བྱ་རྒོད་མཁན་པོ་གཡུང་དྲུང་བསམ་གཏན་མཆོག་གི་མཛད་རྣམ།

བྱ་རྒོད་མཁན་པོ་གཡུང་དྲུང་བསམ་གཏན་མཆོག་གི་མཛད་རྣམ་མོས་ལྡན་དད་པ་གསོ་བའི་སྨན་མཆོག

 དབྲ་དཀར་གཞན་ཕན་ཤེས་རབ།      རྫ་སྟེང་ཆེན་དགོན།

 རིག་སྣང་འོད་ཀྱི་རྒྱལ་པོའི་ཡས་སྤྲུལ་ལས།།

འགྲོ་དོན་བྱ་ཁྱུང་ཞང་ཞུང་ཡུལ་བབས་པའི།།

སྒོང་བཞི་བརྡོལ་ལས་ཐ་ལྟག་ཁྱུང་ཁྲའི་གདུང་།།

གྲོལ་བའི་བྱ༷་རྒོད༷་བླ་རབས་རིམ་བྱོན་རྒྱལ།།

          དེ་ཡང་གདུང་རྒྱུད་རྒྱལ་པོ་སྡེ་དྲུག་གི་ནང་ཚན་གཉན་མཁའ་འགྱིང་གི་གདུང་རྒྱུད་ཡབ་རིག་སྣང་འོད་རྒྱལ་གྱི་སྐུ་གསུང་ཐུགས་གསུམ་ལས་སྤྲུལ་པ་ཆེ་བ་ཁྱུང་དཀར་ཐོག་ལ་འབར་དང་། དེ་འོག་ཁྱུང་སེར་ལྷ་ཁྱུང་། དེ་འོག་ཁྱུང་འཕགས་ཁྲ་མོ། ཆུང་བ་མུ་ཁྱུང་རྒྱན་དང་བཞི་འཁྲུངས་ཤིང་གྲུབ་པའི་སྐྱེས་མཆོག་ཆེན་མོ་དེ་རྣམས་ཚེ་ལ་རང་དབང་ཐོབ་ཡོད་ཕྱིར་ཞང་བོད་ཀྱི་རྒྱལ་རབས་དུ་མའི་དབུ་ཡི་མཆོད་གནས་སུ་གྱུར་མྱོང་། དེ་ལས་ཐ་ལྟག་ཁྱུང་འཕགས་ཁྲ་མོ་རྫུ་འཕྲུལ་གྱིས་གཡུ་འབྲུག་སྔོན་མོ་ཆིབས་སུ་ཞོན་ནས་མདོ་སྨད་རྒྱལ་མོ་རོང་དུ་བྱོན་ཞིང་ལྷ་མོ་མདངས་ལྡན་མ་ཁབ་ཏུ་བཞེས་ཏེ་བུ་འབོར་གཡུང་དྲུང་བུ་བཞི་སོགས་གྲོལ་ཞེས་བོན་གྱི་བསྟན་འབྱུང་ཁག་ལས་གསལ་ལོ།། དེ་ལྟར་ཁྱུང་འཕགས་ཁྲ་མོའི་གདུང་རྒྱུད་དུ་མ་གྲོལ་བ་ལས། བྱ་རྒོད་གདུང་རྒྱུད་བཅུ་གསུམ་གྱི་ཐོག་མ་བླ་མ་ལི་ཤུའི་རྣམ་རོལ་བླ་མ་དུང་ཁུར་རམ་ནམ་མཁའི་མཚན་ཅན་བོད་ཀྱི་རྒྱལ་རབས་སོ་བརྒྱད་པ་རྒྱལ་པོ་ཁྲི་སྲོང་གི་དུས་ཏེ་བོན་ཆོས་དར་ནུབ་སྐབས་སུ་གདུལ་བྱ་ཕྱོགས་འདིར་ཡོད་པར་དགོངས་ཏེ། བདག་ཅག་གི་སྟོན་པ་བཀའ་དྲིན་ཅན་ཀུན་ལས་རྣམ་པར་རྒྱལ་བའི་ཐུགས་བསྐྱེད་དང་སྨོན་ལམ་ཟབ་མོས་མི་མཇེད་འཇིག་རྟེན་གྱི་གདུལ་བྱ་མཐའ་དག་རྗེས་སུ་བཟུང་བ་ལྟར། ཁྲོམ་གྱི་མཁས་པ་གསེར་ཐོག་ལྕེ་འབྱམས་དང་། འཆི་མེད་ཡབ་སྲས་སོགས་རིག་འཛིན་ཚོགས་ཀྱི་ཞབས་ཀྱིས་བཅགས་ཤིང་བྱིན་གྱིས་བརླབས་པའི་གནས་མཆོག་ཟབ་གཏེར་དུ་མ་བཞུགས་པའི་སྦས་གནས། མདོ་ཁམས་ཟལ་མོ་སྒང་གི་ཉེ་ཆར། ཞི་གནས་པདྨ་སྤུངས་པའམ་ལྷ་རི་དུང་རྒྱལ་གྱི་མདུན་ཞོལ་དུ་རྫུ་འཕྲུལ་གྱིས་ཕེབས་ཏེ། ཆེས་ངོ་མཚར་ཆེ་བའི་རྟེན་སྐལ་གཏེར་བྱོན་སྟོན་པའི་མཚན་དུང་བྱིན་ཅན་དང་། རིག་འཛིན་སྟོང་རྒྱུང་ཕྱག་བཟོ་ཅན་པཎ་ཆེན་ལི་ཤུའི་སྐུ་འདྲ་སོགས་གདན་དྲངས་ཏེ། བལྟས་ན་ངོ་མཚར་ཆེ་བ།  དྲན་ན་ཡིད་སྤྲོ་བ། ས་དཔྱད་བཟང་རྒུ་འཛོམས་པའི་ཡུལ་གྲུ་དེར། ཡིད་འོང་ཉམས་དགའི་རྨིས་ལྟས་རྟེན་འབྲེལ་མཚན་མ་བཅས་སྐུ་ངལ་གསོ་སྐབས།  རིག་འཛིན་མཁའ་འགྲོའི་ཚོགས་གྲལ་ནས་མཁའ་འགྲོ་བཟང་ཟ་རིང་བཙུན་གྱི་རྣམ་འཕྲུལ་དངོས་སུ་ཕེབས་པའི་རྟགས་མཚན་ལེགས་པ་བཅས་སྤྲུལ་པའི་ཐང་དཀར་བྱ་རྒོད་ཅིག་ལྡིང་སྐོར་ལན་མང་བགྱིས་མཐར་ས་ལ་བབས་ནས་ཁོང་གིས་སྐུར་བསྣམས་མཛད་པའི་ཁུར་པོའི་སྟེང་གི་དུང་དཀར་དེ་ཁུར་ནས་ནམ་མཁའ་ལ་ལྡིང་སྐོར་བཅས་འཕུར་སོང་།  བླ་མས་ངོ་མཚར་བར་དགོངས་ཏེ་བྱ་རྒོད་འཕུར་ཕྱོགས་སུ་གཟིགས་ཞོར་ཡར་ཕེབས་སྐབས།  ཐང་དཀར་བྱ་རྒོད་དེ།  ད་ལྟའི་བྱ་རྒོད་ཚང་གི་གནས་གཞི་རྙིང་པའི་མཁར་འོག་ཏུ་ལྷ་ཀླུ་གནས་པ་ཅན་གྱི་རྡོ་ཕ་བོང་ཆེན་པོ་ཞིག་ཡོད་པའི་ཐོག་ཏུ་བབས་ཏེ་གཏེར་བྱོན་མཚན་དུང་དེར་བཞག་ནས་ཐང་དཀར་བྱ་རྒོད་དེས་མཚན་ལྡན་མཁའ་འགྲོའི་རང་གཟུགས་དངོས་སུ་བསྟན་ཏེ་མཁའ་འགྲོ་བདེ་ཆེན་དབང་མོ་ཞེས་ལས་སྨོན་དུས་འཛོམས་རྟེན་འབྲེལ་དགོངས་ཉམས་བཅས་ཚེ་འཛིན་གྱི་མཁའ་འགྲོ་མཚན་ལྡན་ཕྱག་རྒྱ་རུ་བསྟེན་ཏེ་ཁོང་རྣམ་གཉིས་ཡབ་ཡུམ་ཐབས་ཤེས་ཟུང་འབྲེལ་གྱི་ཚུལ་དུ་ཁྱིམ་གཞི་བཟུང་སྟེ་བྱ་རྒོད་བླ་བྲང་ཞེས་ཡོངས་སུ་གྲགས་པའོ།། སྤྱིར་ཐང་དཀར་བྱ་རྒོད་དང་དུང་དཀར་གྱི་ཆ་ནས་ཁྱིམ་གཞི་ལ་བྱ་རྒོད་ཚང་དང་། རྒྱབ་རི་ལ་དུང་རྒྱལ་དང་། དུང་ཁོག  དུང་ཆུ། དུང་ཐང་། དུང་མདའ་སོགས་སྟོན་པའི་མཚན་དུང་དང་། ཐང་དཀར་རྒོད་པོ་རྒྱུ་མཚན་དུ་བྱས་ནས་བཏགས་པ་ཡིན་པ་གནས་ལུགས་དང་མིང་དོན་མཚུངས་པའི་བདེན་གཏམ་ལུང་རིག་གཉིས་ཀས་གྲུབ་པ་ཞིག་གོ། སྟོང་རྒྱུང་ཕྱག་བཟོ་པཎ་ཆེན་ལི་ཤུའི་སྐུ་འདྲའི་དཀར་ཆག་དུད་དྲེག་ཅན་ལས་ཀྱང་གསལ་ལོ།། པཎ་ཆེན་ལི་ཤུའི་སྐུ་འདྲ་དེ་དུས་དབང་གིས་འབྱུང་བཞིའི་ལྟོ་བར་ཐིམས་པའམ་ཡང་ན་ལྐོག་ཉར་འདྲ་གང་ལྟར་མཇལ་བའི་ལས་སྐལ་དབེན། ཡིན་ནའང་ལི་ཤུའི་དཀར་ཆག་དུད་དྲེག་མ་ཁ་གང་དེ་བོན་རྒན་ལྷག་བསམ་ཅན་བསླབ་པ་ཚུལ་ཁྲིམས་ནས་ཉར་ཚགས་ལེགས་པོ་བགྱིས་ཏེ་ད་ལྟའི་དུས་སུ་བྱ་རྒོད་ཚང་གི་ཕྱག་ཏུ་འབྱོར་ཡོད། གཙོ་བོ་ལི་ཤུའི་དཀར་ཆག་དེར་བརྟེན་མ་ཚད་རྒན་པོའི་ཞལ་རྒྱུན་དང་། ལོ་ཆུང་གི་རྣ་རྒྱུན། སྙིགས་དོར་བཅུད་ལེན་གྱི་དཔེ་ལྟར། རྫུན་ཤོབ་རིགས་རྒྱང་དུ་སྤངས་ཏེ་མངོན་གསལ་དྲང་སྲོང་བདེན་གཏམ་གྱི་རིགས་བསགས་ཏེ་ཡིད་ཆེས་འོས་པའི་ལོ་རྒྱུས་སམ་རྣམ་ཐར་ཉུང་བསྡུས་ཙམ་དུ་བཀོད་པ་ཡིན། དེས་ན་བླ་མ་བྱ་རྒོད་ཚང་གི་བླ་རབས་དང་གདུང་རབས་མཁའ་འགྲོ་འགའ་རེའི་རྣམ་ཐར་ཙམ་ལི་ཤུའི་དཀར་ཆག་ལས་གསལ། མདོར་ན་བྱ་རྒོད་གདུང་རྒྱུད་བཅུ་གསུམ་ཞེས་བླ་རབས་གདུང་རབས་མང་དུ་ཕྱིན་རྗེས། ཐུན་མོང་གི་དངོས་གྲུབ་ཙམ་མིན་པ་མཆོག་གི་དངོས་གྲུབ་བརྙེས་པའི་བྱ་རྒོད་བླ་རྒན་དང་། བྱ་བཟའ་བསོད་ནམས་དཔལ་འདྲེན་ཁོང་ལྕམ་དྲལ་རྣམ་གཉིས་དུས་ཐོག་གཅིག་ཏུ་བྱོན་ཏེ་གྲུབ་རྟགས་རྩལ་འགྲན་མཛད་དེ་རྡོ་ཕ་བོང་ལ་བཀའ་རྟགས་བཞག་པ་ད་ལྟའང་མཇལ་རྒྱུ་ཡོད། མ་ཚད་གདུང་སྲས་ལྕམ་དྲལ་རྣམ་གཉིས་ཀྱིས་རྡོ་དཀར་ནག་གྲུ་གུ་བསྡོག་སྟེ་ཅུང་རྟེན་འབྲེལ་མ་ལེགས་པའི་དབང་གིས་འཕྲོ་ལུས་པ་ཅན་དེ་བྱ་རྒོད་བླ་བྲང་གི་རྟེན་སྐལ་དུ་བཞུགས། ཕྱིས་སུ་ཀུན་གྲོལ་ཚང་གི་རྟེན་སྒམ་ནང་དུ་བཞུགས་ཀྱང་། རྐྱེན་དབང་ཞིག་གིས་ཉམས་གུད་ཤོར་སོང་། དེ་དག་དོན་གནས་དངོས་པོའི་གཏམ་ལས་རང་བཟོ་མིན་ཏེ། ཡིད་རྟོན་འོས་པའི་རྒན་གྱི་ངག་རྒྱུན་དང་། བློ་རིག་དྲན་ཤེས་ལྡན་པའི་གཞོན་གྱི་རྣ་རྒྱུན་གཙོ་བོ་པཎ་ཆེན་ལི་ཤུའི་དཀར་ཆག་དུད་དྲེག་ཅན་ལས་ཅུང་ཟད་གསལ་བས་དེར་གཞི་བཅོལ་ཏེ་བྲིས་པ་ཡིན། སྤྱིར་དང་ཐོག་རིམ་གྱིས་དགོན་འདིའི་བསྟན་པའི་བདག་པོ་བླ་མ་བྱ་རྒོད་ཚང་གིས་མཛད་དེ། བྱ་རྒོད་གདུང་རྒྱུད་བཅུ་གསུམ་དང་། ཁྲོམ་རྫོང་རྟོགས་དགུ་རིམ་བྱོན་བཅས་ནས་སྔ་འགྱུར་གཡུང་དྲུང་བོན་གྱི་བསྟན་པའི་རྐང་བཟུང་སྟེ་ཐུགས་དམ་རྟོགས་པའི་བོན་སྒོམ་སྒྲུབ་གཙོ་བོར་མཛད་དེ་ཡི་དམ་མེ་རི་དང་རོལ་པའི་བསྙེན་སྒྲུབ་ལ་བརྩོན་པ་ཡིན་ཏེ་ཁྲོམ་རྫོང་ཕུན་ཚོགས་གླིང་ཞེས་གྲགས་པའོ།། ཕྱིས་སུ་གཅིག་ཏུ་བླ་མ་བྱ་རྒོད་ཚང་ལ་ཤེས་འཇོན་ནུས་གསུམ་ཕྱོགས་གང་ཐད་ནས་ཅུང་ཞན་པ་དང་། གཉིས་སུ་ཕྱོགས་ནས་ཕྱོགས་སུ་ཕེབས་ཏེ་མཐར་གཞིས་ཁྱིམ་འདིར་བཀོད་པའི་ཁྲོ་ཚངས་གདུང་རབས་ཁྱད་འཕགས་རྩ་ཆེ་བས་བླ་མ་བྱ་རྒོད་ཚང་གིས་བསྟན་བདག་གསེར་ཁྲི་བླ་མ་ཁྲོ་ཚངས་ལ་ཕུལ་ཏེ་བདག་གིར་བཞེས་པར་སུ་ལའང་ཐེ་ཚོམ་མི་དགོས་པའི་གནས་ཤིག་རེད། ཁྲོ་ཚངས་ནས་བསྟན་བདག་བཞེས་ཏེ་བླ་མ་བྱ་ཁྲོ་རྣམ་གཉིས་ནས་སངས་རྒྱས་གཡུང་དྲུང་བོན་གྱི་བསྟན་པ་བསྐྱངས་པ་མཛད་དེ། དུས་དེ་ནས་བཟུང་རྫ་ཁྲོ་ཚངས་དགོན་པའམ་ཐེག་ཆེན་ཕུན་ཚོགས་གླིང་ཞེས་གྲགས་པ་མངོན་སུམ་དང་ཚད་མས་གྲུབ་ཡོད། ཁྲོ་སྟོན་བསྟན་འཛིན་ནོར་བུ་དང་དུས་མཚུངས་སུ་བྱོན་པའི་བྱ་རྒོད་འཇིགས་མེད་རྟོགས་ལྡན་དང་། མཁས་བཙུན་འཇིགས་མེད་རྡོ་རྗེ་ཁུ་དབོན་བཅས་བྱ་ཁྲོ་རྣམ་གཉིས་ནས་སྔ་སོར་རྨེའུ་སྟོན་ཞལ་བཀོད་གཙུག་ལག་ཁང་ཅུང་ཟད་ཆུང་བས་དེ་ལས་ཆེ་ཙམ་གྱི་གཙུག་ལག་ཁང་གསར་བསྐྲུན་དགོས་ཚུལ་ཀུན་གྱིས་བཞེད་མཐུན་ལྟར་མི་དམན་ཞལ་འདེབས་དངོས་རྫས་བཀའ་དྲིན་བསྩལ། སྐབས་དེར་རྒྱལ་དབང་གྲགས་པ་དང་དབྲ་སྟོན་དྲུང་མུ་རྣམ་གཉིས་ནས་གཙུག་ལག་ཁང་གི་ཞལ་འདེབས་དངོས་མཚོན་གནང་བསྩོལ་མཛད། བླ་མ་བྱ་ཁྲོ་རྣམ་གཉིས་ནས་ཕྱོགས་ཕྱོགས་སུ་གཙུག་ལག་ཁང་བཞེངས་པའི་རྟེན་དུ་བསོད་ནམས་འབུལ་བསྡུད་དང་། ཁྲོམ་རྫོང་དད་ལྡན་ཡོངས་ནས་མི་དམན་པའི་འབུལ་ཚོགས་ཕུལ་བ་བྱས། བྱ་ཁྲོ་རྣམ་གཉིས་དང་དགོན་པའི་དབུ་ཆེ་ལས་སྣེ་འགས་ལས་གཞིའི་འགོ་འདྲེན་བརྩོན་པ་ནས་བཟུང་སྟེ་ལེགས་འགྲུབ་གཙུག་ལག་རབ་གནས་རྒྱས་པར་མཛད། ཡང་མཆོག་སྤྲུལ་ཁྲོ་བོ་རྒྱལ་མཚན་དང་དུས་མཚུངས་སུ་བྱོན་པ་བྱ་རྒོད་མཆོག་སྤྲུལ་མཚན་ཅན་དང་། བྱ་དབོན་ཕུན་ཚོགས་གཡུང་དྲུང་། བྱ་བླ་གཡུང་དྲུང་རྟོགས་ལྡན་དང་བྱ་བླ་ཞི་ཁྲོའི་མཚན་ཅན་དང་། རྟོགས་ལྡན་བསམ་གཏན་ཡེ་ཤེས་དང་དུས་མཚུངས་སུ་བྱོན་པ་དྲན་པའི་རྣམ་སྤྲུལ་བྱ་བླ་དམ་པ་བྱ་རྒོད་བསྟན་རྒྱལ་ཚང་དང་། སྟག་ལྷའི་སྐྱེ་མཐའ་བསྟན་མེའམ་བསྟན་འཛིན་དབང་རྒྱལ་བཅས། ལུང་ཟིན་ཁྱད་འཕགས་ཀྱི་བླ་མ་འདི་རྣམས་གཉིས་ལ། ད་ལྟར་བཞུགས་པའི་སྐྱ་སེར་དབུ་དཀར་པོར་སོང་བའི་བགྲེས་པོ་དག་གི་ཞལ་ལས་གསལ་བའི་ལོ་རྒྱུས་ཕུན་སུམ་ཚོགས་པར་མ་ཟད། བློ་རིག་བཀྲ་བའི་གཞོན་སྐྱེས་དག་གི་རྣ་རྒྱུན་ལྟར་ཆེས་དགེ་མཚན་ཆེ་བའི་རྣམ་ཐར་རེ་ཟུང་འབྲི་རྒྱུ་ཡོད་ཐག་ཆོད་ཡིན་པས་རྗེས་སུ་སྤྱན་ལམ་དུ་འབུལ་རྒྱུ་ཡོད་ངེས་ཞུ། བྱ་བླ་དམ་པ་བྱ་རྒོད་བསྟན་རྒྱལ་གྱི་གདུང་སྲས་བྱ་རྒོད་སྐལ་བཟང་དབང་རྒྱལ་དང་། དེའི་སྲས་བྱ་རྒོད་གཡུང་དྲུང་དཔལ་བཟང་། གདུང་འཛིན་གཡུང་དྲུང་དཔལ་བཟང་གི་སྐབས་སུ་སྡེ་དགེའི་བྱ་རྒོད་ཚང་དང་དུང་མདའི་བྱ་རྒོད་ཚང་ཕན་ཚུན་གདུང་རྒྱུད་གཅིག་པའི་ཉེ་འབྲེལ་གྱི་འདུན་པ་ཟབ་མོར་གྱུར་ཏེ་རོགས་རམ་རྒྱབ་སྐྱོར་མཐུན་འགྱུར་དཔག་མེད་གནང་བའི་སྐོར་མང་དུ་ཡོད་པ་དེའང་། མིང་དོན་གང་ཐད་ནས་གནས་ལུགས་དང་རྒྱུ་མཚན་ཆེས་ཡོད་པའི་གནས་ཤིག་རེད། དེའི་སྐོར་ལ་ལོ་རྒྱུས་དང་འབྲེལ་བ་གང་ཡོད་གསར་དུ་བསྟེན་ཏེ་དོ་སྣང་འབད་བརྩོན་རྟོག་ཞིབ་དགོས་པ་མཐོང་། གཡུང་དྲུང་དཔལ་བཟང་གི་གདུང་སྲས་བྱ་རྒོད་སྦ་བའམ་ཨ་འཛོམ་ཆོས་ལྡན་ནི་སྤྱི་ལོ ༡༩༤༢ ལོར་ཡབ་གཡུང་དྲུང་དཔལ་བཟང་དང་། ཡུམ་འོད་ཞིག་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། སྐུ་ན་ཆུང་དུས་ནས་ཡི་གེ་འདོན་ཀློག་སྐོར་དང་སློབ་སྦྱོང་བཅས་མཛད་དེ་བླ་མ་བྱ་རྒོད་ཚང་གི་གསེར་ཁྲིར་མངའ་གསོལ་ཁྲི་འདོན་བྱས། ང་དགུའི་དུས་འགྱུར་དབང་གིས་ཁྱིམ་ཐབ་ཀྱི་བྱ་བ་བཞེས་ཏེ་ཆོས་དང་འཇིག་རྟེན་ཟུང་འབྲེལ་ཙམ་གྱི་སྒོ་ནས་དཀའ་ངལ་གྱི་ལམ་འཕྲང་ཀྱག་ཀྱོག་མང་པོ་བརྒྱུད་ནས་སྐུ་ཚེ་ཕལ་ཆེར་བསྐྱལ་དགོས་བྱུང་། སྤྱིར་ཁོང་ལ་འདི་ཕྱི་གོ་བའི་རྨིས་ལྟས་བཟང་པོ་ཡོད་པ་དང་ལྷ་འདྲེ་དབང་བསྡུས་ཀྱི་ནུས་པ་མངའ་བ་ཕྱག་མོ་དགོངས་རྟགས་མིས་མི་ལ་བཤད་པ་བཞིན་ཧ་ཅང་རྣོ་བ། རྒྱ་བོད་ཡོངས་གྲགས་ཀྱི་མོ་བ་གལ་གནད་འགག་སྒོའི་སྐབས་སུ་ཐེ་ཚོམ་དང་རེ་དོགས་མེད་པར་འདི་ཕྱིའི་ལེགས་ཉེས་གསལ་བའི་རིམ་གྲོ་དང་ཁ་དམར་གདགས་པ་སོགས་ངོ་མཚར་ཆེ་བའི་རྣམ་ཐར་གཞན་སེམས་ཤེས་པའི་མངོན་ཤེས་ལྡན་པ་མ་ཟད་དཔལ་ལྡན་ལྷ་མོ་རང་འགྲུབ་ཞལ་འདོན་དགེ་སྦྱོར་ཕུན་སུམ་འཚོགས་པའི་ཐུན་མོང་མ་ཡིན་པའི་སྐྱེས་བུ་དབང་ཐང་དཔལ་འབྱོར་ནུས་མཐུ་གང་ཐད་ནས་ཁྱད་འཕགས་ཅན་གྱི་གདུང་འཛིན་སྐུ་འཚོ་དཔལ་དུ་དགེ་བ་སྟེ་དགུང་ལོ༧༦ བཅས་ད་ལྟའང་བཞུགས།  སྤྱི་ལོ ༢༠༡༤ལོར་སྲས་མོ་ཆུང་བ་བྱམས་ལྡན་ལྷ་མོ་ལ་ཡབ་རྒན་གྱི་ཐུགས་བཀོད་བཞིན་ཚུར་ཁྱིམ་ཐབས་བཟུང་བའི་ཁྱོ་ག་བཞག་སྟེ། ཁོང་གིས་ཐུགས་བསྐྱེད་སྨོན་ལམ་ཟབ་རྒྱས་ཀྱི་བཀའ་དྲིན་ཉེར་ལེན་ལ་བརྟེན་ནས་ལྷ་ལམ་གཡུ་འབྲུག་ལྡིར་བ་བཞིན་དགའ་སྟོན་རྟེན་འབྲེལ་རོལ་བའི་དུས་ཚིགས་ཕུན་སུམ་ཚོགས་པ་ཉིན་འགའི་རིང་ལ་ས་གཞིར་སྦྲ་གུར་གྱིས་གང་བར་བྱས་ཏེ། དཀར་གསུམ་མངར་གསུམ་ཟས་རིགས་ཤིང་ཏོག་མངར་ཆུ་བཏུང་བའི་རིགས། དར་གདུགས་རོལ་མོ་ལྷ་བསང་གཡུ་ཤུག་དུད་པ་མཁའ་ལ་འཁྱིལ་ཞིང་སྣེ་ལེན་འཇིག་རྟེན་ལྷ་ཡི་དཔལ་ལ་འགྲན་པ་ཞིག་བྱས་ཏེ་སྐུ་མགྲོན་མི་ཆེན་བླ་ཆེན་སྐྱ་སེར་ཕོ་མོ་སྟོང་ཕྲག་བརྒྱད་ལས་བརྒལ་ཞིང་སྤྲོ་བའི་ངང་ནས་དངོས་འབུལ་ཡོན་སྦྱར་དཔལ་འབྱོར་ས་སྟེང་མི་ཤོང་བར་བྱས་ཏེ་འཇིག་རྟེན་ཀུན་ཏུ་དགའ་སྤྲོའི་བསྟོད་ཚིག་གི་མེ་ཏོག་འཐོར་ཏེ་སྙན་གྲགས་ཀྱི་བ་དན་མཁའ་ལ་ཕྱར་བ་ལ་གཟུགས་ཅན་གཟུགས་མེད་གང་གིས་གནོད་པ་མེད་ཅིང་མཐུན་རྐྱེན་སྡོང་གྲོགས་མཛད་པ་པོའང་ཡབ་རྒན་གྱི་སྣང་སྲིད་ཟིལ་གནོན་གྱི་ཕྲིན་ལས་ཁོ་ནར་ངེས།   སྤྱིར་གདུང་རྒྱུད་ཁྱད་པར་ཅན་འདི་དག་འགྲོ་བ་ལ་ཕན་པ་རྒྱ་ཆེ་ཞིང་བསྟན་པ་ལ་མཛད་འཕྲིན་གྲངས་མང་བའི་རྣམ་ཐར་མཐའ་ཡས་པ་བརྗོད་དུ་ཡོད་ནའང་།  འདིར་བྱ་རྒོད་སྦ་བའམ་ཨ་འཛོམ་ཆོས་ལྡན་དང་འབྲུག་གཡང་གཉིས་ལ་གདུང་སྲས་མིང་སྲིང་དགུ་སྟེ་ཆེ་བ་གཡུང་དྲུང་འགྱུར་མེད། ཀརྨ་བཀྲ་ཤིས། གཡུང་དྲུང་བསམ་གཏན། ནོར་ལྷ་མཚོ།  ཡེ་ཤེས་དབང་མོ། གཡུང་དྲུང་བློ་གྲོས། རིག་འཛིན་ཆོས་འཕེལ། འཆི་མེད་གཡུང་དྲུང་། བྱམས་ལྡན་ལྷ་མོ་བཅས་དགུ་འཁྲུངས་པ་ཐམས་ཅད་དགེ་སེམས་ཆེ་ཞིང་ཐུགས་སེམས་ལྷོད་པ། གཞན་སེམས་བཟང་ཞིང་ཕན་སེམས་འཆང་བའི་རུས་བཟང་ངང་བཟང་གཤིས་བཟང་བཟང་པོ་དགུ་འཛོམ་ཅན་ཤ་སྟག་ངེས་ནའང་། འདི་ནས་སྐུ་སྲས་གསུམ་པ་བྱ་རྒོད་སྤྲུལ་སྐུའམ་མཁན་ཆེན་གཡུང་དྲུང་བསམ་གཏན་གྱི་མཛད་རྣམ་ཅུང་ཟད་སྤྲོས་པའི་ཞོར་དུ་སྐུ་མཆེད་རིག་འཛིན་ཆོས་འཕེལ་དང་། འཆི་མེད་གཡུང་དྲུང་རྣམ་གཉིས་ཀྱི་མཛད་རིམ་ཟུར་ཙམ་ཐོག་མར་བརྗོད་ན། བཟོ་རིག་པའི་དགེ་རྒན་ཆེན་མོ་རིག་འཛིན་ཆོས་འཕེལ་ལགས་ནི་སྤྱི་ལོ༡༩༧༧དམར་སེར་ཞེས་པ་མེ་མོ་སྦྲུལ་ལོའི་དཔྱིད་དུས་སུ་རིག་འཛིན་གྲུབ་ཐོབ་དུ་མའི་འཁྲུངས་གཞིའི་བྱ་རྒོད་ཚང་ཞེས་པའི་ཁྱིམ་གཞི་དྲོད་ཁོལ་ཅན་གྱི་ཁྱིམ་ན་གོང་དུ་སྨོས་པའི་ཡབ་ཡུམ་དེ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས།  ཁྱིམ་ཚང་འདི་བ་ཚང་ནི་བླ་སྤྲུལ་རིམ་བྱོན་གྱི་གདུང་རབས་གསེར་རིའི་་ཕྲེང་བ་ཆད་མ་མྱོང་ཞིང་བྱིན་རླབས་ཀྱི་ཚན་ཁ་མ་ཉམས་པའི་རྫ་ཁྲོ་ཚངས་དགོན་གྱི་བསྟན་བདག་བྱ་རྒོད་བླ་བྲང་ཞེས་མི་ལོ་སྟོང་ཕྲག་གི་གོང་ནས་ཡོངས་སུ་གྲགས་པའི་ལོ་རྒྱུས་ཅན་གྱི་ཁྱིམ་ཞིག་ཡིན།  ཁོང་ནི་སྐུ་ན་ཕྲ་དུས་ནས་བྱམས་བརྩེ་དང་ལྷག་བསམ་གྱི་གཞན་དབང་དུ་གྱུར་པ་ཞིག་ཡིན་སྟབས། ཕ་མ་དང་བྲལ་བའི་དྭ་ཕྲུག་ཚོར་རང་ནུས་གང་ཡོད་ཀྱིས་རོགས་སྐྱོར་དང་གང་ཕན་གྱི་བྱ་བ་ལ་བརྩོན་པ་དྲག་པོའི་སྐྱེས་བུ་ཞིག་ཡིན། སྐུ་ན་ཆེར་སོན་ཚེ་བྱ་ཁྲོ་རྣམ་གཉིས་གཙོས་པའི་ཁྲོ་ཚངས་དགོན་པའི་ལས་སྣེ་དག་གི་བཀའ་ལྟར་དགོན་པའི་ལས་འགན་མང་དག་ཅིག་ཁུར་དུ་བཞེས་པས་གྲྭ་བཙུན་དག་གིས་བསྔགས་བརྗོད་ཀྱི་མེ་ཏོག་རབ་ཏུ་གཏོར། དེ་ལྟར་དགོན་པའི་ལས་གནས་མང་དག་ཅིག་ལ་ཕུན་སུམ་ཚོགས་པའི་མཛད་རྗེས་བཞག དེ་ནས་བོད་ཀྱི་ལས་རིགས་ལག་རྩལ་ལ་བཅངས་བའི་དགའ་ཞེན་དང་། འདུ་ཤེས་ཀྱིས་སྡོད་མ་བཅུག་པར་ལས་གནས་མང་པོ་ཞིག་རྒྱབ་ཏུ་གཡུགས་ཏེ་སྤྱི་ལོ༢༠༠༨ལོར་བོད་ལྗོངས་སློབ་གྲྭ་ཆེན་མོའི་དགེ་རྒན་ནམ་སྒྱུ་རྩལ་སློབ་གླིང་གི་དགེ་རྒན་ཆེན་མོ་བསྟན་པ་རབ་བརྟན་མཆོག་གི་ཞབས་ལ་གཏུགས་ཏེ་འགོ་སྐྱ་ཐིག་ནས་མཇུག་ཞིབ་ཚགས་བར་གྱི་མི་ལོ་བདུན་ཙམ་གྱི་ཡུན་ལ་ཟས་དོར་གཉིད་ཆག་གི་ངང་ནས་ཧུར་བརྩོན་བྱས། དེ་བས།  རྒྱུ་འབྲས་ལྟོས་གྲུབ་ཀྱི་རིགས་པ་ལ་བསླུ་བ་མེད་པའི་དན་རྟགས་སུ ༢༠༡༥ ལོར་བོད་ལྗོངས་སྒྱུ་རྩལ་སློབ་གླིང་ནས་ཕུལ་བྱུང་སློབ་མའི་མཚན་སྙན་ཐོབ་པ་དང་། ཁོང་གིས་ཕྱག་བྲིས་གནང་བའི་སྨན་ཐང་ལུགས་ཀྱི་ཐང་ཁར་དགེ་རྒན་བསྟན་པ་རབ་བརྟན་མཆོག་གིས་གསེར་གྱི་པིར་མས་མིང་རྟགས་བཀོད། ད་དུང་བོད་ལྗོངས་མཛེས་རྩལ་མཁས་པའི་མཐུན་ཚོགས་ཀྱི་ཚོགས་མིའི་ལག་ཁྱེར་དང་།    གཟི་བརྗིད་མཚན་སྙན་ལག་ཁྱེར།  ཚད་མཐུན་དཔང་ཡིག གཟེངས་བསྟོད་ལག་ཁྱེར། སློབ་ཐོན་ལག་ཁྱེར་སོགས་ལག་ཁྱེར་མི་ཉུང་བ་ཞིག་དངོས་སུ་ཐོབ། དེ་བཞིན་སྤྱི་ལོ༢༠༡༤ཟླ༩ཚེས༢༨ཉིན་ཁོང་གིས་ཕྱག་བྲིས་མཛད་པའི་མ་ཅིག་ལབ་སྒྲོན་གྱི་ཐང་ག་ཞིག་ཀྱང་དཔྱད་འདེམས་ཚོགས་ཆུང་གི་དཔྱད་འདེམས་པ་བརྒྱད་ཀྱིས་ཀྲུང་གོའི་སྐབས་དང་པོའི་ཐང་གའི་སྒྱུ་རྩལ་དུས་ཆེན་གྱི་རྩེར་སོན་བརྩམས་ཆོས་འགྲེམ་སྟོན་ནང་བདམས་ཐོན་བྱུང་བར་མ་ཟད། དམིགས་བསལ་གྱི་ལག་ཁྱེར་སྤུས་ལེགས་ཤིག་ཀྱང་ཐོབ། ལོ་དེའི་ཕྱི་ལོ་སྟེ༢༠༡༥ལོར་དགེ་བའི་བཤེས་གཉེན་ཆེན་མོ་བསྟན་པ་རབ་བརྟན་ལགས་དང་། དགེ་རྒན་དངོས་གྲུབ་གཉིས་ཀྱི་བཀའ་ལྟར་མཁན་ཆེན་ཚུལ་ཁྲིམས་བློ་གྲོས་ལགས་ཀྱིས་ཕྱག་བཏབ་པའི་གསེར་རྟ་རྫོང་ལས་རིགས་ལག་རྩལ་སྦྱོང་བརྡར་ལྟེ་གནས་སུ་ལྷ་བྲིས་ཀྱི་དགེ་རྒན་ཆེན་མོའི་འགན་བཞེས་སུ་ཕེབས། སློབ་གྲྭ་དེ་རུ་དགེ་རྒན་ཆེན་མོའི་ཕྱག་ལས་གནང་ནས་བོད་རིགས་གཞོན་སྐྱེས་དུ་མར་འདོད་བློ་བསྐང་ཞིང་མ་འོངས་ཤེས་རིག་གི་ས་བོན་བསྐྲུན་པའི་མཛད་པ་རྒྱ་ཆེར་སྐྱོང་བཞིན་པ་དང་། སྤྱི་ལོ༢༠༡༦ཟླ༢པའི་ཚེས༢༤ཉིན་མདོ་སྨད་མཚོ་སྔོན་ཞིང་ཆེན་སྐབས་དང་པོའི་ཐང་གའི་འཇོན་ནུས་འགྲན་བསྡུར་ཆེན་མོའི་ཐོག་ཏུ་འགྲན་ཞུགས་སྐབས་སུ་བཅུ་ཕྲག་རིག་པའི་ནང་ཚན་བཟོ་རིག་ཐང་གའི་སྒྱུ་རྩལ་ལ་ལག་ཟུང་གིས་རྩལ་འགྲན་ཁྲོད་ནས་མཐར་ཐུག་རྒྱ་ཁའི་ཨང་དང་པོ་ནི་འགྲན་ཞུགས་པ་བོད་ལྗོངས་སློབ་གྲྭ་ཆེན་མོའི་སྒྱུ་རྩལ་སློབ་གླིང་གི་དགེ་རྒན་ཆེན་མོ་བསྟན་པ་རབ་བསྟན་མཆོག་གི་སློབ་མ་ཁམས་བྱ་རྒོད་རིག་འཛིན་ཆོས་འཕེལ་ཁོང་ལ་ཐོབ། ཀྲུང་གོའི་བཟོ་རྩལ་མཐུན་ཚོགས་ཀྱི་ཐང་ཀའི་མཛེས་རྩལ་ཆེད་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་མི་སྣའི་ལག་ཁྱེར་ཐོབ། རླབས་ཆེ་བའི་བྱ་བ་གང་མང་བསྒྲུབ་བཞིན་བཞུགས་པ་བཅས་གནས་ཚུལ་ཟུར་ཙམ་བརྗོད་པ་ལས་དེ་དང་དེ་བཞིན་ཁོང་གི་ཕྱག་རྗེས་ནི་བགྲངས་ལས་འདས་ཤིང་། ཡིག་འབྲུ་ཁ་ཤས་ཀྱིས་བརྗོད་ཐབས་བྲལ་བས་ཡོངས་རྫོགས་འདི་ནས་ཞུ་ཐུབ་མེད།   

བྱ་རྒོད་ཚང་གི་སྐུ་སྲས་ལྕམ་དྲལ་དགུ་ལས་ཐ་ལྟག་འཆི་མེད་གཡུང་དྲུང་ནི་སྔོན་ཚེ་བླ་ཆེན་ཡབ་སྲས་ནས་བཟུང་རིག་འཛིན་གྲུབ་ཐོབ་དུ་མའི་ཞབས་བཅགས་ཡུལ་རྫ་སྟོད་རིན་ཆེན་སྤུངས་པའི་ཉེ་གནས། སྟོན་པ་སངས་རྒྱས་ཀྱི་བཀའ་དྲི་མ་མེད་པའི་ཕྱི་ནང་གསང་གསུམ་ཆ་ཚང་དར་བའི་དགེ་མཚན་ཅན་གྱི་ཡུལ་གྲུ། བྱ་རྒོད་གདུང་རྒྱུད་བཅུ་གསུམ་གཙོས་ས་གནས་ཀྱི་སེམས་དཔའ་དུ་མའི་མཚན་དཔེ་བཞད་པའི་གནས་མཆོག་སྟེ་བྱ་རྒོད་བླ་བྲང་དུ་སྤྱི་ལོ༡༩༨༠ལོའི་ཟླ་བ༩པའི་ཚེས༡ཉིན་ཡབ་སྦ་བའམ་ཨ་འཛོམ་ཆོས་ལྡན་དང་ཡུམ་འབྲུག་གཡང་གཉིས་ཀྱི་སྲས་སུ་སྐུ་འཁྲུངས།  སྐུ་ནར་ཅུང་སོན་པ་དང་ཡབ་རྒན་དང་ཡུལ་དེའི་བླ་གྲྭ་རྒན་རིམ་དག་གི་གམ་ནས་ཡིག་ཀློག་ཚད་དུ་ཕྱིན་པར་མཛད་ནས་ཤེས་ཡོན་ཀུན་ཀྱི་རྨངས་བཙུགས།  དགུང་ལོ་ཉེར་གཉིས་སྤྱི་ལོ་༢༠༠༡ལོར་རེབ་གོང་གསེར་མོ་ལྗོངས་ཀྱི་ས་གནས་སུ་ཆགས་པའི་རེབ་གོང་བོན་བརྒྱ་དགོན་དུ་གྲྭ་སར་བྱོན་ཏེ་མཁས་དབང་བོན་བརྒྱ་དགེ་ལེགས་ལྷུན་གྲུབ་རྒྱ་མཚོའི་མདུན་ནས་ཐུན་མིན་བོད་ཀྱི་སྲོལ་རྒྱུན་ཡིག་གཟུགས་དང་། སུམ་རྟགས་སྙན་ངག་སོགས་ལ་སྦྱོང་བརྩོན་རྒྱ་ཆེར་བྱས་ཏེ་སྦྱང་འབྲས་མི་དམན་པ་ཐོབ། སྤྱི་ལོ ༢༠༠༥ ལོར་རྒྱ་གར་ཧི་མ་ཅལ་གྱི་ས་གནས་སུ་མཆིས་པའི་གདན་ས་ཆེན་མོ་དཔལ་གཤེན་བསྟན་སྨན་རི་གླིང་དུ་ཕེབས་ནས༧སྐྱབས་རྗེ་རྒྱལ་བ་སྨན་རི་བའི་མཁན་སློབ་རྣམ་པའི་སྐུའི་གསེར་ཞལ་དངོས་སུ་མཇལ་བའི་སྐལ་བ་ཐོབ་པ་མ་ཟད།  སྤྱི་ལོ༢༠༠༦ ཟླ་བ༡པོའི་ཚེས༢༢ ཉིན་དམ་པ་ཁོང་རྣམ་གཉིས་ཀྱི་ཞལ་སྔ་ནས་གཙང་མ་གཙུག་ཕུད་ཀྱི་སྡོམ་པ་བླངས་ཞིང་ཉིན་དེར༧གཡུང་དྲུང་བོན་གྱི་བཤད་སྒྲུབ་འདུས་སྡེའི་སྒྲིག་འོག་ཏུ་ཞུགས་ཏེ། སླར་ཐུན་མོང་རིག་གནས་སྙན་ངག་དང་། རྩིས།  དཀྱིལ་འཁོར་ཐིག་རྩ་སོགས་ལ་སྦྱངས་པ་དང་།  ཐུན་མིན་བོན་གྱི་མཚན་ཉིད་རིག་པའི་གཞུང་ལས་བསྡུས་གྲྭ་དང་། ཚད་མ། རྟགས་རིགས།  ཐེག་འགྲེལ།  ས་ལམ། ཤེར་ཕྱིན། དབུ་མ། མཛོད།  འདུལ་བ་སོགས་ལ་སྤྱི་ལོ༢༠༡༢བར་དུ་བཤད་སྒྲུབ་འདུས་སྡེའི་སྒྲིག་བཞིན་ཁྲིད་ཞུས་ནས་འཆད་རྩོད་འབུར་དུ་ཐོན་པ་གནང་། སྤྱི་ལོ་༢༠༡༢ནས་ལོ་གཅིག་ཙམ་གྱི་རིང་ལ་ཞང་ཡིག་དགེན་གྱི་འགན་ཁུར་ཏེ། བོན་ཕྲུག་བདེ་དོན་གྱི་སློབ་ཕྲུག་འཛིན་གྲྭ་དགུ་བ་དང་། བཅུ་བ་རྣམས་ལ་ཞང་ཞུང་སྨར་ཆུང་གི་འབྲི་

ཚུགས་གུང་གསེང་དང་བསྟུན་ནས་དགེ་རྒན་གྱི་ཕྱག་ལས་མཛད། སྤྱི་ལོ༢༠༡༣ ནས་བཟུང་ཆོས་རྒྱུད་སྤྱིའི་དགོངས་ཚུལ་གཅིག་མཐུན་འོག་སྨོན་ལམ་བོད་ཀྱི་ཀུན་བཏུས་ཚིག་མཛོད་ཆེན་མོ་ཞིག་འགོད་རྒྱུ་གཏན་འབེབ་བྱུང་བར་ལྟར།  བོན་གྱི་ཐ་སྙད་སྐོར་ཚིག་མཛོད་ཆེན་མོ་འདིའི་ཁྱབ་ཁོངས་སུ་ངེས་པར་དུ་འགོད་རྒྱུ་བྱུང་སྟབས༧སྐྱབས་རྗེ་སྨན་རིའི་ཁྲི་འཛིན་རིན་པོ་ཆེ་མཆོག་གིས་ཕྱོགས་གང་ཐད་ནས་ཁྱེད་ལ་བབ་འོས་ཡོད་པས་ལས་དོན་འདི་དང་བླང་དགོས་པའི་བཀའ་བསྩལ་བ་ལ་ཁོང་གིས་བླ་མའི་བཀའ་བསྟན་པའི་དོན་ཐམས་ཅད་བསམ་ནས་ལས་དོན་དང་འབྲེལ་ནས་ཐ་སྙད་སྐོར་གྱི་ལས་དོན་བསྒྲུབས། སྨོན་ལམ་བོད་ཀྱི་ཀུན་བཏུས་ཚིག་མཛོད་ཆེན་མོ་དང་འབྲེལ་བའི་བོན་གྱི་ཐ་སྙད་སྐོར་ལ་བསམ་བློའི་དཔག་ཚད་དང་བསྟུན་ཏེ་ཐ་སྙད་འཚོལ་སྡུར་བྱེད་ཞོར། སྤྱི་ལོ༢༠༡༣ དང༢༠༡༤ སྔ་ཕྱི་དུ་རྡ་ས་བོད་ཀྱི་དཔེ་མཛོད་ཁང་དུ་སྨོན་ལམ་བོད་ཀྱི་ཀུན་འདུས་ཚིག་མཛོད་དང་འབྲེལ་བའི་ཚོགས་འདུར་ཐེངས་འགར་ཕེབས། སྤྱི་ལོ ༢༠༡༥ ལོའི་ཟླ ༢ པའི་ཚེས ༡༢ ཉིན་སྐྱབས་རྗེ་མཁན་སློབ་རྣམ་གཉིས་ཀྱི་དྲུང་ནས་དག་པ་དྲང་སྲོང་གི་སྡོམ་པ་ཞུས་ཏེ། སྤྱི་ཟླ༥པའི་ཚེས༣ཉིན་ནས་བཟུང༧སྨན་རིའི་དཔོན་སློབ་ཡང་སྟོན་འཕྲིན་ལས་ཉི་མ་རིན་པོ་ཆེའི་ཞལ་སྔ་ནས་སྟོན་པ་ཐུགས་རྗེ་ཅན་གྱི་བཀའ་ཐེག་རིམ་མངོན་དུ་བཤད་པའི་མདོ་རྒྱུད་ཀྱི་འགྲེལ་བ་འབྲས་བུ་སྔགས་ཀྱི་ཐེག་པའི་རྒྱུད་སྡེ་བཞིའི་ལྟ་སྒོམ་སྤྱོད་འབྲས་སོགས་ཀྱི་དཔེ་ཁྲིད་དང་འགྲོ་མགོན་རིན་པོ་ཆེས་མཛད་པའི་འགྲེལ་བ་ཡིད་བཞིན་བཀོད་པའི་རྒྱན་སོགས་གསང་སྔགས་ཀྱི་དཔེ་ཁྲིད་ལེགས་པར་ཞུ་བའི་སྐལ་བ་ཐོབ་པ་ནས་བཟུང་ད་ལྟའི་བར་གདན་ས་སྨན་རིའི་གླིང་དུ་སློབ་གཉེར་ལ་འབད་འབུངས་དང་རང་གཞན་གཉིས་ཕན་གྱི་མཛད་པ་དུ་མ་སྐྱོང་བཞིན་བཞུགས་ཡོད།

མཁན་པོ་གཡུང་དྲུང་བསམ་གཏན་གྱི་མཛད་རྣམ་དངོས་ནི།  གདུང་རྒྱུད་ཆེན་པོ་ལྔའི་ནང་ཚན་ཁྱུང་ལ་དཀར་ནག་སེར་ཁྲ་སྟེ་ཁྱུང་ཁྲའི་གདུང་ལས་སོན་པའི་ལོ་རྒྱུས་རྒྱས་པར་གོང་སྨྲོས་ལྟར་ལགས་པས་འདི་ནས་དམ་པ་བྱ་རྒོད་སྤྲུལ་སྐུའམ་མཁན་ཆེན་གཡུང་དྲུང་བསམ་གཏན་གྱི་མཛད་རྣམ་དངོས་དང་འབྲེལ་ནས་དད་ལྡན་ཡོངས་ཀྱི་མོས་ངོར་ཅུང་ཟད་སྨྲོས་ན། རྫ་ཁྲོ་ཚངས་དགོན་ཞེས་བཤད་སྒྲུབ་སློབ་གསུམ་གྱི་བསྟན་པ་མེ་ལྟར་འབར་ཞིང་མདོ་སྔགས་འགལ་མེད་ཀྱི་བསྟན་པའི་བསྟི་གནས་ཆེན་པོ་སྙིགས་མའི་དུས་འདིར་དགོན་པ་ཞིག་ལ་དགོས་པ་ཀུན་ཚང་སྟེ་སྙན་གྲགས་ས་སྒང་རིལ་བོའི་སྟེང་ན་ལྡིར་བ་གོང་བཞུགས་བླ་མ་བྱ་ཁྲོ་རྣམ་གཉིས་ཀྱི་བཀའ་དྲིན་ལས་མ་འདས། དེ་མཐུན་དགོན་འདི་ལ་བསྟན་བདག་བླ་མ་ཉི་ཟླ་རྣམ་གཉིས་ལས་བྱ་རྒོད་མཁན་ཆེན་གཡུང་དྲུང་བསམ་གཏན་མཆོག་ནི་རིག་འཛིན་གོང་མའི་བྱིན་རླབས་ཐེབས་པའི་གནས་མཆོག་བྱ་རྒོད་ཚང་གི་གདན་སར་བྱ་རྒོད་བླ་བྲང་དུ་རིགས་ཀྱི་ཡབ་རྗེ་དམ་པ་ཐབས་ཆེན་ཨ་འཛོམ་ཆོས་ལྡན་དང་།  སྨིན་པའི་ཡུམ་ཆེན་མཚན་བཟང་ཅན་བརྡ་བཟའ་འབྲུག་གཡང་གཉིས་ཀྱི་སྲས་སུ་རབ་བྱུང་བཅུ་དྲུག་པའི་ཞི་བ་ཞེས་པ་ས་མོ་བྱ་ཡི་ལོ་སྟེ་སྤྱི་ལོ༡༩༦༩/ལོར་བྱ་རྒོད་སྐུ་སྲས་གཡུང་དྲུང་བསམ་གཏན་ལགས་ཀྱི་མཚན་དཔེ་འཇིག་རྟེན་ཞིང་འདིར་མངོན་པར་གསལ། དེ་ཡི་སྔ་རོལ་ཙམ་ན་ཡུལ་དེའི་ཉེ་ཕྱོགས་གྲུབ་མཐའ་བཀའ་བརྒྱུད་ཚབ་ཚྭ་དགོན་གྱི་སྤྲུལ་བའི་སྐུ་མཆོག་དམ་པ་འབྱོར་རྒྱས་སམ་ཀརྨ་ལྷ་མཐོང་ལགས་ནས་བྱ་ལོ་བ་ཅན་གྱི་སྐྱེས་བུ་ཡར་མཚན་པ་ཞིག་བསྟན་དང་འགྲོ་བའི་དོན་དུ་འབྱུང་བའི་ལུང་བསྟན་གནང་ནས་དམ་པ་གོང་མའི་བྱིན་རླབས་ཀྱིས་ཟིན་པའི་སྐྱེས་ཆེན་འདི་ཉིད་འཁྲུངས་ཏེ་ལུང་བསྟན་གནད་ལ་འཁེལ།  དེ་དང་དགོངས་པ་གཅིག་མཐུན་དུ་ཨ་འཛམ་འབྲུག་སྤྲུལ་དང་།  ཇོ་བོའི་གྲུབ་ཐོབ་རྣམ་གཉིས་གཙོས་འདི་ཕྱི་གཉིས་མེད་གཟིགས་པའི་བླ་ཆེན་དུ་མའི་མགྲིན་གཅིག་ཏུ་ཀཿཐོག་རྟོགས་ལྡན་རྡོ་རྗེའི་ཡང་སྤྲུལ་འཁྲུལ་མེད་དུ་ངོས་འཛིན་མཛད་པའང་འུད་སྒྲོག་དང་བཅལ་ཅོའི་གཏམ་སོགས་གང་ཡང་མ་ཡིན་པ་ཀུན་ཀྱི་མཐོང་སྣང་དུ་གྲུབ་པའི་ཡིད་ཆེས་ནང་ནས་བརྡོལ་བའི་གནས་སུ་ངེས་སོ། །ཡར་དགུང་ལོ་ནར་རིམ་གྱིས་སོན་ཏེ་ཡབ་རྒན་སྦ་བའམ་ཨ་འཛོམ་ཆོས་ལྡན་གྱི་མདུན་ནས་རྨང་གཞི་ཀ་ཁ་ནས་ཆོ་ག་ཀློག་འདོན་སྐོར་སློབ་སྦྱོང་མཐར་རུ་ཕྱིན་པ་བྱས། དེ་ནས་རྫ་ཁྲོ་ཚངས་དགོན་པའི་ཚོགས་གྲལ་དུ་ཞུགས་ནས་གྲྭ་པའི་སྒྲིག་ཁུར་ཏེ་དུང་པའི་ལས་སྣེ་སོགས་གང་ལ་གང་མཚམ་བསྒྲུབས་ནས་དགུང་ལོ་བཅུ་གསུམ་སྟེང་དུ་སྙིགས་མའི་དུས་འདིར་འགྲོ་དོན་དུ་སྐུ་མངོན་པར་བཞེངས་པའི་ཀུན་གྲོལ་སྐུ་ཕྲེང་དྲུག་པ་ཧྰུྃ་ཆེན་འགྲོ་འདུལ་གླིང་པའི་གདུང་སྲས་མཆོག་སྤྲུལ་ལྷ་སྲས་ཚོགས་གཉིས་རྒྱ་མཚོ་དང་།  སྐབས་དེར་རྫ་ཁྲོ་ཚངས་དགོན་གྱི་བླ་རྒན་གྲྭ་རྒན་རྣམ་པའི་ཐུགས་བཀོད་ལྟར་ཁྲོ་ཚངས་དགོན་གྱི་བསྟན་པ་སྤྱིར་གཟིགས་པའི་ཟུར་སྡོང་ཆེན་པོའམ་བསྟན་བདག་གཉིས་པ་བླ་མ་བྱ་རྒོད་ཚང་གི་ཁྲི་ལ་མངའ་གསོལ།  དམ་པ་མཆོག་ནི་ཐུགས་རིག་གསལ་ཞིང་སྔོན་སྦྱོང་གི་འཕྲོ་སད་པ་དང་།  སྐུ་གཟུགས་མཛེས་ཤིང་མཚན་བཟང་གི་ཡོན་ཏན་མངའ་བ།  གསུང་སྐད་སྙན་པའི་ཚངས་པའི་དབྱངས་ཀྱི་ང་རོ་ལྡན་པ་སོགས་ཕྱོགས་གང་ལ་མཚོན་ན་ཁྱད་འཕགས་ཀྱི་དམ་པའི་སྐྱེས་བུ་ཞིག་ཡིན་པ་མངོན་དུ་གསལ། དེ་ནས་ངེས་པ་དོན་གྱི་བྱ་བྲལ་བ་མཁན་ཆེན་ཉི་མ་ཚུལ་ཁྲིམས་མདོ་སྨད་ཤར་རྫའི་ཞིང་དུ་ཞབས་ཀྱིས་བཅགས་སྐབས་རྩ་བའི་བླ་མ་བསྟེན་ཏེ་དགེ་ཚུལ་གྱི་སྡོམ་པ་ནོད་པའི་ཚུལ་མཚན་དུ་རྒྱལ་བསྟན་ཕུན་ཚོགས་ཞེས་གསོལ། མ་ཚད་སྔོན་འགྲོ་འབུམ་དགུ་དང་དངོས་གཞི་ངོ་སྤྲོད་རྩ་རླུང་ཞག་བརྒྱ་བཅས་ཁྲིད་དང་དབང་ལུང་མན་ངག་སོགས་བུམ་པ་གང་བྱོའི་ཚུལ་དུ་གསན་ཏེ་སྐལ་ལྡན་གྱི་སློབ་མར་གྱུར། དེ་དང་ཀུན་མཁྱེན་འཇའ་ལུས་པ་ཤར་རྫ་བཀྲ་ཤིས་རྒྱལ་མཚན་གྱི་རྒྱལ་ཚབ་གཉིས་པ་གདན་རབས་གསུམ་པ་ཕྱི་ཚུལ་ངུར་སྨྲིག་གི་རྣམ་པ་མཛེས་ཤིང་ནང་ན་ཉམས་རྟོགས་ཀྱི་བང་རིམ་མངོན་པར་མཐོ་བའི་རྣལ་འབྱོར་བ་ཆེན་པོ་མཐུ་སྟོབས་རྣམ་རྒྱལ་མཆོག་གི་མདུན་ནས་དག་པ་དྲང་སྲོང་གི་སྡོམ་ཁྲིམས་ཚུལ་བཞིན་བླངས་པའི་མཚན་ལ་དྲང་སྲོང་ཚུལ་ཁྲིམས་རྒྱལ་མཚན་ཞེས་གསོལ། དེ་ནས་དམ་པ་དེ་ཡི་དྲུང་ནས་རྒྱལ་བ་གཤེན་གྱི་བཀའ་དྲི་མ་མེད་པ་ཆ་ཚང་། ཀུན་མཁྱེན་འཇའ་ལུས་པ་ཤར་རྫ་རིན་པོ་ཆེའི་བཀའ་འབུམ་ཆ་ཚང་ཁྲིད་ལུང་མན་ངག་དང་གསུམ་གྱི་སྒོ་ནས་ཞུས་པ་མ་ཟད་ཡི་དམ་ཕྱི་ནང་གསང་གསུམ་སྐོར་གྱི་དབང་ལུང་ཟབ་རྒྱས་ནོད་དེ་བླ་མའི་གསང་གསུམ་གྱི་བྱིན་རླབས་ཕུན་སུམ་ཚོགས་པར་བསྩལ་གནང་མཛད། དེ་ནས་དགུང་ལོ་ཉེར་གཅིག་གི་དུས་སུ་ཁྲོ་བླ་གཡུང་དྲུང་རིན་ཆེན་དང་མཉམ་དུ་བྱ་རྒོད་མཁན་པོ་ཁོང་བོན་བརྒྱ་དགོན་དུ་བྱོན་ཏེ་མཁས་གྲུབ་གཉིས་ལྡན་གྱི་སྐྱེས་མཆོག་བོན་བརྒྱ་རིན་པོ་ཆེ་མཉེས་པ་གསུམ་གྱི་སྒོ་ནས་སྔ་ཕྱི་ལོ་ངོ་དྲུག་ལྷག་གི་རིང་ལ་བླ་མ་བསྟེན་ཏེ་ཐོས་བསམ་སྒོམ་པ་བསམ་གྱིས་མི་ཁྱབ་པ་ཞིག་མཛད། བཀའ་དྲིན་ཅན་གྱི་བླ་མ་དམ་པ་དེའི་དྲུང་ནས་བྱང་ཆུབ་སེམས་ཀྱི་སྡོམ་པ་བཞེས་པའི་མཚན་ལ་ཐེག་མཆོག་སངས་རྒྱས་འབྱུང་གནས་ཞེས་གསོལ་བར་དང་རྒྱལ་བ་ཡོངས་ཀྱི་སྲས་སུ་གྱུར།  མཁས་པ་ཡོན་ཏན་གྱིས་མི་ངོམ་པའི་དཔེ་ལྟར་བོན་གྱི་སྐྱེས་ཆེན་མཛོད་དགེའི་མཆོག་སྤྲུལ་དྲང་སྲོང་དྲི་མེད་འོད་ཟེར་རིན་པོ་ཆེའི་མདུན་དུ་ཕེབས་ནས་ཤར་རྫའི་སྡོམ་གསུམ་ཁྲིད་ལུང་རྒྱས་པ་དང་རྫོགས་ཆེན་དབང་བཞི་སོགས་ཞུས། ཞོར་དུ་ཡུལ་དེའི་གནས་རི་རིག་འཛིན་གོང་མའི་སྒྲུབ་གནས་དང་གྲུབ་པ་མང་པོའི་གཏེར་གནས་སུ་གྱུར་པའི་ཤར་དུང་རི་དང་།  བྲག་དཀར་བྱ་རྒོད།  མཁའ་འགྲོ་འུག་གདོང་། གནས་ཆེན་དམུ་རི་སོགས་ལ་ཞབས་ཀྱིས་བཅགས་ཏེ་མཇལ་སྐོར་ཕེབས།  གཞན་ཡང་མཛོད་དགེ་དང་ཟིང་ཆུ་ཐེ་བོ་སོགས་ཀྱི་ཕྱོགས་སུ་བོན་གྱི་དགོན་སྡེ་དག་ལ་མཆོད་མཇལ་རྣམ་དག་མཛད།  དེ་ནས་མདོ་སྨད་སྣང་ཞིག་དགོན་ཆེན་དུ་ཞབས་སོར་བཀོད་དེ་དགེ་བཤེས་ཆེན་མོ་ནམ་མཁའ་ཚུལ་ཁྲིམས་ཚང་བླ་མ་བསྟེན་ཏེ་ཁྲིད་ལུང་མན་ངག་གང་མང་གསན་བསམ་ཡང་དག་མཛད། མ་ཚད་སྔ་ཕྱི་ལོ་འཁོར་གཉིས་ཙམ་གྱི་རིང་དུ་བཞུགས་ཏེ་མཁས་མང་དུ་མའི་གམ་ནས་སྒྲ་དང་སྡེབ་སྦྱོར་རྩིས་དཀར་ནག་སོགས་ལ་ཐོས་བསམ་བྱས། སྤྱིར་རང་དགོན་དུ་བཞུགས་རིང་བསྙེན་མཚམས་བསྐྱལ་གྲངས་སྔོན་འགྲོ་འབུམ་དགུ་དང་། རིགས་དྲུག་རང་སྦྱོང་། རྩ་རླུང་ཞག་བརྒྱ་གཅིག ཞི་བའི་བསྙེན་ཆེན་གཅིག  གུ་རུའི་ཚེ་སྒྲུབ་བསྙེན་ཆེན་གསུམ། རྟ་ཕྱག་ཁྱུང་གསུམ་བསྙེན་ཆེན་གཉིས།  ཚེ་སྒྲུབ་བྱ་རིའི་མའི་བསྙེན་ཆེན་གཅིག  གེ་ཁོད་བསྙེན་མཚམས་སྔ་ཕྱི་བཞི་ལྷག་སྲུང་ཟློག་དང་བཅས་པ་འགྲོ་ངེས་མཛད།  གདུགས་དཀར་བསྙེན་ཆེན་སྔ་ཕྱི་དྲུག་སྲུང་ཟློག་དང་བཅས་པ་ཚད་ངེས་ཅན་དུ་བགྲངས།  ཟབ་གཅོད་ཀྱེ་མ་འོད་མཚོའི་བསྙེན་ཆེན་སྲུང་ཟློག་འདུར་དང་བཅས་པ།  འཁོར་འབར་གྱི་བསྙེན་པ་གྲངས་མང་བསགས།  སྔོན་ལས་དང་འཕྲལ་རྐྱེན་གྱི་སྡིག་སྒྲིབ་སྦྱོང་ཕྱིར་ཕྱག་འབུམ་བརྒྱད་ལྷག་འཚལ། མར་མེ་འབུལ་བ་དང་། ཁ་འདོན་མཛད་པ་སོགས་མཚན་བཅས་ཀྱི་དགེ་བའི་བསོད་ནམས་ཀྱི་ཚོགས་ཆེ་ཞིང་། ཞི་ལྷག་སོགས་དཔྱད་འཇོག་རེས་མོས་སྒོམ་ཏེ་མཚན་མེད་སེམས་ཀྱི་ཉམས་ལེན་འབྲས་བུ་ཡེ་ཤེས་ཀྱི་བསོད་ནམས་བསགས་པ་འཐུག་པོའི་ཐུན་མོང་མ་ཡིན་པའི་ཚུལ་དུ་སྐུ་ཚེ་བསྐྱལ་བཞིན་བཞུགས། སྤྱི་ལོ༡༩༩༥ཟླ་བ༢ཚེས༨ཉིན་ནས་ཟླ་བ་ཁ་ཤས་རིང་ལ་དགེ་བཤེས་གཙུག་ཕུད་ཚུལ་ཁྲིམས་དང་།  དགེ་བཤེས་གཡུང་དྲུང་མཁྱེན་ལྡན།  སྐུ་མཆེད་འཆི་མེད་གཡུང་དྲུང་།  སྐུ་དབོན་སྒྲུབ་མཁན་གཡུང་དྲུང་ཉི་རྒྱལ།  སྐུ་མཆེད་རིག་འཛིན་ཆོས་འཕེལ།  གཤེན་བཙུན་རིན་ཆེན་གདུལ་འདུལ་བཅས་སློབ་མ་མི་ཉུང་བ་ཞིག་ལ་སྔོན་འགྲོ་བསགས་སྦྱོང་སྐོར་སོགས་ཁྲིད་དང་བོན་སྒོ་དུ་མའི་ལུང་རྒྱུན་ཟབ་མོ་བསྩལ། ཁྱད་པར་དུ་རང་དགོན་དུ་སྐྱ་སེར་འདུས་མང་ཡོངས་ལ་རྒྱལ་བའི་བཀའ་འགྱུར་གྱི་ལུང་གསུངས་ཏེ་ཡུལ་དགོན་གཉིས་ཀྱི་དད་འདུན་པ་དག་གི་ཐུགས་ཡིད་རབ་ཏུ་ཚིམས་པར་མཛད། སྤྱི་ལོ་༡༩༩༦ཟླ་བ་༣ཚེས་༢༠ནས་བཟུང་གཙུག་ལག་ཁང་ལེགས་འགྲུབ་མ་བྱུང་བར་དུ་ཁོད་སྤུངས་སུ་ལ་ཚང་གི་གདུང་ལས་སོན་པའི་ཁྲོ་སྤྲུལ་སྐུ་ཕྲེང་ལྔ་པ་སྐུ་ན་ཕྲ་སྟབས་ཀྱིས་སྤྱི་ཁྱབ་འགན་ཁུར་གཙོ་བོར་བླ་མ་བྱ་རྒོད་ཚང་ངམ་མཁན་པོ་ཉིད་ཀྱིས་མཛད།  སྤྱི་ལོ་༡༩༩༩ཟླ་བ་༩ཚེས་༢༤ཉིན་ལ་སྐུ་མཆེད་རིག་འཛིན་ཆོས་འཕེལ་སོགས་སློབ་མ་ཁ་ཤས་ཤིག་ལ་རྩ་རླུང་ཁྲིད་དང་གཞལ་ཡས་ཁང་སྟོང་ར་རྣམ་གསུམ་སོགས་ལ་དཔྱད་སྦྱོང་ནན་དུ་གནང་ནས་རྩ་རླུང་ཞག་བརྒྱའི་དབུ་བཟུང་སྤྱི་ལོ་༢༠༠༠བོད་ཟླ་༡ཚེས་༢༠ཉིན་ལ་ཆུ་རས་སོགས་མཛད་དེ་བྱིན་རླབས་དང་གྲུབ་པའི་རྟགས་མཚན་ཕུན་སུམ་ཚོགས་པ་བྱུང་།   སྤྱི་ལོ༢༠༠༣ལོར་བླ་མ་ཁྲོ་ཚངས་ཚང་གི་ཕྱག་མཛོད་ཆེན་མོ་མདོ་སྔགས་བསྟན་འཛིན་དང་འགྲོགས་ནས་དབུས་སུ་ཞབས་བཅགས་ཏེ་ཀོང་པོ་བོན་རི་དང་ལྷ་སའི་ཕྱོགས་ཀྱི་གནས་རི་དང་དགོན་པ་དག་ལ་མཇལ་སྐོར་དང་འབྲི་རུ་སེར་ཛ་དགོན་པའི་མཆོག་སྤྲུལ་ཐུགས་དགའ་རིན་པོ་ཆེ་གཙོས་དགོན་ཁག་ཁ་ཤས་ཀྱི་བླ་གྲྭ་མང་པོ་ཞིག་ལ་དབང་ལུང་མན་ངག་ཅི་འདོད་བཞིན་གནངས་བར་བྱས། ཐུགས་དགའ་རིན་པོ་ཆེའི་མཐུན་འགྱུར་རོགས་རམ་གྱི་བཀའ་དྲིན་ལ་བརྟེན་ནས་བོན་དགོན་ཡུལ་སྡེ་ཁ་ཤས་ལ་དངོས་པོ་འབུལ་བསྡུད་ཕྲན་བུར་བྱས་ཏེ་དངོས་འབུལ་གྱ་ནོམ་པ་ཞིག་བྱུང་སྟེ་དཔལ་འབྱོར་དང་ཆ་རྐྱེན་གང་ཐད་ནས་དཀའ་ཁག་སེལ་བར་བྱས་ཏེ་ལོ་དེར་བལ་ཡུལ་དང་རྒྱ་གར་ཕྱོགས་སུ་ཆིབས་བསྐྱོད་གནང་སྟེ་ཟླ་བ་༡༢/ཚེས་༡༥/ལ་བལ་ཡུལ་དུ་བྱོན་ནས་ཡོངས་འཛིན་སྨྲ་བའི་སེང་གེ་དཔོན་སློབ་བསྟན་འཛིན་རྣམ་དག་མཆོག་གི་མདུན་ནས་གདམས་ངག་བྱིན་རླབས་གང་མང་ཐོབ། འཕགས་པ་ཤིང་ཀུན་སོགས་དེ་གའི་གནས་རི་རྩ་ཆེན་དག་ལ་མཇལ་སྐོར་བཅས་སྤྱི་ལོ་༢༠༠༣བོད་ཟླ་༡༢ཚེས་༡༨ལ་རྒྱ་གར་སྨན་རིའི་དགོན་དུ་ཕེབས། སྨན་རིའི་ཁྲི་འཛིན་སོ་གསུམ་པ་ལུང་རྟོགས་བསྟན་པའི་ཉི་མ་རིན་པོ་ཆེ་མཆོག་གི་མདུན་ནས་བོན་ཕྱི་ནང་གསང་གསུམ་གྱི་བཀའ་དབང་ཞུ་བའི་ལས་སྐལ་ལྡན་ཏེ་བྱིན་རླབས་དང་ནུས་པ་ཕུན་སུམ་ཚོགས་པའི་བདག་ཉིད་ཅན་དུ་གྱུར། ཚེ་དུས་ལས་ཡོལ་བའི་ཡུམ་ཆེན་དྲིན་མོ་ཆེའི་དགེ་རྫོང་དམིགས་ནས་སྨན་རིའི་ཁྲི་འཛིན་མཆོག་དང་། ཡོངས་འཛིན་རིན་པོ་ཆེ།  སྨན་རིའི་དཔོན་སློབ་ཕྲིན་ལས་ཉི་མ།  རྒྱལ་བ་རིན་པོ་ཆེ།  ས་སྐྱ་གོང་མ་རིན་པོ་ཆེ།  རྒྱ་དབང་ཀརྨ་པ། ཞེ་ཆེན་རབ་འབྱམས་རིན་པོ་ཆེ། རྫོགས་ཆེན་རིན་པོ་ཆེ།  ཀླུ་རྡིང་མཁན་ཆེན་སོགས་བན་བོན་རིས་མེད་ཀྱི་བླ་སྤྲུལ་མཁན་པོ་མི་ཉུང་བ་ཞིག་ལ་ཆོ་ག་གནས་འདྲེན་མང་ཇ་བསྔོ་རྟེན་གྲ་རྒྱས་པོར་ཞུས།  སྨན་རི་དགོན་དུ་མ་རྒན་དགུང་ཞག་ཞེ་དགུ་ཡོན་རྩ་སྨན་དགོན་གྱི་སྒྲིག་ལྟར་ཕུལ་ནས་ཚེ་ལས་འདས་པ་དང་འདས་མ་ཡོངས་ལ་དགེ་སྐལ་དང་ཚོགས་བསགས་དཔག་མེད་བསྒྲུབས་མ་ཚད་མཁན་རབས་སོ་གསུམ་པ་ལུངས་རྟོགས་བསྟན་པའི་ཉི་མ་རིན་པོ་ཆེ་མཆོག་གམ་སྨན་རིའི་བླ་བྲང་གི་ངོས་ནས་ཀྱང་དགུང་ཞག་ཞེ་དགུ་རྫོགས་པ་དང་བཅས་བཀའ་དྲིན་བླ་མེད་བསྐྱངས་ཏེ་དྲིན་ལན་འཇལ་བར་བྱས། སྐབས་ཤིག་ཏུ་མཁས་དབང་བོན་བརྒྱ་དགེ་ལེགས་ལྷུན་གྲུབ་རྒྱ་མཚོ་མཆོག་ནས། བྱ་རྒོད་མཆོག་སྤྲུལ་གཡུང་དྲུང་བསམ་གཏན་གྱི་གསོལ་འདེབས། ན་མོ་ཅི་པར་རཏྣ་གུ་དུན་ཧྲུན། །མཆོག་གསུམ་ཀུན་འདུས་གཡུང༷་དྲུང༷་འགྱུར་མེད་སྐུ། །བདེ་གསལ་མི་རྟོག་བས༷མ་གཏན༷་གཡོ་མེད་ཐུགས།  །སུམ་ལྡན་སྤྲུལ་བའི་སྐུ་ལ་གསོལ་བ་འདེབས།  །མགོན་ཁྱེད་ཞབས་པད་མི་འཇིགས་གདོང་ལྔའི་ཁྲིར། །ཇི་སྲིད་བསྐལ་བའི་བར་དུ་བརྟན་བཞུགས་ནས། །སྨིན་གྲོལ་བོན་གྱི་འཁོར་ལོའི་མཛད་བཟང་གིས།  །འགྲོ་ཀུན་གཏན་བདེའི་ས་ལ་འགོད་པར་ཤོག  །ཅེས་རང་སློབ་གཡུང་དྲུང་ཉི་རྒྱལ་ནས་བསྐུལ་ངོར།  ངག་དབང་དབྱངས་ལྡན་དགྱེས་པའི་བློ་གྲོས་ནས་ཕུལ་བའོ།། སྤྱི་ལོ༢༠༡༢ལོར་བཤད་གྲྭ་གསར་དུ་བཙུགས་སྐབས་བྱ་རྒོད་མཁན་པོ་ནས་དམིགས་གསལ་གྱིས་དགེ་བཤེས་གཙུག་ཕུད་ཚུལ་ཁྲིམས་ལགས་ལ་རེ་བ་དང་བསྐུལ་འདེབས་ཡང་ཡང་ཞུས་པ་མ་ཟད་སྐབས་དེ་དུས་དམངས་སྒོར་ཁྲི་བཅུས་རོགས་རམ་དང་།  མ་ཚད་མཁན་པོ་གཡུང་དྲུང་ཉི་རྒྱལ་ལགས་ནས་སྒྲུབ་གྲྭ་གསར་འཛུགས་དང་།  དགེ་རྒན་ཆེན་མོ་རིན་ཆེན་བདུད་འདུལ་ལགས་ནས་བརྟན་འཇགས་ཀྱི་སློབ་གྲྭ་གསར་བཙུགས་ཐད་ལ་མཁན་བསམ་གཏན་གྱིས་དཀའ་བ་དང་ལེན་ངལ་བ་ཁྱད་བསད་ཀྱི་སྒོ་ནས་བཤད་སྒྲུབ་སློབ་གསུམ་གྱི་བསྟན་པ་དུས་ཐོག་གཅིག་ཏུ་འཛོམ་པའང་ཁོང་གི་བཀའ་དྲིན་བདག་རྐྱེན་བླ་མེད་མཛད་པ་ལ་བརྟེན་ནས་བྱུང་བ་ཞིག་ཏུ་ངེས།  ལྷག་པར་དུ་བྱ་རྒོད་མཆོག་སྤྲུལ་ལམ་མཁན་པོ་གཡུང་དྲུང་བསམ་གཏན་མཆོག་ནི་སངས་རྒྱས་ཀྱི་བསྟན་པ་སྤྱིར་དང་།  སྒོས་སུ་རང་དགོན་རྫ་སྟོད་ཁྲོ་ཚངས་དགོན་པ་འདི་ལ་དམིགས་ཀྱིས་བཀའ་དྲིན་ཆེ་སྟེ་བསྟན་པའི་སྦྱིན་བདག་ཆེན་མོར་མཛད་ནས་བཤད་སྒྲུབ་སློབ་གསུམ་གྱི་བསྟན་པ་མ་ཚུགས་པར་ཚུགས་པའི་ཐབས་དང་ཚུགས་པ་མི་ཉམས་ཤིང་གོང་ནས་གོང་དུ་འཕེལ་བའི་ཐབས་སུ་ཐུགས་ཁུར་ལྷག་བསམ་གཙང་མ་བཞེས་ཏེ་རོགས་རམ་རྒྱབ་སྐྱོར་གནང་བའི་རིམ་པ་ནི་དགོན་འདིའི་མ་ཡུམ་བཤད་སྒྲུབ་ནང་བསྟན་ལྔ་རིག་སློབ་གླིང་ལ་སྔ་ཕྱི་དམངས་སྒོར་ཁྲི་སུམ་ཅུར་ཉེ་བའི་འགྲོ་གྲོན་བཏང་བ་དང་། སློབ་ཆུང་ལྔ་རིག་འཕེལ་རྒྱས་སློབ་གླིང་ལ་སྔ་ཕྱི་དམངས་སྒོར་ཁྲི་བཅུ་ལ་ཉེ་བའི་འགྲོ་གྲོན་བཏང་། མཚན་འབར་རྟེན་དུ་མར་རྒྱ་མ་༡༨༠༠/ཕུལ་ནས་མཆོད་འབུལ་མཛད། ཁྲོ་དགོན་ལྷ་སྡེའི་གྲོང་གསེབ་ཏུ་དུང་འཁོར་གསུམ་བཞེངས་བསྐྲུན་གནངས། མ་ཡུམ་འབྲུག་གཡང་གི་སྐྱེ་རྟགས་སུ་དམིགས་ཏེ་སྐྱབས་འགྲོའི་གསེར་ཐང་སྤུས་ལྡན་གཅིག ཡབ་རྒན་སྦ་བའམ་ཨ་འཛོམ་ཆོས་ལྡན་གྱི་སྐྱེ་རྟགས་སུ་དམིགས་ཏེ་གསེར་ཟངས་ལས་གྲུབ་པའི་མཆོད་ཆ་ཆ་ཚང་། སྤྱིར་ཤི་གསོན་འབྲེལ་ཐོགས་ཀུན་ལ་དམིགས་ནས་གསེར་དངུལ་ལས་གྲུབ་པའི་སྤུས་ལྡན་རྒྱ་གླིང་ཆ།  དགོན་གཞུང་ལ་དམངས་སྒོར་ཁྲི་ལྔ།  སྐབས་དེར་འཆི་མེད་གྲུབ་བརྒྱའི་གཙུག་རྒྱན་སྲིད་ན་འགྲན་པའི་ཟླ་དང་བྲལ་བའི་ནམ་མཁའ་རྒྱལ་མཚན་རིན་པོ་ཆེ་དང་།  ཁྲོ་སྤྲུལ་སྐུ་ཕྲེང་ལྔ་པ་གཙུག་ཕུད་འོད་ཟེར་རིན་པོ་ཆེ།   བྱ་རྒོད་མཁན་པོ་གཡུང་དྲུང་བསམ་གཏན་མཆོག་བཅས་དམ་པ་གསུམ་གྱིས་དབུ་བླ་མཛད་ནས་སྒྲུབ་ཁག་གསུམ་གྱི་ལས་ཀྱི་འཕྱོངས་དགུའི་མཐར་ཕྱུང་ནས་མི་མཐུན་འགལ་རྐྱེན་ཐམས་ཅད་དབྱིངས་སུ་ཞི་ཞིང་མཐུན་པའི་ལེགས་ཚོགས་ཐམས་ཅད་བསྐལ་པའི་མཐར་གནས་ཆེད་ལ་དགོངས་ཏེ་དགོན་གླིང་དུ་མཆོད་རྟེན་ཆ་བརྒྱད་བཞེངས།  སྐབས་དེར་གྲུབ་རྗེ་མཆོག་གི་མདུན་ནས་རྫོགས་ཆེན་གྱི་ཉམས་ལེན་སྐོར་ནས་དམར་ཁྲིད་ཟབ་རྒྱས་ཞུས་པ་མ་ཟད་ཚེ་སྒྲུབ་བྱ་རི་མའི་བཀའ་དབང་ཞུས་ནས་དམར་ཟས་ལོ་དུ་མའི་རིང་དུ་བཅད།  སྤྱི་ལོ༢༠༠༨ལོར་རྫ་ཆུ་ཁའི་བླ་མ་པདྨའི་དྲུང་ནས་རྫོགས་པ་ཆེན་པོའི་ཁྲིད་གདམས་གང་མང་གསན་བཞེས་ཡང་དག་མཛད།  སྤྱི་ལོ་༢༠༡༠ལོར་ཁྲོ་ཚངས་དགོན་པའི་ལྷ་སྡེ་ཡོངས་ལ་ཉིན་བདུན་གྱི་རིང་དུ་བོན་བཤད་ཁྲིད་གནང་ནས་ཡུལ་དེའི་ཕོ་མོ་རྒས་གཞོན་ཐམས་ཅད་ལ་བོན་གྱིས་རྒྱུད་སྨིན་ནས་དུ་ཆང་དང་རྐུ་ཇག  ཤོ་རྒྱལ་སོགས་བྱ་ངན་གྱི་རིགས་མཐའ་ཡས་པ་འགོག་པས་གོང་རིམ་ཏང་སྲིད་ནས་དཔེ་བཟང་ཡང་ཐོབ།  སྤྱི་ལོ༢༠༡༣ལོར་ཡུལ་གྱི་འབྲོག་སྡེ་ཞིག་ཏུ་མི་ཤ་ཡོད་པའི་གྱོད་གཞི་ཆེན་པོ་ཞིག་གི་ཁར་ཕེབས་ནས་དགོན་ཁག་དུ་མའི་བླ་མ།  མཁན་པོ་སྤྲུལ་སྐུ་གང་མང་དང་མཉམ་དུ་འཛོམས་པའི་ཐོག་ཏུ་ལུགས་གཉིས་འགལ་མེད་དུ་གསུང་བཤད་ཟབ་མོ་གནང་ནས་ཕྱིས་གྱོད་འཕར་ལྡང་མི་ཡོང་བར་གཏན་པོ་མཛད།   འདིའི་སྔ་ཕྱི་རུ་འཚོགས་འདུ་ཆེ་ཆུང་གང་མང་གི་གྲས་སུ་ཕེབས་ནས་གསུང་བཤད་ཚིག་ཉུང་དོན་འདུས་པ་ཕྱོགས་གང་ཐད་ནས་མཐུས་ཚང་པར་གང་མང་གནང་མྱོང་།  སྤྱི་ལོ༢༠༡༤བླ་མ་གཡུང་དྲུང་རིན་ཆེན་དང་།  མཁན་པོ་གཡུང་དྲུང་ཉི་རྒྱལ་ཁོང་རྣམ་གསུམ་སྐྱབས་རྗེ་བོན་བརྒྱ་བླ་མའི་གྱ་སྟོན་ཁར་ཕེབས་ནས་སྐུ་ཉིད་ནས་བླ་མའི་བརྟན་བཞུགས་ལ་དམངས་སྒོར་ཆིག་ཁྲི་དང་། དར་ཟབ་གོས་ཡུག་གསུམ།  གསེར་སྐུ་སྤུས་བཟང་བཅས་འབུལ།  སྤྱི་ལོ༢༠༡༤ལོར་དགོན་འདིར་སྣང་ཞིག་སྐྱབས་མགོན་ཕེབས་ཚེ་བླ་མ་བྱ་ཁྲོ་རྣམ་གཉིས་ནས་སྣེ་ལེན་ཟབ་རྒྱས་བྱས།  ལོ་དེར་དབྲ་སྲས་ཡིད་བཞིན་དབང་རྒྱལ་སྙུང་གཞིའི་རིམ་གྲོར་བྱ་རྒོད་བླ་མ་ཁོང་གིས་ཡི་དམ་དབལ་ཕུར་ནག་པོའི་སྒྲུབ་པ་ལས་མཐའ་ཆ་ཚང་མཛད་ནས་དབྲ་སྲས་མཆོག་སྙུང་གཞི་སངས་དྲག་བྱུང་བར་སྐུ་མཆེད་རྣམ་གཉིས་ནས་ཁོང་ལ་བཀའ་དྲིན་ཡང་ཡང་ཞུས།  སྤྱི་ལོ༢༠༡༥ལོར་དགོན་པའི་འཆམ་ར་བསྐྱར་བཞེངས་མཛད་དེ་བླ་མ་བྱ་ཁྲོ་རྣམ་གཉིས་ནས་ཐུགས་འགན་ཚད་མེད་བཞེས།  ལོ་དེར་གླིང་ཚང་རྒྱལ་པོ་སྐུ་གཤེགས་ནས་ཁོང་ཉིད་གཙོས་དཔོན་གཡོག་གསུམ་ཕེབས་ནས་དངོས་རྫས་ཅི་རིགས་འབུལ་ཏེ་གླིང་ཚང་རྒྱལ་སྲས་ཞལ་བཞུགས་པ་དང་ཐུགས་ནང་གཤིན་པོར་གྱུར།  ལོ་དེར་འབུམ་མདའི་གཡང་ཁང་རབ་གནས་ཁར་ཤར་རྫའི་རྒྱལ་ཚབ་གཙོས་རྫ་ཡུལ་གྱི་བོན་དགོན་ཁག་གི་མཁན་སྤྲུལ་ཡོངས་དང་ཞལ་འཛོམ་ཐོག་ནས་མང་ཚོགས་ལ་དགེ་བསྐུལ་དང་འཕོ་ཁྲིད་སོགས་མཛད་པ་བླ་མེད་བསྐྱངས།  ཡང་དེ་ལོར་འབྲི་མདའ་སྡེ་བའི་རེ་ཞུས་བཞིན་ཁྲོ་སྤྲུལ་སྐུ་ཕྲེང་ལྔ་པ་དང་ཁོང་རྣམ་གཉིས་ཕེབས་ཏེ་སྒྲུབ་ཁག་གཉིས་བསྒྲུབས་པས་ཕན་པར་རྒྱ་ཆེར་བྱུང་།  སྤྱིར་ས་གནས་འདིར་བླ་ཆེན་ཕེབས་པའི་སྐོར་ལ་ཞབས་ཕྱི་ཞུས་རིམ་ནི།  སྐྱབས་རྗེ་རྒྱལ་བ་སྨན་རི་བའི་ཁྲི་འཛིན་སོ་གསུམ་པ་ལུང་རྟོགས་བསྟན་པའི་ཉི་མ་གངས་ལྗོངས་སུ་ཆིབས་བསྐྱོད་གནང་སྐབས་དགོན་འདིར་ཞབས་སོར་འཁོད་ཚེ་བླ་མ་བྱ་ཁྲོ་རྣམ་གཉིས་ནས་གུས་བསུ་ཞུས་ཏེ་མཎྜལ་དངོས་འབུལ་མཆོད་ཚོགས་ཟབ་རྒྱས་འབུལ་བ་དང་།  དེ་བཞིན་བོན་གྱི་སྐྱེས་ཆེན་མཁས་དབང་བོན་བརྒྱ་རིན་པོ་ཆེ་འདིར་ཕེབས་པའི་སྐབས་སུ་བྱ་རྒོད་བླ་བྲང་གིས་སྣེ་ལེན་གྱ་ནོམ་པ་བྱས།  མདོ་སྨད་སྨྲ་སེང་རྣམ་གསུམ་གྱི་ཡ་གྱལ་ཡོངས་ཀྱི་དགེ་བའི་བཤེས་གཉེན་ཆེན་མོ་རྗེ་བཙུན་ནམ་མཁའ་ཚུལ་ཁྲིམས་རིན་པོ་ཆེ་གནས་འདིར་ཞབས་བཅགས་སྐབས་སུ་བྱ་རྒོད་བླ་བྲང་གིས་སྣེ་ལེན་དང་ཞབས་ཞུ་ཞུས།  རེབ་གོང་ཨ་ལགས་གཡུང་དྲུང་ལྷུན་གྲུབ་དགོན་འདིར་ཕེབས་ཚེ་བྱ་ཁྲོ་གཉིས་ནས་སྣེ་ལེན་ཟབ་མོ་བྱས་ཞིང་སྐྱེས་ཆེན་དེ་རྣམས་དང་བླ་སློབ་བར་གྱི་དམ་ཚིག་གི་འབྲེལ་བ་ཟབ་ནན་མཛད།  ཁྲོ་དགོན་ཞིང་སྒྲུབ་ལྷ་ཁང་གི་ཚད་གཞི་དང་བསྟུན་ཏེ་ཀ་རིང་བཅུ་བཞི་སྤུས་ཚད་དང་ལྡན་པ་རྒྱུ་ཚགས་དང་བཅས་བསྟན་བཞག་མཛད།  རྫ་སྟོད་ཀ་ཐོག་དགོན་པའི་བཤད་གྲྭ་ཚང་ལ་སྒོར་ཁྲི་གསུམ་བཞག  སྤྱིར་ཕྱོགས་ཀྱི་དགོན་ཁག་དུ་མ་ཞིག་ལ་རྟ་ཟོག་རྒྱུ་འབྱོར་ཕུན་སུམ་ཚོགས་པས་དངོས་འབུལ་བགྱིས་ཏེ་ཚོགས་བསགས་སྒྲིབ་སྦྱོང་དཔག་མེད་མཛད། མ་ཚད་ཁྲོ་དགོན་བཤད་སྒྲུབ་སློབ་གསུམ་དང་དབྱར་གནས་ཚང་བཅས་ལ་ནམ་རྒྱུན་སྤྲོ་གསེང་དང་བསྟུན་ནས་ཕྱག་ཟུང་ཡངས་པོར་ཕྱེས་ཏེ་གསོལ་འདྲེན་སྐུ་འགྱེད་མང་ཇ་ཐུགས་དགྱེས་པའི་མཆོད་པར་བྱས། བན་བོན་རིས་སུ་མ་ཆད་པར་ཕྱོགས་སོ་སོར་ནས་སྲི་ཅན་བྱིས་པ་སྐྱབས་བཅོལ་བྱུང་རིགས་ཁྲི་གཅིག་ལྷག་དང་།  མ་ཚད་ནད་པ་གདོན་ཅན་སྟོང་ཡར་མར་ཚེ་སྲོག་སྐྱབས་བཅོལ་བྱུང་བ་དག་ལ་ཚེ་བསྲིང་ཤིང་སྲོག་བསྐྱབས་པའི་བཀའ་དྲིན་འཇིགས་པ་བརྒྱད་ལས་སྐྱོབ་པའི་ལྷ་མཆོག་དངོས་ཀྱི་ཕན་ཐོགས་དང་བྱིན་རླབས་ཆེ་བའི་རྣམ་ཐར་རྨ་མེད་དེ་དག་སྒྲོ་བཏགས་དང་འུར་གཏམ་མ་ཡིན་པར་འཇིག་རྟེན་འདིར་དངོས་སུ་མིག་གི་མཐོང་ཡུལ་དང་རྣ་བའི་ཐོས་ཡུལ་དུ་གྱུར་ཏེ་སྣང་སྲིད་ལྷ་སྲིན་སྡེ་བརྒྱད་ཀུན་ལ་བཀའ་དབང་བཙན་པའི་མཐུ་དང་ནུས་པ་སྟོབས་དང་བྱིན་རླབས་གྲུབ་པའི་རྟགས་མཚན་སོགས་ཐུན་མོང་མ་ཡིན་པའི་ཕན་འབྲས་དང་བདེ་སྐྱིད་བསྐྲུན་ཐུབ་པ་ནི་རྒྱལ་སྲས་བྱང་ཆུབ་སེམས་དཔའི་མཛད་ཕྲིན་དག་མ་རྫུན་ཚིག་དང་ངོ་བསྟོད་ཙམ་མིན་པར་ཡིད་ཆེས་བདེན་གཏམ་གྱི་གནས་སོ། །རང་ཡུལ་གྱི་དད་སྦྱིན་འཆི་མེད་རྣམ་རྒྱལ་ཚང་གི་བུ་མོ་ཞིག་ལྷ་འདྲེས་དངོས་སུ་བཟུང་སྐབས་གསུར་དང་ལུས་སྦྱིན་བསྔོས་ཏེ་དམིགས་མེད་ཟིལ་གནོན་གྱི་དགོངས་པས་མ་ཤི་གསོན་པོ་དངོས་སུ་ཚུར་བཀུགས་ཏེ་བླ་ཚེ་སྲོག་གསུམ་བརྟན་པར་བྱུང་། དེ་དང་རང་ཡུལ་གྱི་དད་སྦྱིན་རིག་དགའ་གྲགས་པ་ཚང་གི་བུ་མོ་ཞིག་གཞི་བདག་གི་བཀའ་ཆད་ཕོག་སྟེ་ངག་ལྐུགས་སྐབས་བཀའ་བགོ་ཚེ་འགུགས་མནོ་ཁྲུས་མ་ཚད་གཞི་བདག་ལ་བསང་དང་གཏོར་མ་གསེར་སྐྱེམས་མཛད་པའི་མོད་ལ་ལྐུགས་ཁ་སངས་བ་སོགས་ངོ་མཚར་ཆེ་བའི་རྣམ་ཐར་དེ་དག་རྫུན་གཏམ་མིན་པ་དེ་གའི་ཡུལ་མི་དག་གིས་མཁྱེན་གསལ་ལྟར་ལགས།  སྤྱིར་ས་ཐག་རིང་ཐུང་ཀུན་ནས་དེ་འདྲའི་དགེ་མཚན་ཆེ་བའི་རྣམ་ཐར་དང་ལོ་རྒྱུས་ཆེས་མང་ཡང་དེ་ཙམ་གྱིས་ཆོག་པར་བྱས།  སྤྱི་ལོ་༢༠༡༦/ལོར་ཆུང་དགའ་ཞེས་བྱ་བ་ཁོང་གི་ཨ་ནེ་མ་ཞིག་ཚེ་ལས་འདས་ཏེ་བེམ་པོ་བྱ་སྦྱིན་བྱེད་སྐབས་བྱ་མ་ལོན་ནས་ཨ་ནེའི་རོ་སྟེ་མྱི་ཤ་བཞེས་ནས་བྱ་སྣ་དྲངས་ཏེ་བྱ་སྦྱིན་བྱས་པའང་དངོས་གནས་བསླུ་མེད་དྲངས་བདེན་གྱི་མཛད་ཕྲིན་ཏེ་གཅོད་བླ་རོ་ཁུར་གྱི་བན་རྒན་ཡུལ་འདིར་ཆེས་བཀའ་དྲིན་ཆེ་བ་ཞིག་ཀྱང་ཡིན།  སྤྱིར་འཇིག་རྟེན་མི་ལུགས་དང་དམ་པ་ལྷ་ལུགས་མི་སྡེ་དང་ལྷ་སྡེ་རྒྱ་བོད་མཐོ་དམན་བར་གསུམ་མཐུན་སྒྲིལ་དང་འཆམ་མཐུན་ཤེས་འཇོན་ནུས་གསུམ་ངག་གི་སྨྲ་སྒོ་ཡིད་ཀྱི་དྲན་སྒོ་ལུས་ཀྱི་སྤྱོད་ལམ་སོགས་གང་ཐད་ནས་ཁྱད་དུ་འཕགས་པའི་དམ་པའི་སྐྱེས་བུ་ཡུལ་དགོན་གཉིས་ཀྱིས་སྐྱིད་ན་དགོད་ས་སྡུག་ན་ངུ་སའི་གནས་ལྟ་བུ་ཞིག་ཏུ་གྱུར་ཡོད།  སྤྱི་ལོ་༢༠༡༠/ལོར་ཡབ་རྒན་གྱི་སྐུ་ལ་སྙུང་གཞི་ཕོག་སྟེ་ཁོང་དང་སྲིང་མོ་ཆུང་བ་བྱམས་ལྡན་ལྷ་མོ་གཉིས་ཀྱིས་ཞབས་ཕྱི་ཞུས་ཏེ་རྒྱ་ནག་སྤོས་ལྡན་གྱི་སྨན་ཁང་ནང་དུ་ཟླ་བ་གཅིག་གི་རིང་དུ་བཞུགས་ནས་སྙུང་བ་གཞི་ནས་དྭངས་ཏེ་ཁོང་ཡབ་སྲས་གསུམ་པོ་ཕྱིར་སྐུ་ཡུལ་དུ་ཕེབས་ནས་གཉེན་ཉེ་ཡོངས་ཀྱིས་དགའ་སྐྱིད་དཔལ་ལ་རོལ་ནས་བཞུགས། སྤྱི་ལོ་༢༠༡༤/ལོར་འབྲེལ་ཐོག་སེམས་ཅན་ཀུན་ལ་དམིགས་ནས་ཡབ་རྒན་ལ་ཞབས་ཕྱི་ཞུས་ཏེ་མཁའ་འགྲུལ་རྒྱུད་ནས་ཉི་མ་ལྷ་སར་ཕེབས་ནས་དེ་གའི་དགོན་པ་ཁག་དང་གནས་རི་དག་ལ་མཇལ་སྐོར་དང་ཇོ་ཤག་རྣམ་གསུམ་སོགས་ལ་གསེར་ཞལ་ཕུལ་བ་དང་མཆོད་འབུལ་རྒྱ་ཆེར་མཛད།   མ་ཚད་མར་མེ་ཁ་གསོ་སྟེ་དཀོན་མཆོག་གི་ཕྱོགས་ལ་མཆོད་པ་དང་།  མ་ནུས་ཕྱོགས་ལ་སྦྱིན་པ་བཏང་བ་སོགས་མཆོད་སྦྱིན་བླ་མེད་བྱས།  སེར་འབྲས་དགའ་གསུམ་སོགས་ལ་གནས་མཇལ་སྐོར་བ་བགྱིས་ཏེ་ཚོགས་གཉིས་ཀྱི་དགེ་བ་བླ་མེད་བསྒྲུབས་ཏེ་ཕ་མའི་གཙོས་འབྲེལ་ཐོག་སེམས་ཅན་ཡོངས་ལ་བསྔོ་སྨོན་ཟབ་རྒྱས་གནང་སྟེ་ཐུགས་སྤྲོ་བ་དང་བཅས་མཁའ་འགྲུལ་བརྒྱུད་དེ་ཕྱིར་རང་གནས་སུ་ཞབས་འཁོད་གནང་སྟེ་ཞལ་འདོན་དགེ་སྦྱོར་ཁོ་ནས་སྐུ་ཚེ་དོན་ཡོད་བྱས། ཁྱད་པར་དུ་སྐུ་མཆེད་རིག་འཛིན་ཆོས་འཕེལ་ལགས་ཀྱིས་ལོ་ངོ་བདུན་གྱི་རིང་མཁས་དབང་བསྟན་པ་རབ་བརྟན་ལགས་དགེ་རྒན་བསྟེན་ཏེ་ཕུལ་བྱུང་སློབ་མའི་རྒྱུགས་འཕྲོད་དེ་སྒྱུ་རྩལ་ཐང་ཀའི་རབ་འབྱམས་པའི་སློབ་མཐར་ཕྱིན་པ་དང་གཅིག་ཏུ་ཁེལ་ཏེ་དགེ་སློབ་ཡོངས་ལ་རྟེན་འབྲེལ་དགའ་སྟོན་སྐུ་འགྱེད་འགྲོ་གྲོན་ཡོངས་རྫོགས་རོགས་རམ་རྒྱབ་སྐྱོར་དཔག་མེད་མཛད་ནས་ཁོང་ཡབ་སྲས་རྣམ་གསུམ་མཁའ་འགྲུལ་རྒྱུད་དེ་བདེ་ལེགས་ངང་ཕྱིར་རང་དགོན་དུ་ཕེབས་ཐུབ་པ་བྱུང་།  སྤྱི་ལོ་༢༠༠༡/ལོར་སྐུ་མཆེད་ཆུང་བ་འཆི་མེད་རྡོ་རྗེ་ཁྲིམས་མཐུན་ལྟར་གོང་དུ་ལམ་ཡིག་ཞུས་ནས་ལྷ་སར་བསྐྱལ་ཏེ་རོགས་རམ་རྒྱབ་སྐྱོར་དཔལ་འབྱོར་ལུགས་གཉིས་ཀྱི་ལམ་སྟོན་བཀའ་དྲིན་ཉེར་ལེན་ལ་བརྟེན་ནས་རྒྱ་གར་དུ་བཏང་ནས་སྨན་དགོན་དུ་གྲྭ་སར་བཞག་སྟེ་རབ་འབྱམས་པའི་མཚན་རྟགས་བཞེས་རྒྱུར་ཉེ་བ་ཞིག་བྱུང་ཡོད། སྤྱི་ལོར༢༠༡༦ལོར་མཐོ་རིམ་གྱི་ཁྲིམས་མཐུན་ལྟར་ལམ་ཡིག་ཞུས་ཏེ་ཆོག་མཆན་སྤྲད་ནས་གདུང་སྲས་འབྲིང་ཤོས་མཁན་བསམ་གཏན་གྱིས་ཡབ་རྒན་ལ་ཞབས་ཕྱི་ཞུས་ཏེ་ཐེ་ལན་རྒྱལ་ཁབ་ལ་མཁའ་འགྲུལ་བརྒྱུད་དེ་ཡུལ་སྐོར་སྤྲོ་འཁྱམས་གནས་མཇལ་ཕྱག་སྐོར་མཆོད་སྦྱིན་སྒྲིབ་སྦྱོང་གི་ཆེད་དུ་འགྲོ་གྲོན་མི་དམན་པ་བཏང་སྟེ།  སླར་རང་གནས་སུ་བདེ་བར་འབྱོར།   སྤྱིར་ཕ་མའི་དྲིན་ལན་དུ་དམིགས་ཏེ་ཡབ་རྒན་ལ་ཞབས་ཕྱི་གང་ཐུབ་ཀྱིས་ཁྲིམས་མཐུན་ལྟར་ཕྱི་ཕྱོགས་རྒྱ་ཁབ་དག་ལ་གནས་མཇལ་མཆོད་འབུལ་འབྱོན་རྩིས་བཅས་བཞུགས།     སྤྱི་ལོ་༢༠༡༤/ཟླ་བ་༡༢/ཚེས་༧/ནས་བཟུང་ཉིན་མང་པོ་ཞིག་གི་ཚེ་ཁམས་ཡན་ལག་ཚོགས་པའི་འཆར་གཞི་ལྟར་མཁན་པོ་བསྟན་འཛིན་རྣམ་དག་དང་།  དགེ་བཤེས་ཚེ་རིང་འགྱུར་མེད་རྣམ་གཉིས་དང་མཉམ་དུ་སྡེ་དགེ་དང་དཔལ་ཡུལ་ཕྱོགས་ཀྱི་དགོན་སྡེ་ཁག་གི་སྐྱ་སེར་དག་ལ་ལུགས་གཉིས་ཀྱི་བསླབ་བྱ་དང་དབང་ལུང་མན་ངག་སོགས་བོན་གྱི་སྦྱིན་པའི་ཆར་ཆེན་འབེབས་པར་བྱས་སོ།  ། སྤྱི་ལོ་༢༠༡༤/ཟླ་བ་༡/ཚེས་༡༠/ལ་ཁམས་དགེ་སྡེ་རིན་སྤུངས་དགོན་པས་དར་གདུགས་རོལ་མོས་སྣ་དྲངས་ནས་ཆིབས་བསུ་རྒྱ་ཆེ་བཅས་དགོན་དེར་ཞབས་སོར་འཁོད་དེ་གའི་བན་བོན་རིས་མེད་ཀྱི་སྐྱ་སེར་དག་ལ་ཉི་མ་བདུན་གྱི་རིང་ལ་བདེ་ཆེན་ཞིང་སྒྲུབ་འཚོགས་ནས་སྒྲིབ་སྦྱོང་གི་བཀའ་དབང་ཟབ་མོ་གནངས། རིན་སྤུངས་མཆོག་སྤྲུལ་བཤད་སྒྲུབ་བསྟན་འཛིན་དང་།  རི་བླ་དོན་ཡང་རྣམ་གཉིས་བཀའ་དགོངས་ལྟར་རྫོང་སར་མཁན་ཆེན་ཕུན་ཚོགས་རྣམ་རྒྱལ་དང་མཇལ་འཕྲད་གནང་སྟེ་སྔ་ནས་ད་ལྟའི་བར་སྤྱིར་བོན་པོ་དང་ཁྱད་པར་དུ་རིན་སྤུངས་དགོན་དང་།  རྫོང་སར་དགོན་པ་ཁག་གཉིས་ཀྱི་མཐུན་ལམ་བཟང་པོར་ཡོད་པ་ཇེ་བརྟན་དང་ལེགས་ལམ་ཡོང་ཆེད་ཐུགས་ནང་གཤིན་པོའི་སྒོ་ནས་བཀའ་མོལ་གང་ཟབ་གནང་།     སྤྱི་ལོ་༢༠༡༤/ཟླ་བ་༡༡/ཚེས་༡༩/ཉིན་ནས་བཟུང་རྫ་འབུམ་རྨད་དགོན་དུ་ཉི་མ་བདུན་གྱི་རིང་ལ་བདེ་ཆེན་ཞིང་སྒྲུབ་འཚོགས་ཏེ་སྨོན་ལམ་མཐའ་ཡས་ཀྱི་དབང་དང་།  སྔོན་འགྲོ་འབུམ་དགུའི་ཁྲིད་དང་།  དངོས་གཞི་འཕོ་བ་ཞི་གནས་ལྷག་མཐོང་བཀའ་ལུང་མན་ངག་ཟབ་མོའི་བོན་སྦྱིན་མཛད་དེ་དགོན་གྲོང་མཐའ་དག་གི་ཡིད་རབ་ཏུ་ཚིམས་པར་བྱས།  ཞོར་དུ་གླིང་ཞིག་བླ་མ་སྨོན་ལམ་བསྟན་འཛིན་མཆོག་གི་མདུན་ནས་ཀྱེ་མ་འོད་མཚོའི་དབང་ལུང་ཆ་ཚང་གསན་གནང་མཛད།  ལྷག་པར་དུ་གཙུག་ལག་ཁང་གསར་བཞེང་ཐད་ལ་རོགས་རམ་རྒྱབ་སྐྱོར་དཔག་མེད་གནངས་ཏེ་བཀའ་དྲིན་ཆེ་བར་བྱུང་། དུས་ལྟར་ཁྲོ་དགོན་སྐྱ་སེར་ཡོངས་དང་།  ཁྲོ་ཤུལ་གོང་འགབ།  དབོན་པོ་དགེ་གོང་འགབ། འབུམ་གསར་རྙིང། ཁྲོམ་རྫ་གོང་འགབ་དཔོན་སྐོར་ཝ་ཤུལ་ཆེ་བོ་ཤག་ཚ་ཟོག་པ་གོང་འགབ།  སྟག་དགོན་ཡ་དེང་སོགས་བན་བོན་ཀུན་གྱི་སྐྱ་སེར་ཡོངས་ལ་བཀའ་གསུང་བསླབ་བྱ་དབང་ལུང་མན་ངག་ཁས་ལེན་དམ་བཅའ་སེམས་ཁྲིད་དངོས་གཞི་འཕོ་བ་ཟབ་གདམས་ཕུན་སུམ་ཚོགས་པས་རྒྱུད་མ་སྨིན་པ་སྨིན་པར་བྱས་སྨིན་པ་གྲོལ་བར་བྱས་དང་བྱེད་བཞིན་བཞུགས། སྤྱི་ལོ༢༠༡༨ཟླ་བ༢པའི་ཚེས༣ཉིན་མཁན་པོ་ཉི་མ་རྒྱལ་མཚན་གྱི་རེ་བསྐུལ་བཞིན་ཚབ་ཚྭ་དགོན་དུ་ཕེབས་ནས་ཚབ་ཚྭ་སྒྲུབ་རྒན་རིན་པོ་ཆེ་དབུ་བཞུགས་ཐོག་ཉེ་བའི་དགོན་ཁག་གི་མཁན་པོ་རྣམས་གདན་ཞུས་ལྟར་ཁོང་ཉིད་སྐུ་ཆེད་ཕེབས་གནང་ནས་སྦྲག་སྐད་འགོག་ཐབས་དང་རང་སྐད་ཡར་རྒྱས་ཀྱི་སྐོར་ནས་གསུང་བཤད་རྒྱ་ཆེར་མཛད།  རྫ་ཁྲོ་ཚངས་དགོན་པའི་ངོས་ནས་ལམ་མདོ་ཡུལ་ཚོ།  ཨ་ཕྱུག་གྲོང་བརྡལ། སྡེ་དགེ་རྫོང་། དར་མདོ་ཁུལ་མ་ཚད་ཞིང་ཆེན་སོགས་ཀྱི་ཚོགས་པ་དང་བགྲོ་གླེང་ཆེ་ཆུང་གང་མང་ལ་ཕེབས་ཏེ་ལུགས་གཉིས་ཀྱི་གསུང་བཤད་གནད་ལ་འཁེལ་བ་དོན་ལ་སྨིན་པ་སྟེ་སྤྱིར་སངས་རྒྱས་ཀྱི་བསྟན་པ་དང་སྒོས་སུ་གཡུང་དྲུང་བོན་གྱི་བསྟན་པའི་དར་ཆེན་མཁའ་རུ་བསྒྲེངས་ནས་བསྟན་འགྲོའི་དོན་དུ་སྐུ་འཚོ་བཞེས་བཞུགས།  བླ་མ་ཁོང་ནི་སྤྱིར་བསྟན་པ་དང་འགྲོ་བ་ལ་ཕན་ཐོག་ཡོད་པའི་མཛད་པ་ཕྲིན་ལས་ཆེ་ཆུང་གང་ལ་ཡང་མི་འཛེམ་པར་རྒྱུ་ནོར་གྱི་གཏོང་ཕོད་ཆེ་ཞིང་གཞན་ཕན་གྱི་ལྷག་བསམ་གཙང་བའི་སྒོ་ནས་སྤྱི་སྒོས་གང་ལའང་བཀའ་དྲིན་བསྐྱངས་བ་བརྗོད་ལས་འདས།  ལྷག་དོན་ཤེས་ཡོན་གྱི་ཕྱོགས་ལ་ཐུགས་མོས་ཤིན་ཏུ་ཡོད་སྟབས་སློབ་གྲྭའི་མཐུན་རྐྱེན་དང་དཔེ་དེབ་བསྐྲུན་སྦྱོར་གནང་མཁན་དག་ལ་དམངས་སྒོར་གྲངས་ལས་འདས་པའི་བསྟན་སྦྱིན་མཛད་ཟིན་ཡོད།    དེ་མཐུན་དུ་གནའ་རབས་བདེན་པའི་ལོ་རྒྱུས་འཚོལ་བསྡུར་འཚོགས་པའི་དཔེ་བསྐྲུན་བྱེད་བཞིན་པའི་ལོ་དེབ་རྒྱང་མིག་འདོན་ཐེངས་ལྔ་བའི་འགྲོ་གྲོན་ཡོངས་རྫོགས་ཁོང་གིས་གནང་བར་བཀའ་དྲིན་དང་གུས་འདུད་གྲངས་མེད་ཞུ་ཞིང་མཛད་འཕྲིན་སྲིད་མཐར་གསལ་བ་དང་སྐུ་ཚེ་བསྐལ་བརྒྱར་བརྟན་པའི་སྨོན་པ་ཡང་ཡང་ཞུས་ཞེས་དེབ་འདིའི་ལས་སྣེའི་ཟུར་འདེགས་པ་དབྲ་དཀར་གཞན་ཕན་ཤེས་རབ་ཀྱིས་སྤྱི་ལོ༢༠༡༨ལོའི་ཟླ་བ༢ པའི་ཚེས ༣ ཉིན་སྔར་གཞན་གྱིས་བྲིས་ཟིན་གང་མང་བཞུགས་པར་གཞིར་བྱས་ཐོག་མྱུར་དུ་བྲིས་པ་དགེ་གྱུར་ཅིག

དཔྱད་མཆན་སྤེལ།

གློག་འཕྲིན་ཀུན་པོར་མི་བསྒྲགས། རྟགས * ཅན་ངེས་པར་དུ་བླུགས་དགོས།