|
གིས་འཇིག་རྟེན་གཞན་དུ་འཕེན་ཟེར་ཡང༌། ཁོ་བོས་ནི་འཁོར་བ་སྟོང་དུས་དེ་དག་ལས་ཀྱང་ཟད་པར་འདོད་དོ།།
ཡི་དྭགས་ཕྱིའི་སྒྲིབ་པ་ཅན་ནི་བསྐལ་པ་གཅིག་ཏུ་གནས་ལ། ནང་གི་སྒྲིབ་པ་ཅན་ནི་མི་ལོ་ལྔ་བརྒྱར་ཐུབ་ཅིང༌། སྒྲིབ་པ་ཅན་གྱི་སྒྲིབ་པ་ཅན་ནི་བསྐལ་པ་ཕྱེད་དང་གཉིས་ཐུབ་བོ།།
བྱོལ་སོང་ནི་གཞན་དབང་གིས་བར་དུ་གཅོད་པས་ཚེ་ལ་མ་ངེས་སོ།། འོན་ཀྱང་བདེ་འགྲོ་མེ་ལྕེ་བཞིན་གྱེན་དུ་འགྲོ་བ་ལ་གོལ་སྒྲིབ་ཀྱི་རླུང་གིས་མར་ལྷུང་བ་དང༌། ངན་འགྲོ་ཆུ་ལྕེ་ལྟར་ཐུར་དུ་འགྲོ་བའང་རྐྱེན་དང་འཕྲད་ན་ཐར་པ་ཐོབ་སྲིད་པ་དྲན་པས་གསུངས་སོ།། དེ་དག་རང་རང་གི་བདེ་སྡུག་སོགས་མཐའ་ཡས་ཀྱང༌། འདོད་ཁམས་ཀྱི་ལྷ་རྣམས་དྲི་བདའ་དང་བདུད་རྩི་ལ་ལོངས་སྤྱོད་ཅིང༌། ཁམས་གོང་མ་གཉིས་ན་ཏིང་ངེ་འཛིན་གྱིས་ཟས་མ་གཏོགས་ཁམ་ཟས་མེད་པར་འདོད་དོ།། མི་རྣམས་དང་པོ་བསྐལ་པ་རྫོགས་ལྡན་གྱི་དུས་སུ་ནམ་མཁའ་ལ་སྤྲིན་གཏེར་གྱི་སྙིང་པོ་ཆགས་ནས་དགོས་འདོད་ཐམས་ཅད་ཆར་དུ་འབབ་ཅིང༌། དེ་ནས་ས་ལས་ས་ཞག་འདམ་བུ་འཁྲུངས་ཏེ་འབད་རྩོལ་མི་དགོས་པར་དགོས་དགུར་ཚང་བ་ཡོད་དོ།། དེ་སྐབས་ཉོན་མོངས་པ་ཆེར་མེད་ཅིང༌། དེའི་དབང་གིས་མི་དགེ་བཅུ་མ་དར་བས་མཐོ་རིས་གསུམ་གྱི་འགྲོ་བ་གྲངས་མང་ཞིང་ངན་སོང་གསུམ་གྱི་སེམས་ཅན་ཆེས་ཉུང་བ་ཡིན། དེ་ནས་ཉོན་མོངས་པ་ཕྲ་བ་ལས་རགས་པར་རྒྱས་ཏེ་མི་དགེ་བ་ཁ་ཚང་བའི་དབང་གིས་ད་ལྟའི་སྙིགས་མ་ལྔ་བདོའི་བར་ལས་དང་བསོད་ནམས་ཀྱི་འཕེལ་འགྲིབ་ཇི་སྙེད་པ་སྲིད་དེ་གང་ཟག་ཚུལ་མཐོང་གིས་སྤྱོད་ཡུལ་མ་ཡིན་ནོ།།
སྨྲས་པ།
མཁྱེན་ལྡན་མཁས་པའི་ཞལ་རླངས་བདུད་རྩིའི་ངད།།
བློ་གྲོས་པད་མའི་ཁྱུ་ལ་ལེགས་བྲན་པས།།
ཐོས་དང་བསམ་པའི་གེ་སར་ཁོང་ནས་འཛུམ།།
བསྐལ་བཟང་སྙིང་གི་གཏེར་མཆོག་འདི་ལས་སུ།།
རྨོངས་ཆེན་མུན་པའི་དགྲ་སྡེ་རྟ་ལྗང་ཅན།།
དྲན་མཆོག་ཤར་རིའི་ཕྲག་ནས་ཉེར་འཆར་ཚེ།།
བློ་གསལ་ཀུན་དགའ་འཕེལ་གྱིས་འབྱུང་པོའི་བྱ།།
གདོང་ལ་མུན་ནག་འཐིབས་པ་སྔོན་གྱི་ལས།།
དཔྱད་གསུམ་ཤེས་རབ་མཚོན་ཆ་རྣོན་པོ་འདིས།།
ཀུན་རྟོག་དུག་གི་མྱུ་གུའི་རྒྱུན་གཅོད་ནས།།
ཕན་བྱེད་སྨན་གྱི་མཆོག་གྱུར་ཀེ་སུ་རས།།
མི་ཤེས་རིམས་ནད་སེལ་བ་དངོས་པོའི་གཤིས།།
ཞེས་པ་ནི་བར་སྐབས་ཀྱི་ཚིགས་སུ་བཅད་པས་ངལ་གསོའོ།།
གསུམ་པ་འགྲོ་འདུལ་སྟོན་པ་བྱོན་ཚུལ་ལ་གཉིས། རང་ལུགས་དང་གཞན་ལུགས་སོ།། དང་པོ་ལ་གསུམ་སྟེ། ཕྱི་རྒྱུད་སྤྲུལ་པའི་སྐུ་ལས་བརྒྱུད་ཚུལ་དང༌། ནང་རྒྱུད་རྫོགས་པའི་སྐུ་ལས་བརྒྱུད་ཚུལ་དང༌། གསང་རྒྱུད་བོན་གྱི་སྐུ་ལས་བརྒྱུད་ཚུལ་ལོ།། དང་པོ་ལ་གཉིས་ཏེ། དུ་མ་རྒྱན་གྱི་མདོ་ཡི་དགོངས་པ་བཀྲོལ་བ་དང༌། རྩ་རྒྱུད་ཉི་ཟེར་སྒྲོན་མ་དང༌། ༼འདི་ལ་ས་བཅད་མི་འདུག མཆན།༽ མཛད་མདོ་རྒྱས་འབྲིང་གི་མདོ་ཡི་དགོངས་པ་བཀྲོལ་བའོ།།
དང་པོ་ནི་མདོ་དེ་ཉིད་ལས། དང་པོ་ཚེ་ལོ་དཔག་མེད་ལ།། ཡིད་དང་ཏིང་འཛིན་ཟས་ཀྱིས་འཚོ།། བཀྲེས་དང་སྐོམ་དང་གྲང་དྲོ་མེད།། གྲོང་ཁྱེར་མང་པོས་ས་གཞི་ཁེངས།། བུ་མོ་འབུམ་ལོན་ཁྱིམ་ལ་རྫོངས།། ཁྱེའུ་བུ་མོ་གང་བཙས་པ།། དཔག་མེད་ཐུབ་པར་སྨོན་ལམ་འདེབས།། ཞེས་གསུངས་པ་སོགས་ལས་འཕྲོས་ན། དང་པོ་ཚེ་ལོ་དཔག་མེད་ཀྱི་དུས་སུ་གཡུང་དྲུང་ཚེ་དཔག་མེད་ཀྱིས་ཚེ་ཡི་དམིགས་འཛིན། འདྲེན་པའི་སྟོན་པ་གཡུང་དྲུང་ཐོབ་པའི་གཤེན་བཞིས་མཛད་དེ། གཡུང་དྲུང་ཡེ་དབང་གིས་བསྐལ་པའི་གྲོས་བཏབ། གཡུང་དྲུང་ཡེ་སྲིད་ཀྱིས་སྲིད་པའི་རྨང་འདིང༌། གཡུང་དྲུང་ཡེ་རྒྱལ་གྱིས་དགེ་སྡིག་གི་སྟངས་བཅད། གཡུང་དྲུང་ལྷ་ཡི་སྟོན་པས་འགྲོ་བའི་དོན་མཛད་ནས་འདུལ་བའོ།། དེ་ནས་ཚངས་པ་ཡེ་མཁྱེན་གྱིས་ཚེ་ལོ་འབུམ་གྱི་ཚེ་ཡི་དམིགས་འཛིན། འདྲེན་པའི་སྟོན་པ་རྒྱུ་ཡི་གཤེན་བཞིས་མཛད་དེ། བ་རབ་གླིང་བཞིས་གཡུང་དྲུང་གི་ཚེ་བཟུང༌། བ་རབ་གླིང་རྩོལ་གྱིས་བདུད་ཀྱི་གཡུལ་བཟློག མང་གཤེན་རྒྱལ་བས་ལྟ་དགོངས་ཀྱི་འཕྲང་བཅད། ལྡེ་བོ་གསུང་ཆེན་གྱིས་འགྲོ་བའི་དོན་མཛད་ནས་འདུལ་བའོ།། དེ་ནས་ཚེ་ལོ་ཁྲི་ལ་ཁྲི་རྒྱལ་ཁུག་པས་ཚེ་ཡི་དམིགས་འཛིན། འདྲེན་པའི་སྟོན་པ་གཙུག་ཕུད་ཐོབ་པའི་གཤེན་བཞིས་མཛད་དེ།། ཡེ་གཤེན་གཙུག་ཕུད་ཀྱིས་ལྟ་སྒོམ་གྱི་གཞི་བཟུང༌། སྲིད་གཤེན་གཙུག་ཕུད་ཀྱིས་གསོན་གཤིན་གྱི་བརྡ་སྤྲོད། འཕྲུལ་གཤེན་གཙུག་ཕུད་ཀྱིས་གནོད་པའི་དགྲ་བཏུལ། སྣང་གཤེན་གཙུག་ཕུད་ཀྱིས་ལྷ་སྲིན་ཟིལ་གྱིས་མནན་ནས་འགྲོ་བ་དྲངས་པའོ།། དེ་ནས་ཚེ་ལོ་སྟོང་ལ་སྣང་བ་མདོག་ཅན་གྱིས་ཚེའི་དམིགས་འཛིན། འདྲེན་པའི་སྟོན་པ་རྫུ་འཕྲུལ་ལྡན་པའི་གཤེན་བཞིས་མཛད་དེ། ཁྲི་ཞི་ནམ་ཏིང་གིས་བསྙེན་སྒྲུབ་ཀྱི་མདོ་བཟུང༌། ཁ་ཏེ་མུ་ཡས་དགེ་སྡིག་གི་ཤན་ཕྱེས། མུ་ཆོ་ལྡེམ་དྲུག་གིས་དགའ་ཡུལ་གྱི་དྲོང་བརྩིས། ཕོ་བརྟུལ་སྟོང་ཆེན་གྱིས་ཕྱྭ་ཚེ་གཡང་སྐྱབས་ནས་འགྲོ་བ་དྲོངས་པའོ།། དེ་ནས་ཚེ་ལོ་ལྔ་བརྒྱ་པ་ལ་ཡོངས་སུ་དག་པས་ཚེ་ཡི་དམིགས་འཛིན། འདྲེན་པའི་སྟོན་པ་གྲུབ་པའི་གཤེན་བཞིས་མཛད་དེ། བདུད་ལས་གྲུབ་པ་ཁ་སྟེ་འགྲེང་ཡུག ཀླུ་ལས་གྲུབ་པ་དབྱར་སྙ་གྱིམ་བུ། གཉན་ལས་གྲུབ་པ་ཐང་ཐང་ཁྲོལ་བ། དམུ་ལས་གྲུབ་པ་རྫི་བ་དུང་ཕྱུར་དང་བཞིས་འགྲོ་བ་དྲོངས་པའོ།། དེ་ནས་ཚེ་ལོ་བརྒྱ་པ་ལ་རྒྱ་བོན་ཐོད་དཀར་གྱིས་ཚེ་ཡི་དམིགས་བཟུང༌། འདྲེན་པའི་སྟོན་པ་གཤེན་རབ་མི་བོས། འདུལ་བ་གཤེན་དྲུག་དང༌། ཐེག་པ་རིམ་དགུར་སྤྲོས་ནས་འགྲོ་བ་འདྲེན་པའོ།། དེ་ནས་ད་གཟོད་ཚེ་ལོ་བཅུ་པ་ལ་སྲིད་པ་ཡང་སངས་དེ་བོས་ཚེ་ཡི་དམིགས་འཛིན། འདྲེན་པའི་སྟོན་པ་ཐང་མ་མེ་སྒྲོན་ནམ་འཆི་མེད་བྱམས་ལྡན་གྱིས་འགྲོ་བ་འདྲེན་པར་འགྱུར་རོ།། འོ་ན་འདྲེན་པ་དེ་དག་དུས་གཅིག་ཏུ་བྱུང་ཟེར་ན། བསྟན་པ་གཅིག་ལ་སྟོན་པ་དུ་མར་ཐལ་བས། རང་ལུགས་ལ་གཅིག་ལྷ་གཅིག་གཤེན་གཅིག་སྲིད་པ་གཅིག་རྒྱལ་ཐེབས་ཀྱི་ཚུལ་དུ་བྱུང་ངམ། ཡང་ན་གཅིག་སྐུ། གཅིག་གསུང༌། གཅིག་ཐུགས། གཅིག་ཚེ་འཛིན་དུ་བཞེད་པའོ།།
གཉིས་པ་ནི་མཛད་མདོ་ལྟར་ན་མུན་སྣང་གི་བསྐལ་པ་ཆགས་ནས་ཚེ་ལོ་དཔག་མེད་ཐུབ་པ་ཡན་ནི། གྲངས་སུ་མ་བཟུང་བའི་བསྐལ་པ་ཡིན་ལ།། གྲངས་སུ་བཟུང་བའི་བསྐལ་པ་ནི། ཚེ་ལོ་འབུམ་གྱི་དུས་ནས་བརྩིས་ཏེ། དེ་ཡང་རྫོགས་ལྡན་འབུམ་གྱི་དུས་སུ་སྟོན་པ་སྣང་བ་རང་འབྱུང་ཐུགས་རྗེ་ཅན་གྱིས་འགྲོ་བ་དྲངས་པར་མཛད་དོ།། དེ་འོག་ཚེ་ལོ་བརྒྱད་ཁྲིའི་དུས་སུ་དགེ་བ་འཁོར་བ་ཀུན་འདྲེན་བྱོན་ནས་འགྲོ་བ་འདུལ། དེ་འོག་དྲུག་ཁྲིའི་དུས་སུ་ཀུན་ཤེས་ཉོན་མོངས་དུག་བསྲེགས་བྱོན་ནས་འགྲོ་བ་འདུལ། དེ་འོག་བཞི་ཁྲིའི་དུས་སུ་ལེགས་པ་ཚད་མེད་ཐུགས་རྗེ་ཅན་བྱོན་ནས་འགྲོ་བ་དྲངས། དེ་འོག་ཉིས་ཁྲིའི་དུས་སུ་སྙོམས་པ་ཐམས་ཅད་མཁྱེན་གཟིགས་ཀྱིས་འགྲོ་བ་འདུལ། དེ་འོག་ཚེ་ལོ་ཁྲི་པའི་དུས་སུ་བྱམས་པ་ཁྲི་རྒྱལ་ཁུག་པས་འགྲོ་བ་འདུལ། དེ་འོག་ཚེ་ལོ་སྟོང་གི་དུས་སུ་དག་པ་གཏོ་རྒྱལ་ཡེ་མཁྱེན་གྱིས་
|