར་སུམ་ཅུ་རྩ་གཉིས་དབུས་ཀྱི་གཡུ་རྩེ་དང་རྩ་གསུམ། གླང་ཆེན་སུམ་ཅུ་རྩ་གཉིས་ཁྱུ་མཆོག་གཡུ་མདོག་དང་རྩ་གསུམ། བང་མཛོད་སུམ་ཅུ་རྩ་གཉིས་ས་ལེ་ཕུག་དང་རྩ་གསུམ། སྐྱེད་ཚལ་སུམ་ཅུ་རྩ་གཉིས་འོད་མའི་གླིང་དང་རྩ་གསུམ་སྟེ། དབུས་སུ་ལྷ་ཡི་ཕོ་བྲང་ཆེན་པོ་རྣམ་པར་རྒྱལ་བ་ངོ་རེ་ལ་དཔག་ཚད་ཉིས་བརྒྱ་དང་ལྔ་བཅུས་འཁོར་བར་ཡོད་ཅིང༌། དེའི་ཕྱོགས་བཞིར་དགའ་བའི་ཚལ་བཞི་ཞེས་ཤར་དུ་ཤིང་རྟའི་ཚལ། བྱང་དུ་སྨན་གྱི་ཚལ། ནུབ་ཏུ་ལྗོན་པའི་ཚལ། ལྷོ་རུ་མེ་ཏོག་གི་ཚལ་ཏེ་ལྷ་རྣམས་ལོངས་སྤྱོད་རོལ་མོ་སྣ་ཚོགས་བསྒྱུར་ནས་རྩེ་བའི་གནས་སོ།།
      དེ་ནས་ཕྱིར་དཔག་ཚད་ཉི་ཤུ་བཅལ་བ་ནས། གུར་གུམ་གྱི་སྤང་རི། ཁྲུས་ཀྱི་རྫིང་བུ། རི་དྭགས་ཤ་ར་ན། སྤྲེའུ་བྱང་ཆུབ་སེམས་དཔའ་སོགས་ལྷ་ཡི་ཡོ་བྱད་བསམ་དུ་མེད་པ་ཡོད་ཅིང༌། དེར་སྔོན་སྟོན་པས་བོན་གྱི་འཁོར་ལོ་བསྐོར་བའི་གནས་ཡིན་པས་ལྷ་ཡི་བུ་བློ་གྲོས་ལྡན་པ་སོགས་ཀྱིས་འཆད་ཉན་རྩོད་པའི་ལས་བྱེད་ཀྱང་ཟེར་རོ།། གནས་དེའི་བྱང་ཤར་དུ་ཁ་ལེ་སྟོང་འབྱམས་སྨོན་ལམ་གྱི་ཤིང་འཁྲུངས་པ། ཤིང་དེ་ནི་རི་རབ་མི་འགྱུར་བའི་སྲོག་ཤིང་གི་ཚུལ་དུ་སྐྱེས་ལ། རྩ་བ་རིན་ཆེན་དྲང་མའི་གླིང་དུ་ཟུག་ཅིང༌། ལམ་རི་རབ་ཀྱི་སྦུབས་ནས་བྱུང་སྟེ། རྩེ་མོ་ལྷ་རི་དེལ་དཀར་གྱི་རྩེ་ནས་བརྡོལ་ལ། ཡལ་ག་ཕྱོགས་བཞི་དབུས་ལྔར་གྱེས་པའི་དབུས་ཡོངས་འདུ་ས་བརྡོལ་དཔག་ཚད་ལྔ་བརྒྱར་འཕགས་ཤིང༌། འོད་དང་དྲིས་དཔག་ཚད་མང་པོར་ཁྱབ་པའི་ཤིང་དེ་ལ། བཟའ་བ་དང༌། བཏུང་བ་དང༌། གོན་པ་སོགས་འདོད་པའི་ཡོན་ཏན་མ་ལུས་པ་འབྱུང་བ་ནི་ལྷ་ཡོད་འབུམ་གྱི་སྨོན་ལམ་དང་སེམས་ཅན་སྤྱི་མཐུན་གྱི་བསོད་ནམས་ལས་གྲུབ་པའོ།།
      འོ་ན་རིན་ཆེན་དྲང་མའི་གླིང་གང་ན་ཡོད་ཅེ་ན། ལྷ་རི་དེལ་དཀར་ནས་མར་ལ་དཔག་ཚད་ལྔ་བརྒྱ་བཅལ་བའི་རི་རབ་ཀྱི་རྩ་བའི་ཁོང་གསེང༌། རྒྱ་མཚོ་ཆེན་པོའི་དབུས་གླིང༌། རིན་པོ་ཆེ་རང་འོད་འབར་བའི་གནས་དེར་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་གཉིས་བསགས་པའི་གཤེན་རབ་འདོད་པ་དགུ་འགྱུར་གྱིས་དབང་བྱེད་ཅིང༌། དེ་ནས་ལྷ་དང་ལྷ་མིན་མི་ལ་སོགས་འགའ་ཡང་རྒྱུ་བ་མེད་དེ། ལྷ་དང་ཀླུ་ཐུན་མོང་མ་ཡིན་པ་འགའ་ཞིག་སྤྲུལ་པ་བརྒྱ་ཕྲག་མང་པོར་སྤྲུལ་ནས་གནས་པ་གཟུངས་སྡེ་ལས་གསུངས་སོ།། རྩ་གསུམ་གྱི་ལྷོ་ནུབ་དཔག་ཚད་བཞིའི་ཕ་རོལ་ཏུ་ཕྱ་དང་སྐོས་ཀྱི་མཚམས་སུ་མཚལ་རི་ལྷའི་འདུན་ས་ལ་རི་ཕྲན་བཞིས་བསྐོར་ཞིང༌། དེའི་མདུན་དུ་རྡོ་ཨ་རྡོ་ལི་ཀ་གཡུང་དྲུང་བརྒྱ་རྩ་བརྒྱད་བྲིས་པ་ཡོད་ལ། དེ་དང་ཉེ་བ་ཞིག་ལ་རྩེ་དྲུག་ལྷུན་པོ་དགོངས་རྫོགས་དང་གཡུ་ལུང་ཤེལ་གྱི་བྲག་ཕུག་ཡོད་སྐད་དོ།། མཚལ་རིའི་ནུབ་ཏུ་གླིང་དགུའི་རྒྱ་མཚོ་ཆེན་པོ་སྒྲ་དབྱངས་འབུམ་ཕྲག་འཁྲུགས་པ་ཡོད་ཅིང༌། ཤར་དུ་བོན་གྱི་འདུན་ས་ལ་གླང་ཆེན་ས་སྲུང་ལ་སོགས་ལྷའི་ཡོ་བྱད་དུ་མར་ཡོད་པའོ།། དེ་དག་གི་བདག་པོ་འདུན་དཔོན་ཐང་མོ་ཞལ་བཞིའམ། ཚངས་པ་གདོང་བཞིར་གྲགས་པ། དུང་ཞལ་དཀར་པོས་ལྷ་ལ་སྨྲ། ཟངས་ཞལ་དམར་པོས་ཀླུ་ལ་སྨྲ། གཡུ་ཞལ་སྔོན་པོས་གནོད་སྦྱིན་ལ་སྨྲ། ཁྲོ་ཞལ་ནག་པོས་བདུད་ལ་སྨྲ་སྟེ། བདེན་རྫུན་གྱི་ཤག་འབྱེད། ལེགས་ཉེས་ཀྱི་སྟངས་གཅོད། བཀའ་ལས་འདས་ན་ཐོག་གིས་གསོད་པའི་རྫུ་འཕྲུལ་ཅན་གནས་སོ།། རྩ་གསུམ་ལྷ་དེ་དག་གི་སྟེང་ཤེད་ན་འབྱུང་ཆུང་རེ་རེས་བརྟེན་པའི་ནམ་མཁའ་ལྟར་ཚད་གཞལ་དུ་མེད་པའི་གཞལ་མེད་ཁང་ན། ལྷ་མ་ཡིན་གྱི་འཐབ་མོ་དང་བྲལ་བའི་འཐབ་བྲལ་གྱི་ལྷ། ལུས་སེམས་དགའ་བདེ་དང་ལྡན་པའི་དགའ་ལྡན། ལོངས་

青ICP备08000069号
QQ:568095347
E-mail:liamrgbm@yahoo.com.cn

པར་དབང་རེབ་གོང་བོན་མང་དྲ་བར་དབང་བས་གཞན་གྱིས་མི་སྤྱོད་པར་མཁྱེན།
བོད་ཀྱི་ཆ་འཕྲིན་ལག་རྩལ་དྲ་བས་ལག་རྩལ་ཕྱོགས་ནས་རོགས་སྐྱོར་བྱས་པར་ཐུགས་རྗེ་ཆེ་ཞུ།