|
སྤྱོད་འཕྲུལ་ཆ་སྣ་ཚོགས་ལ་མཉེས་པའི་འཕྲུལ་དགའ། གཞན་གྱི་འཕྲུལ་ཆ་ལ་དབང་བྱེད་པའི་གཞན་འཕྲུལ་དབང་བྱེད་དེ། མདོར་ན་འདི་ནས་དམྱལ་བའི་འཇིག་རྟེན་ཡན་ཆད་འདོད་ཁམས་སུ་རྣམ་པར་བཞག་གོ།
གཉིས་པ་བསམ་གཏན་བསྒོམ་པའི་སྟོབས་ཀྱིས་གཟུགས་ཁམས་ཀྱི་གནས་རིགས་ཆགས་ཏེ། དེ་ཡང་འདོད་ལྷ་དེ་དག་གི་སྟེང་ནས་ཡར་འོད་ཀྱི་གཞལ་ཡས་དང་འོད་གཟུགས་ལ་བརྟེན་ནས་གཟུགས་ཁམས་གནས་རིས་བཅུ་བདུན་ཆགས་ཏེ། དང་པོ་དགའ་བ་མེ་ལྟ་བུའི་དྲོད་ལ་ཞེན་པས་བསམ་གཏན་དང་པོར་སྐྱེ་ལ་འཇིག་ཀྱང་མེས་འཇིག་པའོ།། དེའི་ཚུལ་ནི་སྣང་སྲིད་ཀྱི་དོན་ལ་སྙིང་རྗེ་བསྒོམས་པའི་དགའ་བས་ཚངས་ཆུང་སྐྱེ། བྱམས་པ་བསྒོམས་པའི་དགའ་བས་ཚངས་ཆེན་སྐྱེ། བཏང་སྙོམས་བསྒོམས་པའི་དགའ་བས་ཚངས་པ་འབུམ་ཁྲིར་སྐྱེ་ཞིང༌། ཚད་མེད་པ་དེ་དག་བསྒོམས་པས་སྣང་སྲིད་ཐམས་ཅད་བསྐྱེད་སྙམ་ནས་གོལ་བའོ།། ཚངས་རིས་ཀྱི་ཐད་ཀར་བྱང་དུ་དཔག་ཚད་བརྒྱ་དང་བརྒྱད་ཀྱི་མཚམས་སུ་མུན་པ་ཟེར་ལྡན་གྱི་བདུད་ཀྱི་རྒྱལ་ཁམས་ཆེན་པོ་ཡོད་ལ། དེར་བདུད་རྒྱ་ལག་ཐོད་རྗེའམ། དགའ་རབ་དབང་ཕྱུག་གམ། མེ་ཏོག་གཞུ་ཅན་ནམ། ཡིད་སྲུབས་བདག་པོ་སོགས་བླ་དྭགས་ཀྱི་རྣམ་གྲངས་ཇི་སྙེད་འཛིན་པ་ཁོ་གནས་ལ། ཁོས་ཉོན་མོངས་པའི་མདའ་ལྔ་འཕངས་པས། ཁམས་གསུམ་གྱི་སེམས་ཅན་རྣམས་ཆགས་པ་དང༌། རྨོངས་པ་དང༌། སྡང་བ་དང༌། ཁེངས་པ་དང༌། འཐུར་བར་བྱེད་ཅེས་རིག་བྱེད་འཛིན་པ་རྣམས་ཀྱིས་བཤད་དོ།།
བསམ་གཏན་གཉིས་པ་ནི།བདེ་བའི་རྟོག་དཔྱོད་ཆུ་ལྟ་བུ་རྒྱུད་ལ་སྐྱེས་པས་འཇིག་ཀྱང་ཆུ་ཡི་བསྐལ་པས་འཇིག་གོ། དེ་ཡང་བདེ་བའི་རྟོག་དཔྱོད་ཀྱིས་འོད་ཆེན། རྟོག་པའི་རྟོག་དཔྱོད་ཀྱིས་འོད་ཆུང༌། ཚད་མེད་པའི་རྟོག་དཔྱོད་ཀྱིས་ཚད་མེད་འོད་སྐྱེ་ཞིང༌། དེ་དག་ཏིང་ངེ་འཛིན་རྟོག་དཔྱོད་ལ་ཡེངས་པས་གནས་འོག་མར་སྟུང་བའོ།།
བསམ་གཏན་གསུམ་པ་ཏིང་ངེ་འཛིན་དགའ་བདེ་རྟོག་དཔྱོད་དང་བྲལ་བའི་གཡོ་བ་རླུང་ལྟ་བུ་རྒྱུད་ལ་སྐྱེས་པས་སྐྱེ་ཞིང༌། འཇིག་ཀྱང་རླུང་གི་བསྐལ་པས་འཇིག་གོ། དེ་ཡང་ཏིང་ངེ་འཛིན་མ་གཡོས་པ་ལ་གཡོས་པར་བསྒོམས་པས་དགེ་ཆུང་དང༌། དེ་བཅོས་སུ་མེད་པ་ལ་བཅོས་ཏེ་བསྒོམས་པས་དགེ་ཆེན་དང༌། བཏང་འབྲལ་མེད་པ་ལ་འབྲལ་བར་བསྒོམས་པས་ཚད་མེད་དགེ་དང་གསུམ་མོ།།
བསམ་གཏན་བཞི་པ་ནི། ལུས་ངག་ཡིད་གསུམ་དགེ་རྩ་བསགས་ནས་སྐུ་ཕྱག་བརྒྱ་ཆེན་པོར་བདེན་པར་བསྒོམས་པས་སྤྲིན་མེད་འོད།། གསུང་ལྷ་སྔགས་རོལ་པར་བདེན་པར་བསྒོམས་པས་བསོད་ནམས་སྐྱེས། ཐུགས་ཟག་མེད་ངོ་བོར་བདེན་པར་བསྒོམས་པས་འབྲས་བུ་ཆེ་བ་སྟེ། དེ་དག་ལ་ཆགས་ཤིང་ཞེན་པས་གོལ་བའོ།། འདི་ཙམ་གྱི་མཐའ་རས་སུ་ལྷ་ཚེ་རིང་པོ་ཞེས་གཙང་མའི་ལྷ་ལས་གོལ་བས་རོ་སྟོད་ལྷ་དང༌། རོ་སྨད་བྲག་ཏུ་འགྱུར་ཏེ་བསྐལ་པ་བརྒྱད་ཁྲིར་ཐུབ་ནས་མར་ལྷུང་བའི་རིགས་ཤིན་ཏུ་སྡུག་བསྔལ་བ་དེ་ཡོད་པ་ལུང་འགའ་ཞིག་ནས་བཤད་དོ།།
གཙང་མ་རིགས་ལྔའི་ལྷ་ནི། དགའ་བདེ་རྟོག་དཔྱོད་གཡོ་འགུལ་རྣམས་ལ་བློས་བྱས་ཀྱི་དྲི་མས་མ་སྦགས་ཏེ་ཡེ་ཤེས་ལྔའི་ཏིང་ངེ་འཛིན་ལས་སྤྲུལ་ནས་སྐྱེ་བ་སྟེ། དེ་ཡང་བྱ་བ་གྲུབ་པའི་ཏིང་ངེ་འཛིན་ལས་མི་ཆེ་བ། སོ་སོ་རྟོགས་པའི་ཏིང་ངེ་འཛིན་ལས་མི་གདུང་བ། མཉམ་པ་ཉིད་ཀྱི་ཏིང་ངེ་འཛིན་ལས་ཤིན་ཏུ་མཐོང༌། མེ་ལོང་ལྟ་བུའི་ཏིང་ངེ་འཛིན་ལས་གྱ་ནོམ་སྣང༌། སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་ལས་འོག་མིན་གནམ་གྱི་ལྷ་སྟེ། དེ་དག་ནི་འཕགས་པའི་གནས་ཡིན་པས་ཚེ་ཐིམ་པ་དང་རིག་པར་འཛིན་པའི་གོ་འཕང་དུ་འགྲོའོ།།
གསུམ་པ་གཟུགས་མེད་ཀྱི་ལྷ་ནི། ལུས་གདོས་པོ་དང་བྲལ་ལ་ཡིད་བག་ཆགས་དང་མ་བྲལ་བའི་ཞེན་པས་རྫུས་ཏེ་སྐྱེས་ལ། དེ་ཡང་གནས་ཡུལ་ཐམས་ཅད་ནམ་མཁའ་ལྟར་གོལ་བའི་ནམ་མཁའ་མཐའ་ཡས་དང༌། དྲན་རིག་ཐམས་ཅད་མཐའ་ཡས་པར་གོལ་བའི་རྣམ་ཤེས་མཐའ་ཡས་དང༌། ཡུལ་དབང་ཐམས་ཅད་ཅི་ཡང་མེད་པར་ལྟ་བའི་ཅི་ཡང་མེད་པའི་སྐྱེ་མཆེད་དང༌། ཡུལ་ཤེས་ཐམས་ཅད་རྩེ་གཉིས་སུ་འཛིན་པའི་ཡོད་མིན་མེད་མིན་ཏེ། ཁམས་གོང་མ་མུ་བཞིའི་ལྷ་ལས་མཐོ་བ་མེད་ཅིང་དེ་དག་ཀྱང་བག་ཆགས་ཁ་ཚང་བ་དང་བཟང་ངན་གྱི་རྟིང་འཕུལ་ཏེ་གནས་སྟོངས་པའོ།།
དེ་ལྟར་ཁམས་གསུམ་འཁོར་བ་དེ་དག་གི་གོང་ན་སྲིད་པ་ཡེ་སངས་ཀྱི་ལྟ་སྤྱོད་མཐར་ཐུག་པ་བར་ལྷ་འོད་གསལ་གྱི་གནས་སམ། མགོན་བཙུན་ཕྱའི་གྲོང་ཁྱེར་ཞེས་ཀྱང་བྱ། དོན་དུ་འོག་མིན་འཐུག་པོ་བཀོད་པའི་ཞིང་རྫོགས་སྐུའི་བཞུགས་གནས་དམ་པ། བསྐལ་པ་སོགས་ཀྱིས་འཕོ་འགྱུར་མེད་པ་དེ་ཡོད་ཅིང༌། དེ་ནས་མཆོག་གི་སྤྲུལ་སྐུ་རྣམས་འགྲོ་བ་འདུལ་བའི་དོན་ལ་བྱོན་པའོ།། དེ་ལྟར་སྲིད་རྩེ་ནས་མནར་མེད་བར་གྱི་འགྲོ་བ་ལ། ལུས་ཚད་ཚེ་ཚད་རང་རང་གི་བདེ་སྡུག་ལ་སོགས་རྒྱས་པ་མཛོད་གོང་འོག་ལ་བལྟ་ཞིང༌། མདོར་བསྡུས་ན། འཛམ་གླིང་གི་མི་ཡི་ལུས་ཚད་རང་ཁྲུ་བཞི་ཡིན་ལ། དེ་ནས་རིམ་གྱིས་བསྲིངས་པས་ཤར་གླིང་གི་མི་ལ་ཁྲུ་བརྒྱད། ནུབ་གླིང་ལ་བཅུ་དྲུག བྱང་གླིང་ལ་སུམ་ཅུ་སོ་གཉིས། མཐའ་འཁོབ་དང་གླིང་ཕྲན་རྣམས་ལ་ཆེ་ཆུང་མ་ངེས་སོ།།
ངན་སོང་གསུམ་གྱི་འགྲོ་བ་ནི། གཟུགས་མི་སྡུག་པའི་དབང་གིས་ཚད་དང་མི་ལྡན་པས་ཁྲུ་ཚད་མེད་དོ།། འདོད་ལྷ་དྲུག་པོའི་རྒྱལ་ཆེན་རིགས་བཞིའི་ལུས་ཚད་ནི། རྒྱང་གྲགས་བཞི་ཆ་ཞིག་ཡོད། དེ་ནས་བཞི་ཆ་རེ་བསྲིངས་པས། གཞན་འཕྲུལ་དབང་བྱེད་ལ་རྒྱང་གྲགས་ཕྱེད་གཉིས་ཡོད་པའོ།། གཟུགས་ཁམས་ཚངས་ཆུང་གི་ལུས་ཚད་དཔག་ཚད་ཕྱེད་ཡིན་ལ། དེ་ནས་ཡར་བསྐྱེད་ལ་ཕྱེད་དང༌། འོད་ཆེན་ནས་ཉིས་འགྱུར་དུ་བསྐྱེད་པས་འོག་མིན་གྱི་ལྷ་ལ་ཁྲི་དྲུག་ཡོད་པའོ།།
དེ་དག་ཚེ་ཚད་ནི་འཛམ་གླིང་གི་མི་ནི་དང་པོ་དཔག་མཻད་ཐུབ་ཅིང་ཐ་མར་བཅུ་ལ་འགྲིབ་པ་བཞིན་ཚེ་ཚད་ལ་མ་ངེས་ཤིང༌། སྒྲ་མི་སྙན་མི་ལོ་སྟོང་དང༌། བ་ལང་སྤྱོད་ལྔ་བརྒྱ་དང༌། ལུས་འཕགས་པོ་ཉིས་བརྒྱ་དང་ལྔ་བཅུར་ཐུབ་པར་བཤད། མི་ལོ་ལྔ་བཅུ་ལ་རྒྱལ་ཆེན་རིགས་བཞིའི་ཞག་གཅིག་བརྩིས་པའི་རང་ལོ་ལྔ་བརྒྱར་ཐུབ་ལ་མི་ལོ་ས་ཡ་ཕྲག་དགུར་ཡོད་པའོ།། དེ་ནས་འདོད་ལྷ་གོང་མ་རྣམས་ཉིས་འགྱུར་གྱི་ཚེ་ཚད་རིང་ལ། གཟུགས་ཁམས་དང་གཟུགས་མེད་ཀྱི་ལྷ་ནི་བསྐལ་ཆེན་དུ་མར་ཐུབ་པའོ།།
ངན་སོང་གསུམ་གྱི་ཚེ་ཚད་ནི་གཞན་འཕྲུལ་དབང་བྱེད་ཀྱི་རང་ལོ་ཁྲི་དྲུག་སྟོང་ལ་དམྱལ་བ་ཡང་སོས་ཀྱི་ཞག་གཅིག་ཏུ་བརྩིས་པའི་རང་ལོ་ཁྲི་དྲུག་སྟོང་ཐུབ་ལ། དེ་ལྟར་རིམ་གྱིས་བསྲིངས་པས། རྟ་མིའི་ཉིན་ལམ་བརྒྱས་འཁོར་བའི་དོང་དུ་གཞན་འཕྲུལ་ལྷའི་རང་ལོ་རེ་ལ་ཉུངས་ཀར་རེ་བསྐྱུར་བས་དེ་ཁེངས་པའི་དུས་མནར་མེད་ཀྱི་ཚེ་ཚད་རྫོགས་སོ།། དེ་ལྟར་མནར་མེད་དང་ལྷ་ཚེ་རིང་པོ་དག་ནི་བསྐལ་ཆེན་ཞིག་ནས་ཀྱང་ལས་ཀྱི་དབང་
|