|
འགྲོ་བ་དྲངས། དེ་ནས་ད་ལྟ་རྩོད་ལྡན་ཚེ་ལོ་བརྒྱ་པ་ལ་གསལ་བ་རྣམ་མཁྱེན་རྒྱལ་བ་གཤེན་རབ་ཀྱིས་འགྲོ་བ་འདྲེན། ད་གཟོད་ཚེ་ལོ་བཅུ་པའི་དུས་སུ་ཤེས་པ་བྱམས་པ་མཐུ་ལྡན་སྟོབས་མཆོག་གིས་འགྲོ་བ་འདྲེན་པར་འགྱུར་རོ།།
དེ་ཡང་ད་ལྟའི་སྟོན་པ་འདིས་དང་པོར་བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད། བར་དུ་གྲངས་མེད་གསུམ་དུ་ཚོགས་བསགས། མཐར་ཐུག་མངོན་པར་རྫོགས་པའི་སངས་རྒྱས་པར་ཡིན་ཀྱང༌། གཞན་དོན་དུ་མཆོག་གི་སྤྲུལ་སྐུའི་ཚུལ་བསྟན་ནས་སྟོང་གསུམ་འདུལ་བའི་སྟོན་པར་དགོངས་ཏེ། འོག་མིན་གྱི་ཞིང་དུ་རྫོགས་སྐུ་གཤེན་ལྷ་འོད་དཀར་ལས་ལུང་མནོས། སྔར་འདས་ཀྱི་སྟོན་པའི་བཀའ་ཡིས་བསྐུལ། སྲིད་པ་སངས་པོ་འབུམ་ཁྲི་དང་ཐབས་ཤེས་ཟུང་དུ་འབྲེལ། བར་ལྷ་འོད་གསལ་གྱི་གནས་སུ་ཤེས་བྱའི་སྒྲིབ་པ་སྦྱངས་ནས་འཁོར་འདས་ཐམས་ཅད་མཁྱེན་པར་མཛད། གཡུ་ལུང་ཤེལ་གྱི་བྲག་ཕུག་ཏུ་སྟོན་པ་འཆི་མེད་གཙུག་ཕུད་དུ་སྤྲུལ་ནས་འབྲས་བུ་གསང་སྔགས་ཀྱི་བོན་འཁོར་བསྐོར་ཏེ་ཡབ་ཡུམ་གསང་འདུས་སོགས་ལ་གཏད་དོ།། དེ་ནས་རི་རབ་ཀྱི་རྩེ་རུ་མཐུ་ལྡན་གྱི་ལྷ་ཀླུ་དམ་ལ་བཏགས་ནས་གཟིགས་དགོངས་ཆེན་པོ་བཅུ་ཐུགས་ལ་བཀྲམ།།
དེ་ཡང་ཡུལ་ལ་གཟིགས་པ་འཛམ་གླིང་སོག་ཁར་ཏ་ཟིག་འོལ་མོ་གླིང་ཆེན་རབ་དགའ་བདེ་བ་ཅན་གྱི་གནས་ལ་གཟིགས། གདུལ་བྱ་ལ་གཟིགས་པ་མི་མཇེད་འཇིག་རྟེན་རྩོད་པ་ཅན། ཡབ་ལ་གཟིགས་པ་དམུ་རིགས་འཕྲུལ་གྱི་རྒྱལ་པོ་རྒྱལ་བོན་ཐོད་དཀར། ཡུམ་ལ་གཟིགས་པ་ཤེས་རབ་བྱམས་མའི་རྣམ་འཕྲུལ་ལྷ་མོ་རྒྱལ་བཞད་མ། དུས་ལ་གཟིགས་པ་རྩོད་ལྡན་སྙིགས་མ་ལྔ་བདོ་བའི་དུས་འདིར་འདབ་ཆགས་ཀྱི་རྒྱལ་པོ་གཡུ་བྱ་ཁུ་བྱུག་ཏུ་སྤྲུལ་ནས་གསུང་ལྷང་ལྷང་ཐང་གསུམ་བསྒྲགས་པས་འགྲོ་དྲུག་གི་སྡུག་བསྔལ་སངས་པ་དང་བཅས་ཏེ་ཆུ་ཕག་ས་ག་ཟླ་བའི་ཚེས་བཅོ་ལྔ་ལ་ཡབ་ཀྱི་རྟ་ལ་བརྒྱུད་ནས་ཡུམ་གྱི་ལྷུམས་སུ་ཞུགས།།
དེ་ནས་ལོ་ཡི་རྒྱལ་པོ་ཤིང་ཕོ་བྱི་བ་ལ་དགོངས། ཟླ་བའི་རྒྱལ་པོ་དཔྱིད་ར་སྟག སྐར་མའི་དང་པོ་རྒྱལ། ཞག་གི་སྙིང་པོ་བཅོ་ལྔ། དུས་ཚོད་ཀྱི་དང་པོ་ནམ་ལངས་ལ་དགོངས་ཏེ། བག་ཆགས་མངལ་གྱི་དྲི་མས་མ་གོས་པར་ཡུམ་གྱི་གློ་དཀར་གཡས་ནས་བལྟམས། དེའི་ཚེ་ཚངས་པ་བརྒྱ་བྱིན་སོགས་ཀྱིས་དར་དཀར་གྱིས་ལྕིབས་ནས་བླངས། དགའ་བོ་དང་འཇོག་པོས་སྐུ་ཁྲུས་གསོལ། ལྷ་མོ་བཀྲ་ཤིས་མ་དང་བྲམ་ཟེ་གཙང་མཛེས་གཉིས་ནས་སྤོས་ཀྱིས་བསང༌། གཉན་གྱི་རྒྱལ་པོ་གསལ་བ་འོད་ལྡན་དང་འདོད་པ་དགུ་འགྱུར་སོགས་ཀྱིས་རིན་པོ་ཆེ་མངའ་དབུལ། བྲམ་ཟེ་གསལ་ཁྱབ་འོད་ལྡན་གྱིས་མཚན་བརྟགས་པས། མཚན་བཟང་པོ་སུམ་ཅུ་རྩ་གཉིས་དང༌། དཔེ་བྱད་བཟང་པོ་བརྒྱད་ཅུ་རྩ་གཅིག ཆེ་བའི་ཡོན་ཏན་བརྒྱ་དང་བཞི་བཅུ། ངེས་པའི་ཐོ་ཡིག་བཞི་བཅུ་རྩ་ལྔ། མཁྱེན་པའི་ཡེ་ཤེས་དྲུག་ཅུ་རྩ་གཅིག ཏིང་འཛིན་གྱི་ཡན་ལག་བརྒྱ་དང་རྩ་ལྔ། འོད་ཟེར་གྱི་སྤྲོ་བསྡུས་འཇིག་རྟེན་གྱི་ཁམས་གང་བ་ཞིག་འདུག་པས། མཚན་ཡང་སངས་རྒྱས་རྒྱལ་བ་གཤེན་རབ་མི་བོ་ཀུན་ལས་རྣམ་པར་རྒྱལ་བ་ཞེས་གསོལ་ཏེ། སྟོང་གསུམ་འདུལ་བའི་སྟོན་པར་ཞལ་གྱིས་བཞེས། སྐབས་དེར་གཤེན་རབ་དགུང་ཟླ་གསུམ་ལ་མི་ལོ་ཉི་ཤུ་རྩ་ལྔར་བཞེས་པ་དང༌། རྒྱལ་བུ་རྒྱལ་སར་ཕྱུང་བའི་མཛད་པ་སྟེ། དེའི་དུས་སུ་ཡབ་ཡུམ་བྲམ་ཟེ་ལ་སོགས་སེམས་ཅན་ཤིན་ཏུ་གྲངས་མང་བ་ཞིག་སངས་རྒྱས་སོ།། དེ་ནས་སྟོན་པ་གཏོ་རྒྱལ་ཡེ་མཁྱེན་གྱི་བསྟན་པ་རྫོགས་ནས། སྐུ་གཟུགས་རྣམས་བྱ་བཞིན་དུ་འཕུར། སྐུ་གདུང་རྣམས་དར་བཞིན་དུ་བསྐྱོད། གསུང་རབ་རྣམས་དུང་ཕྱིས་པ་བཞིན་དུ་དག རྟེན་གསུམ་རྣམས་གཞའ་ཡལ་བ་བཞིན་དུ་སོང་བར་ཉི་ཟེར་སྒྲོན་མ་ལས་བཤད་དོ།། ད་ལྟ་སྟོན་པའི་བསྟན་པ་ལ་སྦྱོང་བ་རྣམས། སྟོན་པ་དེའི་བསྟན་པ་རྫོགས་པ་དང་སངས་རྒྱས་པར་གསུངས་སོ།། དེ་དག་གི་ནི་སྐྱེ་བ་བཞེས་པའི་མཛད་པའོ།།
གཉིས་པ་གཞོན་ནུས་རོལ་རྩེད་མཛད་པའི་ཚུལ་ནི། མཛད་བཅུ་ལྟར་ན་ཁབ་བཞེས་པའི་མཛད་པ་ལས་ལོགས་སུ་མ་གསུངས་ཤིང༌། འགྲོ་བ་འདུལ་བ་ལ་གཉིས་སུ་གསུངས་པ་དང༌། མེ་སྟོན་ཤེར་འོད་ཀྱིས་ཁྱིམ་སྤང་རབ་བྱུང་ལ་གཉིས་སུ་དབྱེ་བར་མཛད་ཅིང༌། སྒ་སྟོན་གྱིས་བསྟན་པ་བཞག་པ་དང༌། ཕྲིན་ལས་བཞག་པ་གཉིས་སུ་གསུངས་མོད་ཀྱང༌། འདིར་མཛད་མདོ་རྒྱས་པ་ལྟར་གཤེན་རབ་དགུང་ཟླ་དགུའི་ཡུན་ཏེ་མི་ལོ་བདུན་ཅུ་རྩ་ལྔའི་བར་དུ་བདུད་རྩི་སྨན་གྱི་ནགས་ཚལ་དང༌། མེ་ཏོག་གི་གླིང་རྣམས་སུ་བྱོན་ནས། ཤར་དུ་ཧ་ནུ་མ་དྷའི་རྩེད་མོ། བྱང་དུ་བདུད་ཀྱི་ཆོ་འཕྲུལ་བཟློག ནུབ་ཏུ་ཀླུ་ཁྱུང་གི་འཁྲུགས་པ་བསྡུམ། ལྷོ་རུ་ཤ་ཟའི་འཇབ་བུ་བཟློག ལྷོ་ཤར་བྱའི་གཏམ་རྒྱུད། བྱང་ཤར་གཅན་གཟན་གྱི་བྱུང་ཁུངས། བྱང་ནུབ་རི་དྭགས་ཀྱི་ལོ་རྒྱུས། ལྷོ་ནུབ་ཏུ་ལེགས་པའི་དགའ་སྟོན་སོགས་ཤེས་བྱ་བཟོ་རིག་གི་འཕྲུལ་ཆ་རྣམས་བསྟན་ཅིང་འགྲན་ཟླ་བྲལ་བར་མཛད་དོ།།
གསུམ་པ་བསྟན་པ་སྤེལ་བའི་མཛད་པ་ནི། མི་ལོ་བརྒྱ་ལ་གཤེན་ལོ་གཅིག་ཏུ་བརྩིས་པའི་ལོ་རེ་ལ་ཐེག་པ་རིམ་དགུའི་བོན་གཏན་ལ་ཕབས་ཏེ་གཤེན་ལོ་དགུར་སོང༌། བཅུ་ལ་སྐད་རིགས་སུམ་བརྒྱ་དྲུག་ཅུར་བསྒྱུར་ཞིང༌། བཅུ་གཅིག་ལ་གདུལ་དཀའ་ཁྱི་ཁྱོན་གྱི་རྒྱལ་ཁམས་བཏུལ། བཅུ་གཉིས་ལ་དབང་ལྡན་དུས་ཀྱི་འཁོར་ལོ་རྒྱུད་ལུང་མན་ངག་གསུམ་དུ་དབྱེས་ནས་གསུངས་ཏེ་ལོ་མཛོད་བཅུ་ཉིས་ཀྱི་མཛད་པའམ། བཀའ་འཁོར་ཐོག་མར་གྲགས་སོ།།
བཞི་པ་འགྲོ་འདུལ་འོད་ཟེར་སྤྲོས་པའི་མཛད་པ་ནི། སྟོན་པའི་སྐུ་གསུང་ཐུགས་ལས་འོད་ཟེར་གྲངས་མེད་པར་སྤྲོས་ཏེ། འཛམ་གླིང་བྱེ་བ་ཕྲག་བརྒྱར་སྤྲུལ་སྐུ་བྱེ་བ་ཕྲག་བརྒྱར་སྤྲུལ་པ་དང༌། རིགས་དྲུག་འདུལ་བའི་སྟོན་པ་དྲུག་དང༌། གཡེན་ཁམས་འདུལ་བའི་བོན་པོ་སུམ་ཅུ་རྩ་གསུམ་སོགས་སྤྲུལ་ལོ།། ཁྱད་པར་དུ་གཏི་མུག་གཏོ་བུ་དོད་དེ། ཞེ་སྡང་ཁྲི་ཤི་དབང་ལྡན་རྒྱལ། འདོད་ཆགས་མ་ཏི་འགུ་ལིང་མ་སོགས་དུག་ལྔ་རང་ཁ་མའི་དབང་དུ་གྱུར་པའི་འགྲོ་བ་རྣམས་བདཻ་ཆེན་ཐར་པའི་ལམ་དུ་དྲངས་པར་མཛད།
ལྔ་པ་ཁབ་བཞེས་པའི་མཛད་པ་ནི། ལྷ་ཡི་དབང་པོ་བརྒྱ་བྱིན་གྱིས་གསོལ་བ་བཏབ་ཅིང༌། རབས་ཆད་དང་མ་ནིང་ལ་སོགས་པའི་ངག་བཅགས་ཕྱིར་གཤེན་ལོ་བཅོ་ལྔ་བཞེས་པའི་དུས་སུ་རྒྱལ་པོ་ཧོས་ཀྱི་བུ་མོ་རྒྱལ་མེད་མ་དང༌། དཔོ་འབར་བའི་སྒྲོན་མེ་ཅན་གྱི་སྲས་མོ་ཐང་མོ་སོགས་ཁབ་ཀྱི་དཔལ་འབར་སུམ་བརྒྱ་དྲུག་ཅུ་ལ་རོལ་ནས། རྒྱལ་སྲས་གཏོ་བུ་འབུམ་སངས། སེམས་དཔའ་དཔྱད་བུ་ཁྲི་ཤེས། ལུང་འདྲེན་གསལ་བ། རྒྱུད་འདྲེན་སྒྲོན་མ་སོགས་སྐུ་ལས་སྤྲུལ་པའི་སྲས་བརྒྱད་འཁྲུངས་ནས་བསྟན་པའི་གཉེར་དཔོན་མཛད་དོ།།
དྲུག་པ་བདུད་བཏུལ་བའི་མཛད་པ་ནི། བདུད་རྗེ་ཁྱབ་པས་ཆོ་འཕྲུལ་སྣ་དགུར་བསྟན་ཀྱང་ཀུན་ཀ་རྡུགས། འཁོར་དང་བཙུན་མོ་བསྡུས་ཀྱང་མ་ཐེབས། བདུད་དམག་དུང་ཕྱུར་ཙམ་གྱིས་དོས་འཛུགས་ཀྱང༌། བཟོད་པའི་གོ་གོན་སྙིང་རྗེའི་དཔུང་བསྐྱེད་ནས་ལོག་པར་
|