བོན་ནག་ཚང་གི་དེབ་གསར་འགྲེམ་སྤེལ་བྱས་པ།
བོན་ནག་ཚང་ཡེ་ཤེས་བློ་གྲོས་སམ་ཁྲི་བློ་རྩེ་མཆོག་ནི་སྤྱི་ལོ༡༩༧༧ལོར་མདོ་སྨད་ཁྲི་ཀ་གཡང་གི་ར་བའི་སེར་བརྒྱ་བོན་ནག་ཚོ་བར་སྐྱེས་ཤིང་། རང་ལོ་བཅུ་བ་ནས་བོན་བརྒྱ་དགོན་སྨན་རི་བཤད་སྒྲུབ་སྨིན་གྲོལ་གླིང་གི་ཚོགས་གྲལ་དུ་ཞུགས་ཤིང་སྐྱབས་རྗེ་བླ་མ་བོན་བརྒྱ་དགེ་ལེགས་ལྷུན་གྲུབ་རྒྱ་མཚོ་དཔལ་བཟང་པོའི་ཞབས་ཀྱིས་ཟིན་ནས་ལོ་གསུམ་སྒྲུབ་གྲྭ་སོགས་ཀྱི་ཉམས་ལེན་ཚུལ་བཞིན་བསྐྱངས། རང་ལོ་ཉེར་དགུའི་སྟེང་རྔ་ཡུལ་སྣང་ཞིག་དགོན་དུ་ཕེབས་ནས་བོན་གཞུང་ཀུན་གྱི་གདམ་པ་མང་དུ་གསན། རང་ལོ་སོ་བཞིའི་སྟེང་མདོ་སྨད་བོན་གྱི་འདུས་སྡེ་ཆེན་མོ་རྔ་ཡུལ་སྣང་ཞིག་རྒྱལ་བསྟན་ཕུན་ཚོགས་གླིང་ནས་བཀའ་རབ་འབྱམས་པ་དགེ་བའི་བཤེས་གཉེན་གྱི་མཚན་རྟགས་བཞེས་ནས་ཕྱིར་རང་དགོན་དུ་ལོག་སྟེ་བོན་བརྒྱ་དགོན་པའི་ཚེ་ལྕོགས་དགེ་རྒན་དུ་བཞག དཔྱད་རྩོམ་དང་འབོལ་རྩོམ་སོགས་བཅུ་ཕྲག་ཁ་ཤས་ཤིག་དུས་དེབ་དང་དྲ་རྒྱའི་སྟེང་བཀོད་དེ་གཟིགས་པ་པོ་རྣམས་ཀྱི་དགའ་བསུ་ཆེན་པོ་ཐོབ་ཡོད།
|








