༧ མཛད་འཕྲིན་གསེར་གྱི་ཉི་གཞོན་ཕྱོགས་མེད་འཆར། །
ཕྱོགས་བཅུའི་མུན་དཔུང་སྟུག་པོ་རྨང་ནས་གཞིལ། །
ལོག་སྨྲའི་སེམས་ཀྱི་གདོན་འདྲེ་མཐར་བསྐྲད་པའི། །
གཤེན་བསྟན་འཛིན་མཁས་མཆོག་ལ་སྙིང་ནས་འདུད། །
མི་ཤེས་ཤེས་འདོད་རློམ་པའི་མཁས་རྫུན་དང་། །
ཤེས་ཀྱང་ལོག་པའི་ལས་གོམས་ལོག་སྨྲ་དང་། །
ཅུང་ཙམ་མི་ཤེས་པ་ཡི་བླུན་པོ་རྣམས། །
སེམས་ཤིང་བསམ་ན་སྙིང་ལ་ཧ་ཅང་གཟན། །
རྒྱལ་འཕགས་གོང་མའི་ལེགས་བཤད་མར་ལ་གཡུགས། །
ཚུལ་མཐུན་བཤེས་གཉེན་རྣམས་ལ་བླ་བཙག་མང་། །
བདེན་པའི་ཚངས་ཐིག་སྙིང་ལ་གཟན་པའི་དུས། །
གཡོ་སྒྱུའི་བསླུ་ཚིག་ཚད་མར་རློམ་པས་སྐྱོ། །
༧ སྤྱི་རྒྱུད་ནམ་མཁའ་དཀར་པོ་ཡེ་ཁྲི་མཐའ་སེལ་གྱི་རྒྱུད་ལེའུ(༡༣ཤ༧༦༠)ལས། སྤྱི་ཁོག་ལོ་རྒྱུས་དོན་གྱིས་བཤད། ། ལས་ཅན་ཡིད་ཆེས་བསྐྱེད་ཕྱིར་རོ། །ཞེས་གསུངས། ལུང་རིག་མཁས་དབང་དགྱེས་པའི་འབེལ་གཏམ(ཤ་༤༠)ལས། ལར་དེང་དུས་སྙིགས་མའི་སྐྱེས་བོ་རྣམས། སྔར་མཁས་པའི་ལུང་ལ་ཡིད་ཆེས་མཛོད། དོན་འཁྲུལ་མེད་དཔྱད་གསུམ་དག་པའི་ལུང་། དེ་འཁྲུལ་བར་བཟུང་ན་སྨྱོས་མིན་ནམ། ཞེས་གསུངས་པས། ད་ཐེངས་བདག་གིས། ཤིན་ཏུ་ལྐོག་གྱུར་འཇལ་བས་ཡིད་ཆེས་རྗེས་དཔག་དང་། ང་ཚོ་གངས་ཅན་པ་ལ་བཀའ་དྲིན་བླ་ན་མ་མཆིས་པས།ཕ་ནོར་བུ་ཡི་བཟུང་བའི་མཁས་པའི་དབང་བོ་རྣམས་པའི་ལུང་རིག་གཉིས་གཞི་བཅོལ་ཏེ་མཁྱེན་དཔྱོད་ཀྱི་བློ་གྲོས་མཁའ་ལྟར་ཡངས་པའི་རིགས་རུས་དང་གདུང་རྒྱུད་གཅིག་པའི་བོད་མི་ས་ཡ་དྲུག་གི་དར་ལུང་རྣ་བའི་བཅུད་དུ་སྙན་སྒྲོན་ཞུ་དོན་གཙོ་བོ་ནི། ཡོངས་སུ་གྲགས་པའི་ནང་བ་གཤེན་རབ་པའི་ཁྱད་འཕགས་ཀྱི་དག་ཞིང་། རྩོད་ལྡན་ཚེ་ལོ་བརྒྱ་ཡི་མགོན་པོ་རྣམ་འདྲེན་བརྒྱད་པ་རྣམ་མཁྱེན་ཡང་དག་པར་རྫོགས་པའི་སངས་རྒྱས་གཤེན་རབ་མི་བོ་ཆེ་མཆོག་གིས་སྐྱེ་བཞེས་བསྟན་སྤེལ་གྱི་འགྲོ་འདུལ་གླིང་ནི། གཡུང་དྲུང་བོན་སྒོར་ཞུགས་པ་རྣམས་ཀྱིས་སྟག་གཟིག་འོལ་མོ་ལུང་རིངས། ཧིན་རྡུ་བས་བྱང་ཕྱོགས་ཤམ་བྷ་ལ། རྒྱ་ནག་གིས་རྟག་གཟིགས་མི་འགྱུར་གཏེར་གྱི་ཞིང་ཁམས་སོགས་ཡུལ་ཕྱོགས་སོ་སོའི་ཐ་སྙད་འདོགས་ཚུལ་དུ་མར་མཆིས་ཀྱང་། སྤྱི་རྒྱུགས་སུ་བདེ་བ་ཅན་གྱི་ཞིང་ཁམས་ཞེས། འུ་ཅག་ཁ་བ་རི་པ་ཀུན་གྱིས་གསོལ་འདེབས་བྱེད་སའི་སྨོན་ཡུལ་དུ་ཆགས་བཞིན་པ་འདི་ནི། གངས་ཅན་ཁ་བའི་ལྗོངས་དང་མ་འབྲེལ་བར་གནས་པ་ལས། སཱ་ལའི་སྨན་ལྗོངས་ཙམ་ལ་ངོས་བཟུང་བྱེད་དགོས་སྙམ་ན། ཞིང་མཆོག་དེ་རུ་སྐྱེ་བར་ཤོག་ཅེས་སྨོན་ལམ་འདེབས་ནས་བྱིས་པ་སོ་སོའི་སྐྱེས་བུའི་མངོན་སུམ་གྱིས་མཇལ་ཡུལ་མིན་པར་སྨྲ་བ་དོན་མེད་དུ་འགྱུར་བ་ལས་ཐབས་ཤེས་གཞན་བཙལ་ཡང་ཚི་ཆད་ཀྱི་རྒྱུ། དེའི་ཕྱིར་སྟོན་པ་སངས་རྒྱས་ཀྱི་བཀའ་ལུང་དྲི་མ་མེད་པ་རྣམས་ཀྱི་དགོངས་དོན་འགྲེལ་བར་བྱེད་པ་ལ་ཡོན་ཏན་ཆུང་ཆུང་ང་རྒྱལ་ཆེ། ཆུ་བོ་ཆུང་ཆུང་འུར་སྒྲ་ཆེ། ཞེས་པ་ལྟར། རློམ་སེམས་ཀྱིས་མ་བསླད་པར། ང་ཚོ་གངས་ཅན་པའི་ལོ་རྒྱུས་ཀྱི་སྦ་གསང་ཁྲོད་ནས། བདེན་དོན་གྱི་སེང་སྐད་སྒྲོགས་པའི་ལུང་རྟོགས་གཉིས་ཀྱི་བསྡུས་པའི་ཡོན་ཏན་ལ་ཀློང་དུ་རྡོལ་བའི་ཡོངས་འཛིན་དགེ་བའི་བཤེས་གཉེན་དང་རྒྱལ་འཕགས་གོང་མའི་གདམས་པ་ཆུ་ལམ་ཞུགས་དང་རྡོ་ལག་བརྒྱུད་ཀྱི་ཚུལ་དུ་གནས་པའི་གསེར་འོད་ནོར་བུ་འོད་འབར་འདི་ལ་བརྟེན་ནས་ཡུལ་ཁྱད་ཅན་ལ་མོས་པའི་བློ་གཏད་དང་ཡིད་ཆེས་བརྟན་པོའི་སྒོ་ནས་བྱུང་བའི་ལོ་རྒྱུས་རྣལ་མ་ཞིག་ལས། གཡུང་དྲུང་བོན་སྒོར་འབྱེད་པའི་ལྡེ་མིག བསྟན་པ་རིན་ཆེན་གསལ་བའི་སྒྲོན་མེ། མང་ཐོས་མཁས་མང་འདུས་པའི་གཙུག་རྒྱན་དམ་པ་ཡོངས་ཀྱིས་བསིལ་ལྡན་གངས་རིའི་ལྗོངས་ལ་ལོ་རྒྱུས་རིན་ཆེན་ནོར་བུའི་རྒྱན་འཕྲེང་བཞག་པ་དེ་ལ། དེང་སེང་ལོ་རྒྱུས་མཁན་ལ་ལས། ལུང་རིག་ཟབ་མོའི་གོམས་འགྲོས་གྱི་ལམ་ནས་ཞིབ་དཔྱོད་མེད་པར་མ་ཟད། ཁྱད་པར་དུས་གསུམ་རྒྱལ་བ་སྲས་དང་བཅས་པ་ཐམས་ཅད་ཀྱི་མཁྱེན་བརྩེའི་ཡེ་ཤེས་ཀྱི་ངོ་བོ་གཅིག་ཏུ་བསྡུས་པའི་རྒྱལ་འཕགས་གོང་མ་རྣམས་ཀྱིས་གངས་ཅན་ཁ་བ་རི་པ་རྣམས་ལ་བཀའ་དྲིན་སེམས་ན་སྟོང་གསུམ་གསེར་གྱི་བཀང་ནས་འབུལ་ཞིང་ཁེལ་ཐབས་བྲལ་ཡང་། ཡིད་ཆེས་དང་དག་སྣང་སྤུ་ཙམ་མེད་པའི་སྒོ་ནས། རི་བོང་ཅལ་འདྲོགས་ཀྱི་དཔེ་བཞིན། དེང་དུས་ཀྱི་ལོ་རྒྱུས་སྨྲ་མཁན་ཁ་ཅིག་ན་རེ། ནུབ་ཕྱོགས་ཚན་རིག་པའམ་དངོས་གཙོ་སྨྲ་བའི་ཤན་ཞུགས་ནས་སེམས་གཙོ་སྨྲ་བ་དོར་ནས་སོ་སྐྱེས་ཤེས་པའི་མངོན་གསུམ་གྱི་མཐོང་ཡུལ་དང་ཕྲ་མཐོང་མེ་ཤེལ་གྱིས་ཚོད་དཔག་བྱེད་མ་ནུས་ན་མེད་པར་སྨྲ་བས་སྤྱི་ཚོགས་ཁྲོད་མང་གྲགས་ཆེ་བས་མཁས་མང་འཛིན་པ་འགའ་རེའི་རྗེས་སུ་སྙེག་ཅི་ཐུབ་བྱེད་ནས། ཡབ་མྱེས་ཀྱི་རིག་གཞུང་ལ་ཕང་སེམས་མེད་པར་རྡོག་བརྫིས་བྱེད་པ་དེ་ཇི་འདྲའི་ཡིད་ཕང་བ་ཞིག་ཡིན་ཏེ། བན་ལུགས་ཀྱི(བདེ་མཆོག་རྩ་རྒྱུད)(ཤ༨)ལས། སེམས་ཅན་མོས་པ་བསམ་མི་ཁྱབ། །སངས་རྒྱས་རོལ་བ་བསམ་མི་ཁྱབ། །རང་གི་གཞུང་དང་མ་མཐུན་ཡང་། །སྨད་ཅིང་སྤང་བར་མི་བྱ་སྟེ། །ནམ་ཞིག་གོ་བར་སྨོན་ལམ་ཐོབས། །ཞེས་དང་། མེ་སྟོན་ཆེན་པོའི་ལམ་རིམ(ཤ༡༠༨)ལས། བཀའ་ལུང་གཞུང་བཞིན་དོན་དང་ལྡན་པ་བསྒྲུབ། །བདག་བཞིན་དོན་དང་ལྡན་ན་སློབ་བུ་དམ་པའི་མཆོག །ཞེས་དང་། དེ་ཉིད་ལས། བོན་དང་མཐུན་ལ་མི་རིགས་ལས་བྱུང་དང་། །སྒོར་ཞུགས་རང་ལ་བར་ཆོད་བྱུང་རྣམས་ལ། །ཐེ་ཚོམ་ཟ་འགྱུར་ལོག་པའི་བློ་སྐྱེས་ན། །པང་དུ་སྦྲུལ་བྱུང་མྱུར་དུ་སྤོང་བ་བཞིན། །འགྲོ་བ་སྤྱི་དང་བླ་མའི་འཁྲུལ་མི་བརྟག །སྔོན་ལས་འབྲས་བུ་ཤེས་བྱ་དེ་སྤང་ངོ་། །ཞེས་གསུངས་པས། ཁྱེད་ཚོའི་རྣམ་རྟོག་བློ་ཡིས་ཡོད་མེད་ཡིན་མིན་གྱི་མཐའ་བཅད་ནས། སྒྲོ་བཏགས། རྨོངས་འཆར། མགོ་སྐོར་སོགས་ཀྱིས་བཞག་པའི་གནས་དེར་མིན་ལས་ཆེ། ཅིའི་ཕྱིར་ཞེ་ན། རྒྱལ་བསྟན་རིས་མེད་བསྐྱངས་པའི་སྔོན་བྱོན་མཁས་དབང་རྣམས་ལ་འགྱུར་མེད་དད་འདུན་གྱི་ཚེ་སྲོག་གི་རྣམ་ཤེས་དང་བྲལ་བའི་ཕྱིར། མ་རྒྱུད་ཀྱི་འཕེན་པ་ལམ་འཁྱེར་གྱི་འགྲེལ(ཤ༧༠༡)ལས། འོལ་མོ་ལུང་རིང་དུ་སྐྱེ་བར་འདོད་ན། འཁོར་དང་ཡུལ་དེ་རྣམས་བསྒོམ་མོ། །ཞེས་དང་། དེ་ཉིད(ཤ༧༡༣)ལས། འདི་ལྟར་འབྱུང་བས་ཞང་ཞུང་གི་གཤེན་པོ་ཧྲེང་ནེ་ཧ་རས། བྱ་རྒོད་ལ་གྲོང་འཇུག་བྱས་ནས་འོལ་མོ་ལུང་རིང་དུ་འགྲོ་བ་དང་། ལྷ་ཡི་ཡུལ་ནས་ནོར་བུ་རིན་པོ་ཆེ་བླང་བ་དང་། དེ་ཉིད(ཤ༧༡༦)ལས། གྲོང་འཇུག་གང་འདོད་དུ་མར་བསྒྱུར་བ་སྟེ། །བྱ་ལ་གྲོང་འཇུག་ལྷ་གནས་འོལ་མོ་བགྲོད། ནོར་བུ་རིན་ཆེན་བླང་ལ་སྦྱིན་པར་བཀྱེ། ཞེས་དང་། སྐྱེ་སྒོ་གཅོད་པའི་མདོ(ཤ༦༡དང་༦༢)ལས། བླ་ཆེན་དྲན་པའི་ཞལ་ནས་མཁན་སློབ་ལ་བསྔོ་སྟེ་བརྗོད་ན་འོལ་མོ་ལུང་རིང་གི་སྟོན་པར་འགྱུར། མཆེད་གྲོགས་ལ་བསྔོ་སྟེ་བརྗོད་ན་བོད་དང་ཞང་ཞུང་གི་སྟོན་པར་འགྱུར། ཞེས་གསུངས་པའི་གདམ་དོན་ལ་གཞིགས་པ་ཙམ་གྱིས་འོལ་མོ་ལུང་རིང་བོད་ཀྱི་མངའ་རིས་སྐོར་གསུམ་གྱི་ས་ཁུལ་དུ་མི་གཏོགས་ཤེས་སླ། གལ་ཏེ་སྟོད་མངའ་རིས་ཀྱི་ཏི་སེའི་སྐོར་ཡིན་པར་འདོད་ན། དེར་སྐྱེ་
|