ཚུལ་ཆེན་སྐུ་ཕྲེང་གསུམ་པའི་རྣམ་ཐར།

ཚུལ་ཆེན་སྐུ་ཕྲེང་གསུམ་པའི་རྣམ་ཐར།

དབྲ་དཀར•གཞན་ཕན་ཤེས་རབ། རྫ་སྟེང་ཆེན་དགོན།

401950428988708138

       ཚུལ་ཆེན་སྐུ་ཕྲེང་གསུམ་པ་ཐེག་མཆོག་བསྟན་པའི་ཉི་མ་ནི།  ཡུལ་ཤར་རྫ་གཡུང་དྲུང་ལྷུན་པོའི་ཉེ་གནས་གནམ་འཁོར་ལོ་རྩིབས་བརྒྱད་དབྱིབས་ཅན་གྱི་འོག ས་པདྨ་འདབས་བརྒྱད་ཀྱིས་མཚོན་པའི་ཡང་སྟེང་། བར་བཀྲ་ཤིས་རྫས་བརྒྱད་ཀྱིས་དངོས་སུ་བརྒྱན་པའི་དགེ་མཚན་ཅན་གྱི་ཡུལ་གྲུ་ཕུན་སུམ་འཚོགས་པའི་ཞིང་མཆོག་ཁྱད་པར་བ་ཏིང་ནང་ཞེས་པའི་གྲོང་སྡེར་ཡབ་དད་པ་ལྡན་ཞིང་ལྷག་བསམ་གཙང་བའི་ཨ་འབུམ་དང་། ཡུམ་བོ་དགའ་ལྷ་མོ་གཉིས་ཀྱི་སྲས་སུ་རབ་བྱུང་བཅུ་དྲུག་པའི་དབང་ཕྱུག་ཅེས་པ་མེ་མོ་གླང་སྤྱི་ལོ༡༩༣༧ལོར་གཟུགས་སྐུ་དཔག་བསམ་ལྗོན་པའི་དབང་པོ་ནོར་འཛིན་སྒེག་མོའི་ཁྱོན་ན་ཡོངས་སུ་འཁྲུངས་པར་གྱུར། དེ་ནས་རྒྱལ་ཚབ་བློ་གྲོས་རྒྱ་མཚོ་དང་། ཀུན་གྲོལ་འགྲོ་འདུལ་གླིང་པ། རྒྱལ་སྲས་བསྟན་འཛིན་བཟང་པོ་སོགས་སྐྱེས་ཆེན་དུ་མས་བུ་འདི་བདག་སྐྱོང་དང་བཙའ་རྫི་ལེགས་དགོས་མ་འོངས་པར་བསྟན་འགྲོའི་དོན་ཆེན་ནུས་པའི་སྐྱེས་བུ་ཞིག་ཡིན་གསུངས། དེ་མཚམས་རབ་བླ་གྲུབ་ཆེན་ལྷ་མགོན་གྱིས་སྲས་ལ་སྐུ་སྲུང་གསུང་བའི་ནུབ་མོར་ཤར་ནས་དྲེའུ་དམར་རྒྱན་ལྡན་ཞིག་གིས་འཚེར་སྐད་འབྱིན་པ་མནལ་ལམ་དུ་བྱུང་བས་སྲས་འདིའི་སྐུ་བདག་ཤར་ནས་འབྱུང་། སྐུ་བདག་དེ་ཡང་དྲེའུ་དམར་མཆོད་མཁན་ཞིག་ཡིན་པ་ལུང་བསྟན་གནང་། དེ་ནས་རྟོགས་ལྡན་དགོན་ཆེན་གྱིས་གྲུབ་ཆེན་རྡོ་རྗེ་དགྲ་འདུལ་ལ་ཚུལ་ཆེན་མཆོག་སྤྲུལ་ག་འཁྲུངས་ཞུས། གྲུབ་ཆེན་གྱིས་མཁའ་འགྲོའི་བརྡ་འདི་ལུང་བསྟན། ལྷོ་གཡུ་འབྲུག་སྤྲིན་ཆར་འདྲེས་མའི་ཀློང་། །དཔལ་དགེ་ཐང་པདྨ་རྒྱས་པའི་ཚལ། །མགོན་རྗེ་བཙུན་ཟླ་བའི་ཟུར་ཕུད་ཅན། །ཐབས་ཤེས་རབ་ཨ་ད་ཀ་ཡི་རིགས། །སྲས་མྱུ་གུ་བ་དེ་གླང་ལོ་བ། །ལྷ་དབང་ཕྱུག་ཆེན་པོས་སྡོང་གྲོགས་བྱེད། །ཐབས་ལྡན་པའི་ལྕགས་ཀྱུས་འགུགས་སྲིད་ན། །དགེ་མཚན་དང་བཀྲ་ཤིས་གཡས་སུ་འཁྱིལ། །ཞེས་པའི་ལུང་བཞིན་རྟོགས་ལྡན་དགོན་གྱི་བླ་གྲྭ་གསུམ་ཤར་རྫའི་རི་ཁྲོད་དུ་སྤྲུལ་སྐུ་བཙལ་དུ་འབྱོར་ཚེ་རྒྱལ་ཚབ་བླ་མས་དགྱེས་ཚོར་གནང་ནས་ལུང་བསྟན་ལེགས་གསུངས། སྤྲུལ་སྐུ་ཤར་རྫ་རི་ཁྲོད་དང་རྫ་སྟེང་ཆེན་དགོན་གཉིས་ཀྱི་མཆོད་ཡོན་ཏིང་ནང་ཞེས་པའི་གྲོང་གི་ཁྱིམ་གཞིས་འབྱོར་ལྡན་ཞིག་ནས་མཇལ། དེ་ནས་དབྲ་སྟོན་བསྐལ་བཟང་བསྟན་པའི་རྒྱལ་མཚན་གྱིས་མཚན་ལ་འཆི་མེད་བློ་གཏེར་དབང་པོའམ་འཆི་མེད་ཐེག་མཆོག་བསྟན་པའི་ཉི་མ་ཞེས་གསོལ་ཏེ་ཞབས་བརྟན་གསོལ་འདེབས་འདི་ཕུལ། ཨེ་མ་ཧོ། འཆི་མེད་རྒྱལ་བའི་བློ་གྲོས་ཆུ་གཏེར་ལས། །སྨྲ་བའི་དབང་པོ་གངས་ཅན་གསལ་བའི་སྒྲོན། །ཐེག་མཆོག་བསྟན་པའི་པད་ཚལ་བཞད་པའི་གཉེན། །ཡོངས་ཤར་ཉི་མའི་རྒྱལ་པོར་གསོལ་བ་འདེབས། །གང་གི་ཞབས་ཟུང་ཟླ་བ་གཞོན་ནུའི་ཁམས། །སྐྱེ་རྒུའི་གཙུག་གི་རྒྱན་དུ་རྟག་བཞུགས་ནས། །ཕན་བདེའི་ཕྲིན་ལས་འོད་སྣང་ཕྱོགས་ཀུན་ཁྱབ། །དགེ་ལེགས་འདབ་བརྒྱ་རྟག་ཏུ་རྒྱས་གྱུར་ཅིག ། ཅེས་པའི་ཞབས་བརྟན་གསོལ་འདེབས་འདི་ནི་ཉི་ཟླའི་གཟུགས་སུ་བཀོད་དེ་ཕུལ། དེ་ནས་དགུང་ལོ་གསུམ་གྱི་དུས་སུ་ན་བཟའ་གསོལ་ཏེ་རྔ་ཡུལ་དུ་ཆིབས་བསྐྱོད་གནང་གྲབ་མཛད་དུས་མ་རྒན་ཤིན་ཏུ་ནས་སྐྱོ་སྟེ། ཁོ་རང་ལ་བུ་འདི་ལས་མེད་ཁོག་པའི་སྙིང་དང་དཔྲལ་བའི་མིག་ལྟ་བུའི་བུ་འདི་ཨ་མདོ་ན་ས་ཐག་རིང་པོ་ཡིན་པས་དེར་བྱོན་སོང་ན་ཤུལ་ལུས་མ་རྒན་ཁོ་སྙིང་རྗེ་བསམ་ནས་མིག་ཆུ་གཏོར། དགུང་ལོ་གསུམ་ལས་མ་ལོན་ཀྱང་མ་རྒན་གྱི་མིག་ཆུ་ཕྱིས་ནས་ཨ་མདོའི་ཡུལ་ན་འགྲོ་དོན་ལ་ཕྱིན་ནས་རྗེས་སུ་མཇལ་ཡོང་གསུངས་པས་དེར་འདུས་པ་ཀུན་ལྷག་པར་དད་འདུན་ཤུགས་ཀྱིས་བརྡོལ། དེའི་ལོ་མཇུག་ཏུ་ཨ་མདོར་ཞབས་སོར་འཁོད་ནས་ཕྱི་ལོ་དགུང་ལོ་བཞི་པ་རབ་བྱུང་བཅུ་དྲུག་པའི་རྣམ་གནོན་ཞེས་པ་ལྕགས་ཕོ་འབྲུག་ལོའི་བོད་ཟླ་དང་པོའི་ཚེས་གསུམ་ཉིན་གོང་མའི་གསེར་ཁྲིར་མངའ་གསོལ་མཛད། དེ་སྐབས་སུ་སྣང་ཞིག་རྒྱལ་བསྟན་ཕུན་ཚོགས་གླིང་ནས་བླ་གྲྭ་མང་པོར་ཕེབས་པ་དང་། ཀིརྟི་དགོན་དང་གནམ་ལྕགས་དགོན་སོགས་ནས་ཀྱང་རྟེན་འབྲེལ་ལེགས་པར་བསྒྲིགས་ཏེ་བླ་གྲྭའི་ལས་སྣེ་མང་དུ་བྱོན། བོན་སྡེ་ལྔ་བརྒྱ་གཙོས་དད་འདུན་པའི་འདུ་ཚོགས་ཀྱི་ཡོ་ལང་རབ་ཏུ་རྒྱས་པར་བྱུང་། དེ་ནས་ཡོངས་འཛིན་ཐོས་གྲོལ་ཀུན་མཁྱེན་ཡོན་ཏན་རྒྱ་མཚོ་དང་། མཁས་མཆོག་ཚུལ་ཁྲིམས་བཟོད་པ་རྒྱལ་མཚན་རྣམ་གཉིས་འབྲལ་མེད་དུ་བསྟེན་ཏེ་ཀློག་འདོན་ནས་དབུ་རྩོམ་སྟེ་རིག་གནས་ཆེ་ཆུང་ཡོ་ཀར་དཔྱིས་པར་མཛད། དགུང་ལོ་བཅུ་གསུམ་བཞེས་ཚེ་ལྗགས་རྩོམ་དུ་མ་གནང་སྟེ་མཁས་པའི་མཚན་སྙན་སྲིད་པ་གསུམ་གྱི་ཕར་མཐའ་ལྡིར། སྔ་གཞུག་ཏུ་མཚན་ལྡན་དགེ་བའི་གཉེན་གང་ཞིག་བསྟེན་པ་སྟེ། ཤར་རྫའི་རྒྱལ་ཚབ་རིན་པོ་ཆེ་བློ་གྲོས་རྒྱ་མཚོའི་མདུན་ནས་ཤར་རྫ་པའི་གསུང་ཡོངས་རྫོགས་ཞལ་ཁྲིད་ཟབ་རྒྱས་ཀྱི་ཚུལ་དུ་གསན་མཐར་རྒྱལ་ཚབ་བླ་མས་མཁར་གསིལ་ལྷུང་གཟེད་བཅས་གནང་སྟེ་ཤར་རྫའི་བསྟན་པའི་རྗེས་འཛིན་དུ་མངའ་གསོལ་དང་རྗེས་གནང་མཛད། ཉག་ཡུལ་བྱ་བཏང་མཆོག་སྤྲུལ་ཚེ་དབང་འགྱུར་མེད་མཆོག་གིས་ཟབ་གཏེར་སྙན་རྒྱུད་དག་སྣང་སྐོར་སོགས་དུ་མ་དབང་ལུང་གནང་སྟེ་ཞྭ་དཀར་གྱི་ཅོད་པན་བསྩལ་ནས་བསྟན་པར་གཉེར་གཏད་དེ་ཞྭ་དཀར་བཅུ་གསུམ་དང་བསྟན་འཛིན་སྐྱེས་བུ་ཉེར་ལྔའི་ནང་ཚན་གཅིག་ཏུ་ངོས་བཟུང་། དབྲ་སྟོན་བསྐལ་བཟང་བསྟན་པའི་རྒྱལ་མཚན་གམ་ནས་ལུང་རིགས་མཛོད་དང་རིག་གནས་སྐོར་མང་དུ་གསན་བཞེས་ཡང་དག་པར་མཛད།  ཀུན་གྲོལ་བདུད་འདུལ་གླིང་པའི་སྲས་རྒྱལ་སྲས་བསྟན་འཛིན་བཟང་པོ་དང་། ཡང་སྟོན་ཆེན་པོའི་གདུང་ལས་འཁྲུངས་པའི་གངས་རི་བླ་མ་ཞེས་ཡོངས་སུ་གྲགས་པའི་ཡང་སྟོན་བསྟན་འཛིན་རྒྱལ་མཚན།  ཀུན་གྲོལ་དྲུག་པ་ཧཱུྃ༔ཆེན་འགྲོ་འདུལ་གླིང་པ་སོགས་སྐྱེས་ཆེན་དུ་མའི་མན་ངག་ཐུགས་སུ་སིམ་པར་མཛད། དེ་ནས་ཕྱོགས་འདུས་ཀྱི་སློབ་མ་རྣམས་ལ་འཆད་ཁྲིད་གནང་ནས་བཀའ་ལུང་གི་ཆར་རྒྱུན་སྟོད་སྨད་ཐམས་ཅད་དུ་ཁྱབ་པར་གྱུར། སྐབས་ཤིག་རྒྱལ་ཁྲིམས་ཀྱི་བཙན་འོག་ཏུ་ཕེབས་དགོས་བྱུང་ཡང་བླ་གྲྭ་རྒན་པ་རྣམས་ལ་ཞལ་འཛུམ་པར་མཛད་དེ། སྔོན་གྱི་ལས་དང་རྒས་པའི་གཉེར། །མ་ཟད་བར་དུ་བཀྲུ་ཐབས་མེད། །རྒྱལ་བ་སྟོན་པས་ཡང་ཡང་གསུངས། །ཞེས་པའི་ལུང་དྲངས་ཏེ་མི་རིང་བར་མཇལ་ཡོང་གསུངས་ནས་བྱོན། ཁྲིད་ལྷོད་གུ་ཡང་རྗེས་ནས་རྟོགས་ལྡན་དགོན་དུ་ཞབས་སོར་འཁོད་དེ་བསྟན་པ་ཉམས་གསོ་དང་གསར་བཞེངས་གང་མང་མཛད། ཞང་ཞུང་རྫོགས་ཆེན་སློབ་གླིང་གི་སློབ་དཔོན་ཆེན་མོའི་འགན་བཞེས་ཏེ་འཆད་ཁྲིད་ཀྱི་བཀའ་དྲིན་རྒྱ་ཆེར་བསྩལ་ཏེ་འདུས་སྡེ་བརྒྱ་སྟོང་གི་ཐུགས་དམ་ཚིམས་པར་བྱས།  མཛད་རྣམ་རྒྱས་པ་གཞན་དུ་གསལ་བས་འདི་ནས་དེ་ཙམ་གྱིས་ཆོག་པར་བྱས་སོ། ། ད་ལོ་རབ་བྱུང་བཅུ་བདུན་པའི་མེ་སྤྲེལ་ལོ་དགུང་ལོ་བརྒྱད་ཅུར་ཕེབས་ནས་དགུང་སྟོན་གྱི་འདུ་ལོང་ལ་དགའ་སྤྲོ་ལིང་ལིང་བྱེད་ཀྱིན་བཞུགས་པ་བཅས་རྣམ་ཐར་མཇུག་བསྡུས་སོ།།

འཕྲིན་གྲོགས་རིགས་ཞེན་ལགས་ཀྱི་སྐད་འཕྲིན་ལས་དྲངས།

རྩོམ་འདིའི་རྩ་གཉིས་ཨང་།

དཔྱད་མཆན་སྤེལ།

གློག་འཕྲིན་ཀུན་པོར་མི་བསྒྲགས། རྟགས * ཅན་ངེས་པར་དུ་བླུགས་དགོས།