༄༅། །བསྟན་འབྱུང་རིག་པའི་ཤན་འབྱེད་ནོར་བུ་ཀེ་ཏ་ཀའི་དོ་ཤལ་ཞེས་བྱ་བ་བཞུགས།

འདྲེན་པའི་གཡུལ་ངོར་བཟློག་ཅིང་ཕམ་པར་མཛད་དོ།།
བདུན་པ་བསྟན་པ་རྗེས་སུ་བཞག་པའི་ཚུལ་ནི། རྒྱལ་རིགས་སུམ་བརྒྱ་དང་དྲུག་ཅུ་ལ། རྗེས་བཞག་སུམ་བརྒྱ་དང་དྲུག་ཅུ་སོགས་བསམ་གྱིས་མི་ཁྱབ་ཀྱང༌། གཙོ་བོ་གསས་ཁང་དཀར་ནག་བཀྲ་གསལ་དུ་དཔལ་མགོན་འབུམ་ཁྲག་བཅོ་ལྔ་དབང་དུ་བསྡུས་ནས་སྒོ་བཞི་མཛོད་ལྔའི་བསྟན་པ་རྗེས་སུ་བཞག་པའོ།། དེ་ལྟར་གཤེན་ལོ་བཅོ་ལྔ་ནས་སུམ་ཅུའི་བར་དུ་ཁབ་བཞེས། བདུད་བཏུལ། རྗེས་བཞག་རྣམས་རིམ་པར་མཛད་དོ།།
བརྒྱད་པ་མཛད་པའི་དམ་པ་ཁྱིམ་སྤང་རབ་བྱུང་གི་ཚུལ་ནི། གཤེན་ལོ་སོ་གཅིག་མི་ལོ་སུམ་སྟོང་ཆིག་བརྒྱ་ལ་སྐྱེ་རྒ་ན་འཆིའི་སྡུག་བསྔལ་གཟིགས་ཚུལ་མཛད་ནས་མཆོད་རྟེན་རྣམ་དག་དཀར་པོའི་དྲུང་དུ་གཤེན་རབ་རང་ཉིད་རང་ལ་རབ་ཏུ་བྱུང༌། ལྷའི་དྲང་སྲོང་ལེགས་ལྡན་རྒྱལ་བ་ལས་དག་པ་དྲང་སྲོང་གི་ཁྲིམས་རྣམས་རྫོགས་པར་མནོས་ཏེ་མཚན་ཡང་སྟོན་པ་ཁྲི་གཙུག་རྒྱལ་བར་གྲགས་སོ།།
དགུ་པ་དཀའ་བ་སྤྱད་པ་ནི། རི་རབ་ཀྱི་ཁ་ཁྱེར་དང༌། གསེར་གྱི་རི་བདུན་དང༌། བྱང་ཤར་མེ་ཏོག་གི་ཚལ་སོགས་ལ་འཚོ་བའི་ཆ་ཤས་ཙམ་ལ་བསྟེན་ནས་མི་དང་བྱ་སྤྲེལ་གྱི་དཀའ་ཐུབ་གཤེན་ལོ་དགུ་ཡི་བར་དུ་མཛད། དེའི་དབང་གིས་ལྷ་ཡི་བུའི་བདུད་དང༌། ཉོན་མོངས་ཀྱི་བདུད་དང༌། འཆི་བདག་གི་བདུད་དང༌། ཕུང་པོའི་བདུད་དེ་བདུད་བཞི་ཆོམ་ནས་མངོན་པར་བྱང་ཆུབ་ཀྱི་ཡོན་ཏན་འཆར་རོ།།
བཅུ་པ་བོན་གྱི་འཁོར་ལོ་བསྐོར་བའི་མཛད་པ་ནི། འགྲོ་བ་མ་རིག་པ་རྣམས་རིག་པ་ཡེ་ཤེས་ཀྱི་སྒྲོན་མེ་བཏེག་པའི་ཕྱིར་དུ། སེང་གེའི་ཁྲི་བརྩིགས་ནས་ནང་འཁོར་ལྔ་སྟོང་ལྔ་བརྒྱ་སོགས་ཤེས་རབ་ཆེ་ཆུང་གི་འཁོར་རྣམས་ལ་བརྒྱད་ཁྲི་བཞི་སྟོང་བོན་གྱི་འཁོར་ལོ་བསྐོར་བ་གཤེན་ལོ་ལྔ་ཡི་ཡུན་ནོ།།
བཅུ་གཅིག་པ་འཁོར་སྤང་དགོན་པ་མཛད་པ་ནི། གཤེན་ལོ་ཞེ་ལྔ་ནས་དོན་ལྔའི་བར་དུ། གསས་མཁར་ཁྲི་སྨོན་རྒྱལ་བཞད་དང༌། གཡའ་རི་གངས་བྲག་མེ་ཏོག་གི་གླིང་རྣམས་སུ་ཕོ་གླིང་དང་མོ་གླིང་སོ་སོར་ཕྱེས་ནས་རྩེ་གཅིག་བྱང་ཆུབ་སྙིང་པོ་ལྷུར་ལེན་གྱི་དོན་དུ་རི་དྭགས་རྨས་མ་རྒྱུ་བ་ལྟ་བུར་གནས་སོ།།
བཅུ་གཉིས་པ་མྱ་ངན་ལ་འདའ་བའི་ཚུལ་ནི། རྒྱལ་བའི་སྐུ་ལ་བདུད་བཞིའི་འཇིགས་པ་མི་མངའ་ཡང༌། རྟག་པར་ལྟ་བའི་སེམས་ཅན་སུན་དབྱུང་བའི་ཕྱིར་དུ། དགུང་ལོ་དོན་ལྔ་ལ་བཀའི་གཏད་གཉེར་མཛད། དོན་དྲུག་ལ་བསྙུན་ཚུལ་བསྟན། དེ་ནས་ཀུན་རྫོབ་བདེན་པ་མི་སླུ་པའི་ཕྱིར་དུ་གཏོ་དང་དཔྱད་ཀྱིས་ལོ་གསུམ་རེ་བསྲིང་ཚུལ་མཛད། དེ་ནས་བདུད་ཀྱིས་མྱ་ངན་འདའ་བར་ཞུས་པས་ངོ་མ་ལྡོག་ནས་གཤེན་ལོ་བརྒྱད་ཅུ་གྱ་གཉིས། མི་ལོ་བརྒྱད་སྟོང་ཉིས་བརྒྱར་སོང་བའི་ཆུ་ལུག་དགུན་ཟླ་ཐ་ཆུང་གི་གནམ་སྟོང་སྐྱ་རེངས་ཤར་བ་དང་དུས་མཉམ་པར། སྲོད་ལ་བདུད་བཏུལ་གུང་ལ་མཉམ་པར་བཞག ཐོ་རངས་བོན་ཉིད་ཀྱི་དབྱིངས་སུ་མྱ་ངན་འདས་སོ།།
ཕྱི་ལོར་ཤར་ཕྱོགས་གཡུང་དྲུང་བཀོད་པའི་གླིང་སོགས་ལ་བཀའི་བསྡུ་བ་མཛད་ཅིང༌། དེ་རྗེས་གཤེན་ལོ་བཅོ་བརྒྱད་དམ་མི་ལོ་སྟོང་དང་བརྒྱད་བརྒྱ་འདས་པའི་དུས་དེར་སྐུ་ཡི་བསྟན་པ་རྫོགས་ནས་གཤེན་བསྟན་ཅུང་ཟད་ལྡིང་བའི་དུས་ཞིག་བྱུང་སྟེ། དེའི་ཚེ་འཕགས་པ་འོད་མ་གསང་གྲགས་སོགས་ཀྱིས་སྟོན་པ་ལ་གསོལ་བ་བཏབ་པས་ཤིང་ཕོ་འབྲུག་གི་ལོ་ལ་གདུང་སོབ་སྟོན་པ་མུ་ཆོ་ལྡེམ་དྲུག་ལྷ་བྲན་བརྒྱས་ཞབས་བཏེགས་ཏེ། མཁའ་ནས་དོག་ལ་ཕེབས་ཏེ་ལོ་གསུམ་བོན་གྱི་འཁོར་ལོ་བསྐོར་ནས་སླར་ཡང་ལྷ་མིན་འདུལ་བའི་སྟོན་པར་ཕེབས་སོ།། དེ་ནས་གསུང་བསྟན་གྱི་དབུ་ཟུགས་པར་ལགས་སོ།། དེ་ཡང་ཐབས་ཆེན་མཁའ་ཡི་རྒྱུད་ལས། ང་ཡི་གསུང་གི་བསྟན་པ་ལ།། ཉིད་ལས་མི་ཞན་པ་ཡི་གཤེན།། རང་བྱུང་མཆོད་རྟེན་རྩ་བ་རུ།། གདུང་སོབ་མུ་ཆོ་བྱ་བ་འབྱུང༌།། ཞེས་ལུང་བསྟན་པ་ལྟར་སྟོན་པའི་བཀའ་ལ་སློབ་དཔོན་བཀའ་ཡིས་བརྟེན་ནས་གསུངས་པའི་བོན་རྣམས་ཐུགས་སྲས་གསང་བ་མདོ་སྡུད་དང༌། ཚངས་པ་གཙུག་ཕུད་སོགས་བསྡུ་གཤེན་བཅུ་གཉིས་ཀྱིས་རབ་ཏུ་སྤེལ་ནས། སླར་ཡང་ཚངས་པ་གཙུག་ཕུད་ཉིད་གསས་ཁང་དཀར་ནག་བཀྲ་གསལ་དུ་གདུང་སོབ་ཆེན་པོའི་རྒྱལ་ཚབ་ཏུ་བཞུགས་ཞེས་མདོའི་སྐད་དོ།།
   གཉིས་པ་ནང་རྒྱུད་རྫོགས་པའི་སྐུ་ལས་བརྒྱུད་ཚུལ་ནི། འོག་མིན་ཆེན་པོའི་གནས་སུ་རྫོགས་སྐུ་གཤེན་ལྷ་འོད་དཀར་རམ་ཁྲི་ཞི་ནམ་ཏིང་གིས། ཐེག་པ་གོང་མ་ཡེ་ཤེས་རྣམ་པར་རོལ་པའི་རྒྱུད་སྡེ་འཆད། དེ་ལ་ཚད་མེད་འོད་ལྡན་གྱིས་ནམ་མཁའི་དབྱིངས་ནས་ཉན། འཕྲུལ་གཤེན་སྣང་ལྡན་གྱིས་ཉི་ཟླའི་འོད་ལས་ཉན། བཟང་ཟ་རིང་བཙུན་གྱིས་ཐབས་ཤེས་ཀློང་ནས་གསན་པས། དེ་ལ་སྲས་ཨུད་འབར་གཙུག་ཏུ་སྐྱེས་པའི་སྟོན་པ་འཁྲུངས། དེ་ཉིད་འོག་མིན་གནས་སུ་ཡབ་ཀྱི་གམ་དུ་གཤེགས་ནས་ཕྱི་ནང་གསང་བའི་བོན་གྱི་སྒྲོ་འདོགས་གཅོད། གཡུ་ལུང་ཤེལ་གྱི་བྲག་ཕུག་ཏུ། ཚིག་ཏུ་མ་བསྒྲག་དགོངས་པ་བརྡའ་བའི་བརྒྱུད་ནས། ལྟ་བའི་དོན་དུ་སྡོང་པོ་དགུ་འདུས། སྒོམ་པའི་དོན་དུ་གབ་པ་དགུ་སྐོར། སྤྱོད་པའི་དོན་དུ་ཐིག་ལེ་སུམ་སྒྲིལ། དམ་ཚིག་གི་དོན་དུ་ས་མ་ཡ་འབུམ་སྡེ། ཕྲིན་ལས་ཀྱི་དོན་དུ་གཡུང་དྲུང་ཡོངས་རྫོགས། དངོས་གྲུབ་ཀྱི་དོན་དུ་གསང་བ་ལྡེ་མིག་སོགས་ཟབ་མོ་གསང་བ་སྔགས་ཀྱི་བོན་འཁོར་བསྐོར་ནས་གཤེན་གསང་བ་འདུས་པ་བློ་ཆེ་ཤེས་རབ་དང་ལྡན་པའི་འཁོར་ལ་བརྒྱུད། དེས་རིག་པ་ཐབས་དང་རྫུ་འཕྲུལ་གྱི་སྒོ་ནས་སྟག་ལ་མེ་འབར་དང༌།གཤེན། ལྷ་ཀླུ་མི་གཤེན། སྣང་བ་མདོག་ཅན་ཏེ་བླ་མ་ཆེ་དྲུག་ལ་བརྒྱུད་ནས་རིམ་གྱིས་དར་བའོ།།
   ཁྱད་པར་སྔགས་ཀྱི་རྒྱུད་སྡེ་ཁྲོ་ཕུར་ཞང་གསུམ་སོགས། གང་གི་ཚེ་གང་གི་དོན་དུ་མཛད་ཅེ་ན། སྔོན་ཚེ་ལོ་ཁྲི་བར་ལྷ་སྲིན་ཆོལ་བུར་འཁྲུགས་ནས་འདྲེ་སྲིན་བྱུར་གསུམ་མངོན་དུ་རྒྱུག་པའི་དུས་ཞིག་བྱུང་སྟེ། དེའི་ཚེ་གཤེན་གསང་བ་འདུས་པས་ཁྲོ་བོ་དབང་ཆེན་གྱི་སྒྲུབ་པ་མཛད་དེ་བདུད་ཀྱི་ཟ་ལམ་བཀག་ནས་ལྷ་མི་བདེ་ལ་བཀོད། དབལ་གསས་རྔམ་པར་སྤྲུལ་ནས་གཡེན་དགུའི་དྲེགས་པ་དང་ཀླུ་བདུད་ནག་པོ་དམ་ལ་བཏགས། དེའི་དོན་ལ་རྒྱུད་ལུང་མན་ངག་གསུམ་དུ་བྱུང་སྟེ། རྒྱུད་ནི་ཁྱུང་ཆེན་ལྡིང་བ་ལྟ་བའི་རྒྱུད། སྒྱུ་འཕྲུལ་དྲྭ་བ་སྤྱོད་པའི་རྒྱུད། དབལ་མོ་ལས་ཐིག་མཐུ་ཡི་རྒྱུད། འགུ་ཡ་སྲོག་འཛིན་དམ་ཚིག་གི་རྒྱུད། གསང་བ་དགུ་འཕར་སེམས་ཀྱི་རྒྱུད། གསང་བ་ཐབས་ཞགས་དངོས་གྲུབ་ཀྱི་རྒྱུད་དང་དྲུག ལུང་ནི་མཆོང་ཆེན་སྡེ་དགུ་ལ་སོགས་དང༌། མན་ངག་ནི་ཞི་ཁྲོ་མཐའ་སྡུད་དང་བཅས་པའོ།།
    ཡང་ཚེ་ལོ་ཁྲི་པར་ཡང་རྒྱལ་ཧེ་ཏིང་གཉིས་པོ་ཁྱིམ་བདག་ཏུ་སྐྱེས་པའི་དུས་མི་སྲིན་བྲན་གྱི་རྒོལ་བས་སྲོག་གི་ལན་ཆགས་བསྙེག་པའི་རྣམ་སྨིན་གྱིས་ལྷོ་ནུབ་ཕག་ནག་ཁྲོས་པའི་གནས་སུ་སྲིན་པོ་དྷཤགྷ྄ར་བར་སྐྱེས་ནས་ཡོད་ཁམས་རྒྱལ་གྱི་མངའ་རིས་བརླག་ལ་ཁད། དེ་ཙམ་ཞང་ཞུང་དང་བལ་པོའི་མཚམས་སུ་གྱེར་ཙེ་བྱར་མེད་ཟེར་བ་ལམ་ལོག་ནས། བགེགས་གྱི་རྒྱལ་པོ་བྱི་ན་ཡ་གར་སྐྱེས། རྣལ་འབྱོར་ཀུན་ལ་ཉམ་སོད་བར་ཆོད་བྱེད། དེ་དག་འདུལ་ཕྱིར་དབལ་བོན་སྟག་ཏུ་མེ་འབར་གྱིས།

青ICP备08000069号
QQ:568095347
E-mail:liamrgbm@yahoo.com.cn

པར་དབང་རེབ་གོང་བོན་མང་དྲ་བར་དབང་བས་གཞན་གྱིས་མི་སྤྱོད་པར་མཁྱེན།
བོད་ཀྱི་ཆ་འཕྲིན་ལག་རྩལ་དྲ་བས་ལག་རྩལ་ཕྱོགས་ནས་རོགས་སྐྱོར་བྱས་པར་ཐུགས་རྗེ་ཆེ་ཞུ།