ཞང་བོད་ལོ་རྒྱུས་ཕྱོགས་བསྒྲིགས་དཔེ་དེབ་ལེགས་འགྲུབ་བྱུང་བ།

སྣང་མཐའ་བསྟན་འཛིན་ཉི་མ་ལགས་ཀྱིས་ཕྱོགས་བསྒྲིགས་བྱས་པས་ཞང་བོད་ལོ་རྒྱུས་དཔེ་དེབ་ལེགས་འགྲུབ་བྱུང་ཡོད་པ།སྔོན་གླེང་གི་གཏམ།

སྔ་དར་བསྟན་པའི་འབྱུང་གནས་གྲུབ་མཐའ་ཐམས་ཅད་ཀྱི་ཡང་རྩེ་སངས་རྒྱས་གཡུང་དྲུང་བོན་གྱི་བསྟན་པ་རིན་པོ་ཆེ་འདི་ཉིད(སྤྱི་ལོ་༢༠༡༦བར)རྩ་བའི་ཆ་ནས་མི་ལོ(༡༨༠༣༤)ལྷག་གི་ལོ་རྒྱུས་ལྡན་པར་མ་ཟད། ཐུན་མོང་དང་ཐུན་མོང་མ་ཡིན་པའི་ཁྱད་བོན་སྤངས་བསྒྱུར་གྲོལ་གསུམ་མམ་མདོ་སྔགས་སེམས་གསུམ་གྱི་གཞུང་ལུགས་དང་ཐུན་མོང་རིག་གནས་བཅས་བགྲང་ལས་འདས་ནའང༌། དུས་རབས་མང་པོ་ཞིག་གི་རིང་ལ་གཡུང་དྲུང་གི་བོན་རིན་པོ་ཆེ་དར་ནུབ་གྲངས་མང་བྱུང་རྐྱེན་ཞང་བོད་ཀྱི་རིག་གཞུང་ཐེངས་དུ་མ་ཉམས་རྒུད་ཆེས་ཆེར་བྱུང་སྟེ། དེང་སྐབས་བོན་གྱི་དཔེ་རྒྱུན་འགའ་ཤིན་ཏུ་དཀོན་པོར་སོང་བ་སྟེ། དཔེར་ན་ཤ་རིའི་སྒྲ་མདོ་ལྟ་བུའི་རིགས་མཐོང་ཡུལ་དུ་དཀོན་པ་ལྟ་བུ་མང་ངོ༌། །ཡིན་ལུགས་ལྟར་བཤད་ན་ཞང་བོད་ལོ་རྒྱུས་ཀྱི་མགོ་ཁུངས་འཚོལ་བ་ལ་བོན་གྱི་དཔེ་ཚོགས་འདི་ལྟ་བུ་ཤིན་ཏུ་ནས་མཁོ་གལ་ཆེ་བ་དང༌། རང་རེའི་སྤྱི་ཚོགས་ཁྲོད་ཞང་བོད་ཀྱི་ལོ་རྒྱུས་དཔེ་ཚོགས་ཅུང་དཀོན་པའི་རྐྱེན་གྱིས་རིས་སུ་མ་ཆད་པའི་དོན་གཉེར་ཅན་དག་ལ་དཔེ་ཆ་མ་རེག་པའི་གནས་ཚུལ་ཐོན་དང་འཐོན་བཞིན་པའི་དཀའ་ཁག་སེལ་བ། གཞན་ཡང་བསམ་བཞིན་དང་བསམ་བཞིན་མ་ཡིན་པའི་སྒོ་ནས་གཡུང་དྲུང་བོན་གྱི་ཆོས་ལུགས་ལ་དོན་དངོས་དང་མི་འཚམ་པའི་སྒྲོ་བཏགས་དུ་མར་བྱས་ཏེ་ཤེས་འདོད་ཅན་མང་པོ་ཞིག་ལོག་ལམ་དུ་ཁྲིད་པར་མ་ཟད་མཁས་དབང་གི་ཆོ་ལོ་འཆང་བ་འགའ་ཞིག་གིས་ཀྱང་དེ་ལྟར་བྱས་པས་གཡུང་དྲུང་བོན་ལུགས་འཛིན་པ་དག་ལ་སེམས་སུ་ནག་ཐིག་ཆེན་པོ་ཕབ་ཅིང་མི་རིགས་ནང་ཁུལ་གྱི་མཐུན་ལམ་ལ་གཏོར་བརླག་ཚབས་ཆེན་བཏང་དང་གཏོང་བཞིན་པའི་ཛ་དྲག་གི་གནས་སྟངས་འདི་དག་སེལ་བའི་ཆེད་དུ། ཁོ་བོས་དཀའ་ཁག་ལ་མ་འཛེམས་པར་ལོ་ངོ་དྲུག་གི་རིང་ལ་དཔེ་ཚོགས་བསྡུ་ཉར་དང་ཕྱོགས་སྒྲིག ཡིག་གཏགས་དང་ཞུ་དག་སོགས་ཀྱི་བྱ་བར་ཞུགས་ཏེ། ད་ལམ་རྒྱལ་ཕྱི་ནང་གི་མཁས་དབང་དང་དོན་གཉེར་ཅན་མང་པོས་ཡུན་རིང་རེ་སྒུག་བྱས་པའི་ཞང་བོད་ལོ་རྒྱུས་ཕྱོགས་བསྒྲིགས་ཞེས་པའི་ལོ་རྒྱུས་ཕྱོགས་བསྒྲིགས་འདི་ཉིད་དངོས་སུ་དཔེ་སྐྲུན་བྱ་ཐུབ་པ་བྱུང་བར་ཞེ་ཐག་པ་ནས་དགའ་སྤྲོ་ཚད་མེད་བརྟས། རྒྱུ་མཚན་ཅིའི་ཕྱིར་ཞེ་ན་བོན་གྱི་ཤེས་རིག་ནི་བོད་ཀྱི་ཤེས་རིག་གི་མ་མ་དང༌། ཕ་མེས་ཡང་མེས་ཀྱི་ཤ་གསེང་རུས་རྐང་དུ་ཟུག་པའི་བོད་རང་སའི་ཤེས་རིག་ཡིན་པ་ཇི་བཞིན་བོན་གྱི་ལོ་རྒྱུས་ཀྱང་བོད་ཀྱི་ལོ་རྒྱུས་ཀྱི་འབྱུང་ཁུངས་དང་ཕུགས་གཏོད་ས་ཡིན་པས་བོད་ཀྱི་ལོ་རྒྱུས་གླེང་བར་འདོད་ན་བོན་གྱི་དཔེ་ཚོགས་ལ་རྒྱུས་ལོན་མི་བྱེད་ཐབས་མེད་ཡིན། སྔོན་ཆད་བོད་ལ་གཅིག་རྗེས་གཉིས་མཐུད་དུ་ཆོས་ལུགས་འཐབ་རྩོད་མང་པོ་བྱུང་བའི་རྐྱེན་གྱིས་དམངས་ཁྲོད་དུའང་ཕན་ཚུན་ལ་མི་དགོས་དོགས་འདྲོགས་ཀྱི་བག་ཆགས་ཤིན་ཏུ་མཐུག་པོ་བཞག་ཡོད་ལ། མཐའ་ན་ཕན་ཚུན་རྒྱུས་ལོན་ཙམ་བྱེད་པ་ལའང་འཚེར་སྣང་དང་སྐྲག་སྣང་ཆེན་པོ་རེ་སེམས་སུ་ཉར་ནས་འདུག་པ་ནི་ཤེས་རབ་དང་མཐོང་རྒྱ་འགོག་པའི་གེགས་རྐྱེན་ཆེན་པོ་ཞིག་ཏུ་གྱུར་འདུག དེས་ན་དཔེ་ཚོགས་འདི་ལྟ་བུ་པར་དུ་བསྐྲུན་པའི་སྟོབས་ཀྱིས་མ་རྟོགས་པ་དང་ལོག་རྟོག་གི་སྣང་ཚུལ་འདི་དག་སེལ་བར་ཕན་པ་ཇི་སྙེད་ཅིག་ཡོང་བའི་རེ་བ་ཡོད། དེ་དང་ཕྱོགས་མཚུངས་སློབ་གཉེར་བ་མང་པོ་ཞིག་གིས་རེ་བ་ཡང་ཡང་ཞུས་མཐར། ཁོ་བོས་དང་ལེན་བྱས་ཁུལ་གྱིས་ཞང་བོད་ལོ་རྒྱུས་ཕྱོགས་བསྒྲིགས་ཞེས་པ་འདིའི་སྟོད་ཆའི་ནང་དུ། དུས་གསུམ་གཤེན་རབ་ཀྱི་འབྱུང་ཁུངས་དང་མཛད་པའི་རྒྱུད་འདུས་པ་རིན་པོ་ཆེ་གཟེར་མིག་གི་མདོ་དང་། མདོ་འདུས་པ་རིན་པོ་ཆེའི་རྒྱུད་ཐམས་ཅད་མཁྱེན་པའི་བཀའ་ཚད་མ། རྗེ་རིན་པོ་ཆེའི་རྣམ་ཐར་མདོར་བསྡུས་སྐལ་ལྡན་དྭངས་བ་འདྲེན་བྱེད་ངོ་མཚར་པདྨོ་སྟོང་ལྡན། རྗེ་རིན་པོ་ཆེའི་རྣམ་པར་ཐར་བ་ངོ་མཚར་པད་མོའི་འཕྲེང་བ། དབུ་འཆད་ལོ་རྒྱུས། སྲིད་པ་རྒྱུད་ཀྱི་ཁ་བྱང་རྣམ་ཐར་ཆེན་མོ། སྲིད་པ་སྤྱི་སྐོང་སྣང་སྲིད་སྤྱི་མདོས། མ་རྒྱུད་ཐུགས་རྗེ་ཉི་མའི་སྒོམ་འགྲེལ་ཉི་མའི་དཀྱིལ་འཁོར་ཞེས་བྱ་བའི་དབུ་འཆད། རྫོགས་པ་ཆེན་པོ་ཞང་ཞུང་སྙན་རྒྱུད་ཀྱི་བོན་མ་ནུབ་པའི་གཏན་ཚིགས། ཞྭ་བཤད་པི་ཝཾ་དྲུག་འགྱུར། གཡུང་དྲུང་བོན་གྱི་སྒྲ་བསྒྲགས་པ་རིན་པོ་ཆེའི་གླིང་གྲགས། འཛམ་གླིང་གངས་རྒྱལ་ཏི་སེའི་དཀར་ཆག་ཚངས་དབྱངས་ཡིད་འཕྲོག ཁྱུང་པོའི་རྒྱལ་རྒྱུད་ཤེལ་དཀར་མེ་ལོང་། གླེང་གཞི་བསྟན་པའི་བྱུང་ཁུངས། བསྟན་འབྱུང་རིག་པའི་ཤན་འབྱེད་ནོར་བུ་ཀེ་ཏ་ཀའི་དོ་ཤལ། སྲིད་པའི་སྒྲོན་མེ་རྒྱལ་བའི་བཀའ་དང་བཀའ་བརྟེན་གྱི་རྣམ་བཤད་ཉུང་བསྡུས་རབ་གསལ་ཉིད་འོད་ངོ་མཚར་འབུམ་ལྡན། བསྟན་རྩིས་ཀྱི་རྣམ་བཤད་མཐོང་བའི་དགའ་སྟོན་ནམ་དོགས་བསལ་པན་ཙ་ལི་ཀའི་ཆུན་པོ་ཞེས་བྱ་བ་ཡོད་པའི་དབུ་ཡི་གཟིགས་ཕྱོགས། སངས་རྒྱས་ཀྱི་བསྟན་རྩིས་ངོ་མཚར་ནོར་བུའི་ཕྲེང་བ། བཀའ་འགྱུར་བརྟེན་འགྱུར་གྱི་སྡེ་ཚན་སྒྲིག་ཚུལ་བསྟན་པའི་མེ་རོ་སྤར་བའི་རླུང་གཡབ་བོན་གྱི་པད་མོ་རྒྱས་བྱེད་ཉི་འོད་ཅེས་བསྒྲིགས་ཡོད་ལ། སྨད་ཆའི་ནང་དུ། རྫོགས་པ་ཆེན་པོ་ཞང་ཞུང་སྙན་རྒྱུད་ཀྱི་བརྒྱུད་པའི་བླ་མའི་རྣམ་ཐར། བསྟན་པའི་རྣམ་བཤད་དར་རྒྱས་གསལ་བའི་སྒྲོན་མ། བོན་ཆོས་རྣམ་འབྱེད་སྣང་གསལ་རིག་པའི་མེ་ལོང་།  འཛམ་གླིང་མཐའ་དབུས་ཀྱི་རྣམ་བཞག་ཉེར་མཁོའི་སྣང་བ། གཡུང་དྲུང་བོན་གྱི་བསྟན་པའི་འབྱུང་ཁུངས་ལེགས་བཤད་རིན་པོ་ཆེའི་མཛོད་དཔྱོད་ལྡན་དགའ་བའི་ཆར། འབེལ་གཏམ་ལྷ་ཡི་རྔ་སྒྲ་འཁྲུལ་བྲལ་བློ་གསལ་དགའ་སྟོན། ཞང་བོད་ཀྱི་བསྟན་འབྱུང་ལོ་རྒྱུས་ལྷ་རྒྱུད་རིན་ཆེན་ཕྲེང་བ་མ་བཅོས་གསེར་གྱི་ཡང་ཞུན། སངས་རྒྱས་གཡུང་དྲུང་བོན་གྱི་བསྟན་པའི་རྩིས་བརྒྱ་གསལ་བྱེད་མེ་ལོང་། སྔ་རབས་བོད་ཀྱི་བྱུང་བ་བརྗོད་པའི་འབེལ་གཏམ་ལུང་གི་སྙིང་པོ། སྣང་དགོན་བཀྲ་ཤིས་གཡུང་དྲུང་གླིང་གི་དཀར་ཆག་དོན་བསྡུས་པད་དཀར་འཛུམ་རས། སྣང་དགོན་དཀར་ཆག་བྱིས་པའི་མགུལ་རྒྱན་བཅས་བསྒྲིགས་ཡོད།         ལོ་རྒྱུས་ཀྱི་རིག་གཞུང་འདི་དག་སྲུང་སྐྱོབ་དང་དར་སྤེལ་གཏོང་བའི་བྱ་བ་འདི་འགངས་ཆེན་དུ་མཐོང་སྟེ་གློག་ཀླད་དུ་པར་རྩ་འཇུག་པ་དང་མ་ཕྱི་འཚོལ་སྡུད་བྱེད་པ་སོགས་ལ་མགོ་མཇུག་བར་གསུམ་དུ་ལས་ཀ་བྱས། རང་ལ་མཚོན་ན་རྩམ་པ་སྐྱ་བོ་དང་ཟླ་གམ་ཧྲུལ་བོ་ཙམ་ལས་མེད་པའི་གྲྭ་རྐྱང་དཀྱུས་མ་ཞིག་ལས་ཅི་ཡང་མིན་ནའང༌། སྔོན་འདས་ལོ་རྒྱུས་མི་སྣའི་བློ་སྟོབས་རྩལ་འདོན་དང༌། མ་འོངས་བསྟན་པའི་ས་བོན་གྱི་སོན་རྩ་ཉར་ཐུབ་པ་སོགས་ལ་དམིགས་པ་དང་། བོད་ཀྱི་ཤེས་རིག་ལ་དོ་སྣང་ཆེ་བའི་རྒྱལ་ཕྱི་ནང་གི་མཁས་དབང་སོགས་ཞིབ་འཇུག་པ་རྣམས་ལ་ཆེས་གལ་འགངས་ཆེ་བའི་ཡིག་ཆ་འདི་དག་མེད་ཐབས་བྲལ་བའི་ཆ་རྐྱེན་དུ་མཐོང་ནས་རྩ་ཆེ་བའི་ལོ་རྒྱུས་འདི་དག་ཕྱོགས་གཅིག་ཏུ་བསྒྲིགས་པ་ཡིན། མི་རིགས་གང་དང་གང་ཡིན་རུང་མི་རིགས་དེའི་རིག་གནས་དང་རིག་གཞུང་ཉམས་སོང་བ་ཡིན་ན་དེ་ནི་མི་རིགས་ཉམས་རྒུད་བྱུང་བ་ཙམ་ཞིག་ཏུ་མ་ཟད་འཇིག་རྟེན་གོ་ལ་ཟླུམ་པོའི་མིའི་རིགས་ཚང་མའི་སྙིང་ནོར་ལ་གྱོང་གུད་བྱུང་བ་ཞིག་ཀྱང་ཡིན་ངེས་པས། མི་སུ་ཡིན་ཡང་རང་རིགས་ཀྱི་ཤེས་རིག་སྲུང་སྐྱོབ་དང་དར་སྤེལ་གཏོང་བའི་འགན་འཁྲི་འདི་ནི་ཚང་མ་ལ་རག་ལས་འདུག་པ་སྨྲོས་མ་དགོས་སོ། །

སྤྱིར་ན་ལོ་ངོ་སྟོང་ཕྲག་མང་པོའི་གོང་གི་བརྡ་ཆད་འདི་དག་དེང་དུས་ཀྱི་བརྡ་དག་དང་མཐུན་དགོས་པའི་ངེས་པའང་མེད་དེ། དེང་དུས་ཀྱི་བརྡ་དག་གི་ཚོགས་ལ་བཅད་བཅོས་མང་པོ་བྱས་ཟིན་པས་ལོ་ངོ་སྟོང་ཕྲག་མང་པོའི་གོང་གི་བརྡ་དག་དངོས་ལ་མཐུན་མིན་ཅི་རིགས་ཡོད་པར་སྣང༌། དེའི་ཕྱིར་ཞང་བོད་ལོ་རྒྱུས་ཕྱོགས་བསྒྲིགས་ཀྱི་ནང་དུ་འཁོད་པའི་ཡིག་ཆ་འགའ་ནི་གནའ་བོའི་དཔེ་རྙིང་ཡིན་སྟབས་དེང་དུས་ཀྱི་བརྡ་དག་དང་མི་མཐུན་པའི་འབྲི་སྲོལ་མང་པོ་ཞིག་འདུག་པ་དེ་དག་རང་སོར་བཞག་ཡོད། མདོར་ན་རྒྱལ་ཁབ་ཕྱི་ནང་གི་མཁས་དབང་མང་པོའི་རེ་སྒུག་གི་གནས་སུ་གྱུར་པའི་ཞང་བོད་ལོ་རྒྱུས་ཕྱོགས་བསྒྲིགས་ཀྱི་དཔེ་གཞུང་འདི་ལ་མི་མཁས་མཁས་མདོག་གིས་ནོར་བཅོས་སོགས་བྱས་མེད་ལ། བདག་ལ་སྐྱེས་སྟོབས་ཀྱི་ཤེས་རབ་དང་སྦྱང་སྟོབས་ཀྱི་ཡོན་ཏན་ཕྲ་བས་རྩོམ་སྒྲིག་གི་ཉམས་མྱོང་ཞན་ཁར། ཚིག་མ་ཟིན་པར་མིག་བར་ནས་ཤོར་བ། སྒྲིག་མ་ཤེས་པར་གོ་འཛོལ་དུ་སོང་བ། ཉམས་མ་བཞག་པར་ཆད་ལྷག་ཏུ་གྱུར་པ་སོགས་སྐྱོན་དང་ནོར་འཁྲུལ་གང་མང་ཞིག་ཡོད་ངེས་པས་དེ་ལུགས་གཟུར་གནས་མཁྱེན་ལྡན་རྣམས་ཀྱིས་ལྷག་བསམ་ཟོལ་མེད་ཀྱི་བཀའ་སློབ་དང་ལམ་སྟོན་གནང་བར་ཐུགས་རྗེ་ཆེ་ཞུ་ཞིང་། དེབ་འདི་ལ་ཐོག་མཐའ་བར་གསུམ་དུ་རྒྱབ་སྐྱོར་དང་ཐུགས་ཁུར་གནང་མཁན་ཨ་སྔགས་ཚེ་རིང་བཀྲ་ཤིས་དང་། ཀུན་དཔལ་ཚེ་རིང་། གཉན་མོ་འགྲུབ་སོགས་ལ་སེམས་གཏིང་ནས་བཀའ་དྲིན་ཞུ་རྒྱུ་བཅས་གངས་ལྗོངས་མདོ་སྨད་རྔ་གཡང་ཕྱུག་མོའི་ལྟེ་བར་ཆགས་པ་སྣང་ཞིག་དགོན་ཆེན་གྱི་ཉེ་འདབས་ནས་སྣང་མཐའ་བསྟན་འཛིན་ཉི་མས་ཟླ་ཚེས་དགེ་ཉིན་གུས་པས་སྦྱར་བའོ། །


རྩོམ་སྒྲིག་པ་ངོ་སྤྲོད་མདོར་བསྡུས།

རྩོམ་སྒྲིག་པ་སྣང་མཐའ་བསྟན་འཛིན་ཉི་མ1972ལོར་མདོ་སྨད་རྔ་བ་རུ་སྐྱེས། ལོ་ལྔའི་ཐོག་རྩ་བའི་བླ་མ་རྒྱ་འོབས་བསྟན་འཛིན་དབང་རྒྱལ་གྱི་མདུན་ནས་རབ་ཏུ་བྱུང་སྟེ་བོན་གྱི་འདུས་སྡེ་ཆེན་མོ་སྣང་ཞིག་དགོན་ཆེན་གྱི་འཚོགས་གྲལ་དུ་ཞུགས། སྔ་གཞུག་ཏུ་བྱ་འཕུར་ཤེས་རབ་བློ་ལྡན། རྒྱ་བློ་གོ ཡོངས་འཛིན་བསྟན་འཛིན་ཡེ་ཤེས། མཁན་ཆེན་ནམ་མཁའ་ཚུལ་ཁྲིམས། ཡོངས་འཛིན་ཡེ་ཤེས་རྒྱལ་མཚན། རྨེའུ་འཇམ་དབྱངས་བརྩོན་འགྲུས། དཔོན་སློབ་བསྟན་འཛིན་ཕུན་ཚོགས་སོགས་དགེ་རྒན་དུ་བསྟེན་ནས་བོན་གཞུང་མང་པོར་སྦྱངས་པ་བྱས། ཉིས་སྟོང་ལོར་ཞང་བོད་ཤེས་རིག་ཚོགས་པ་རྩ་འཛུགས་བྱས་ནས་རྩོམ་སྒྲིག་གི་ལས་ཀ་གཉེར། སྔ་གཞུག་ཏུ་གནའ་བོའི་བོན་གྱི་གཞུང་ལུགས་དུམ་པ་བརྒྱད་ཅུ་ལྷག་རྩོམ་སྒྲིག་དང་པར་བསྐྲུན་བྱས། ད་སྐབས་ཞང་བོད་ཤེས་རིག་ཚོགས་པའི་ཚོགས་གཙོའི་ལས་འགན་ཁུར་བཞིན་ཡོད།
郎塔 邓真尼玛1972出生于安多阿坝高原,五岁时在根本上师嘉哦丹真旺嘉前磕头出家,受戒。并入朗依寺僧团。前后在夏普西绕罗丹,加罗果、丹增益西大师、麦嘉样尊珠、经师丹增彭措等高僧大德为依师,学习显密大圆满佛法和西藏大小文明。 两千年创办象藏文化协会,负责编剧和出版八十多本雍仲本教的佛经。最近在象藏文化协会

དཔྱད་མཆན་སྤེལ།

ཡིག་ཟམ་ས་གནས་ཀུན་པོར་མི་བསྒྲགས། རྟགས * ཅན་ངེས་པར་དུ་བླུགས་དགོས།