སེམས་ཕྱོགས་རྫོགས་ཆེན་སྐོར།

     སེམས་ཕྱོགས་རྫོགས་ཆེན་སྐོར་ལ། མཚན་མ་བཀའ་ཚིག་གི་དབང་དུ་བྱས། རྫོགས་ཆེན་སྡེ་ཚན་གསུམ། ཀློང་དགུ་བམ་པོ་ཉི་ཁྲི་སུམ་སྟོང་། ཚིགས་བཅད་འབུམ་ཕྲག་དྲུག་ཅུ་ཕྱེད་དང་ལྔ། གཟེར་བུ་བརྒྱ་དང་བརྒྱད་ཅུ་རྩ་དགུ། གེགས་སེལ་སྟོང་དང་བཞི་བརྒྱ་རྩ་དགུ། གནད་ཆེན་བརྒྱད་བརྒྱ་སུམ་ཅུ་རྩ་གཉིས། ལེའུ་ཁྲི་ཕྲག་གསུམ་དང་བདུན་སྟོང་། མིང་ཐོག་རྒྱུད་ཁྲི་ཕྲག་ཕྱེད་ཉིས་སྟོང་བཅས་བརྗོད་བྱ་དཔག་མེད་བཀའ་བསྩལ་ཏོ། ༈ སྤྱིར་སེམས་ཀློང་མན་ངག་གསུམ། ༼༡༽ སེམས་སྡེ་ནི་སེམས་ཕྲན་གབ་པའི་སྐོར། རྩ་བ་གབ་པ་དགུ་སྐོར། ཡན་ལག་སེམས་སྨད་སྡེ་དགུའམ་རྒྱུད་ཕྲན་མེ་ལོང་དགུ ཐིག་ལེ་སྐྱང་སྦྲག གསེར་གྱི་ལུང་ནོན་ཆེ། ལུང་ནོན་ཆུང་བ། རིག་པའི་ཁུ་བྱུག སེམས་ཉིད་ཅོག་བཞག རིག་པའི་རྒྱུན་ཐག ལུང་གི་རྒྱུན་ཐག སེམས་ཀྱི་རྒྱུན་ཐག མན་ངག་ལྷུག་པ་བཅས་དགུའོ། ། ༈ གཉིས་པ་ཀློང་སྡེ་ལ་བསྒྲགས་པ་སྐོར་གསམ་རེ་རེར། རྒྱུད་ལུང་མན་ངག་རྩ་བ་ཡན་ལག་བཅས་ཡོད་དོ། ། ༧ རྒྱས་པ་ལྷ་ཡུལ་བསྒྲགས་པའི་སྐོར་ལ། ༡ རྩ་བ་རྒྱུད་རྒྱལ་གསེར་གྱི་རུས་སྦལ། ཡན་ལག་རྒྱུད་ཆུང་བཅུ་གཉིས། ལུང་ལ་རྩ་བ་ལུང་དོན་ཉི་མ་དགུ་སྐོར་ལ། ཡན་ལག་ལུང་དྲུག རྩ་བྲལ་ཉག་གཅིག ཀུན་བྲལ་ཉག་གཅིག མན་ངག་ཀུན་འདུས། ལ་བཟླ་རྫོགས་ཆེན། སུན་འབྱིན་རྫོགས་ཆེན། རང་བྱུང་ཉག་གཅིག ལུང་གི་ཡན་ཞུན་བཅས་སོ། ། ༢ མན་ངག་རྩ་བ་ལེའུ་བརྒྱད་པ། ཡན་ལག་ཡིག་ཆུང་བཞི་དང་དོན་གསུམ། ལུང་དྲུག་འགྲེལ་ཆུང་དྲུག བཤད་ཐབས་ལྔ། སྟོང་ཐུན་དཔེ་དྲུག་དོན་དྲུག་སོགས་ཡོད་དོ། ། ༧ འབྲིང་པོ་མི་ཡུལ་བསྒྲགས་པའི་སྐོར་ལ། རྒྱུད་ལ་དྲུག་སྟེ། གཡུང་དྲུང་གསང་བ། བ་ག་མངོན་རྫོགས། ཕུན་སུམ་ཚོགས་པའི་རྒྱུད་གོལ་སྒྲིབ་རྣམ་པར་ཕྱེ་བའི་རྒྱུད། ཐམས་ཅད་ཀུན་རྫོགས་རྒྱུད། རྩ་བ་གཅིག་ལ་རྣམ་པར་བགྲང་བའི་རྒྱུད་དོ། ། ལུང་ལ་རྩ་བ་རྫོགས་ཆེན་སྡེ་བཅུ། དེའི་ཡན་ལག་འགྲེལ་ཆུང་བཅུ། མན་ངག་ཐུགས་ཀྱི་བརྣག་པ་སྐོར་གསུམ་རྣམས་སོ། ། ༈ བསྡུས་པ་ཀླུ་ཡུལ་དུ་བསྒྲགས་པའི་སྐོར་ལ། རྒྱུད་དམར་བྱང་ལེའུ་བཅུ་བ། ལུང་ལ་སེང་གེ་སྒྲ་བསྒྲགས། མན་ངག་འཁོར་བ་དོང་སྤྲུགས། ཚད་མ་རྩ་འགྲེལ་བཅས་སོ། ། ༈ གསུམ་པ་མན་ངག་སྡེ་ལ། བཀའ་བརྒྱུད་དང་ཉམས་བརྒྱུད་གཉིས། བཀའ་བརྒྱུད་སྐོར་བཞི་ནི། ཕྱི་ལྟ་བ་སྤྱི་གཅོད་སྐོར། ནང་མན་ངག་དམར་ཁྲིད་སྐོར། གསང་བ་རིག་པ་གཅེར་མཐོང་སྐོར། ཡང་གསང་གནས་ལུགས་ཕུག་ཆོད་སྐོར་དང་བཞི། ཉམས་བརྒྱུད་ལ་རྒྱས་འབྲིང་བསྡུས་གསུམ་སྟེ། རྒྱས་པ་སྨུ་གུ་དང་སྐྱ་གུའི་རྒྱུད་སྐོར། འབྲིང་པོ་སོར་བཞག་གདམས་པ་བདུན་ཕྲག བསྡུས་པ་ཉམས་བརྒྱུད་འཐོར་བུའི་སྐོར་རྣམས་སོ། ། ༈ གཞན་ཡང་རྫོགས་ཆེན་བོན་སྡེ་ཡེ་ཁྲི་མཐའ་སེལ་གྱི་རྒྱུད། དེ་ལ་འཕྱོང་དྲུག ལུང་བམ་པོ་བཅོ་བརྒྱད། དེའི་བཀའ་རྟེན་ལ། དྲན་པའི་ནམ་མཁའ་འཕྲུལ་མཛོད་སོགས། བསྒྲགས་གསུམ་བཀའ་བརྟེན་ལ་པཎ་ཆེན་ལི་ཤུའི་ཡང་རྩེ་ཀློང་ཆེན། རྫོགས་ཆེན་གསེར་གྱི་ཐུར་མ། གསེར་གྱི་ཡང་ཞུན། གསེར་གྱི་གདམས་པ། ལྟ་བ་ཐོག་འབེབས། རིག་པ་གཅེར་མཐོང་། མུ་མེད་གདལ་བ། གཡུང་དྲུང་གཏིང་རྫོགས། གཡུང་དྲུང་ཀློང་ཡངས། ཀུན་བཟང་ཡང་ཞུན། ནམ་མཁའ་སྤྱི་གཅོད། ཨ་ཁྲིད་ཐུན་མཚམས་བརྒྱད་ཅུ་བ། སུམ་ཅུ་བ། བཅོ་ལྔ་བ་སོགས་བཞུགས། །

青ICP备08000069号
QQ:568095347
E-mail:liamrgbm@yahoo.com.cn

པར་དབང་རེབ་གོང་བོན་མང་དྲ་བར་དབང་བས་གཞན་གྱིས་མི་སྤྱོད་པར་མཁྱེན།
བོད་ཀྱི་ཆ་འཕྲིན་ལག་རྩལ་དྲ་བས་ལག་རྩལ་ཕྱོགས་ནས་རོགས་སྐྱོར་བྱས་པར་ཐུགས་རྗེ་ཆེ་ཞུ།