ཁྲི་སྲོང་དང་དེ་ལས་འཕྲོས་པའི་བོད་ཀྱི་ལོ་རྒྱུས་ཀྱི་གྲུ་ཟུར་འགའ།

ཁྲི་སྲོང་དང་དེ་ལས་འཕྲོས་པའི་བོད་ཀྱི་ལོ་རྒྱུས་ཀྱི་གྲུ་ཟུར་འགའ།
ཀ་ཤུལ་བསོད་རིན།

ཡ་ཐོག་གི་འཇིག་རྟེན་ཞིག་བཙལ་བའི་ཆེད་དུ་ངས་དཔྱད་གླེང་འདི་ལྟ་བུ་ཞིག་ཅི་ནས་ཀྱང་འབྲི་དགོས་པས་ང་ལ་གུ་ཡངས་རེ་གནང་རོགས།

        ཕྱོགས་ལྷུང་དང་འགལ་འཁྲུལ་གྱིས་བཟོས་པའི་བོད་ཀྱི་ཆོས་འབྱུང་དེབ་ཐེར་མང་པོའི་སྦུབས་སུ་བོད་རྗེ་ལ་ལ༼སྲོང་བཙན་དང་ཁྲི་སྲོང་སོགས༽ས་བསྟོད་གནམ་བསྟོད་བྱས་པས་དད་པའི་ཐལ་མོ་སྙིང་གར་འགོག་མེད་ཤུགས་ཀྱིས་སྦྱོར་དུ་འཇུག་ལ། བོད་རྗེ་ལ་ལ༼ལྷ་སྲས་དར་མ་དང་གྲི་གུམ་བཙན་པོ་སོགས༽ས་སྨད་རྡོ་སྨད་བྱས་པས་ཞེ་སྡང་གི་ཁྲག་དམར་གཏོལ་མེད་འཛར་འཛར་དུ་བྱོ་བར་འཇུག དེ་དག་ནི་བྱུང་མ་མྱོང་བའི་གཏམ་རྒྱུད་སྣ་ཚོགས་ཤིག་གིས་བསླད་སྦྱར་ཞིང༌། ཐོས་མ་མྱོང་བའི་སྐད་ཆ་རྫུན་མ་འགའ་རེས་བཟོ་བསྐྲུན་བྱས་ཏེ་ད་གཟོད་གྲུབ་པའི་ལོ་རྒྱུས་ཀྱི་གླེགས་བམ་ཞིག་ཡིན་པར་ང་ཚོས་ཧོབ་ལྟ་ཙམ་རེ་བྱས་པས་ཀྱང་ཤེས་སྲིད།
དེ་ཡང་བོད་རྗེ་གདུང་རབས་སོ་བརྒྱད་པ་ཁྲི་སྲོང་ནི་ཆོས་རྒྱལ་མེས་དབོན་རྣམ་གསུམ་དང་མཁན་སློབ་ཆོས་གསུམ་གྱི་ཡ་གྱལ་དུ་བཞག་ནས་དེབ་ཐེར་དག་ཏུ་གོང་བཀུར་བླ་མེད་བྱས་ཡོད་པ་མ་ཟད།མཐོ་བ་གང་ཞིག་ལ་ལག་རྙོབ་བྱས་ཏེ་སངས་རྒྱས་ཀྱི་རྣམ་སྤྲུལ་ཞིག་ཏུ་ངོས་འཛིན་གནང་ཞིང་། ཕྱི་ནང་གསང་བའི་དམ་རྫས་ཀྱི་མཆོད་པ་འབུལ་ས་ཞིག་ཏུ་གྱུར་ཡོད། འོན་ཀྱང་སངས་རྒྱས་ཀྱི་མཛད་པ་འདི་རེད་འདི་མ་རེད་ཅེས་བཤད་དཀའ་བ་ཡིན་མོད།ང་ཚོས་ཆོས་འབྱུང་དེབ་ཐེར་དག་གི་མཐིལ་དང་མཐའ་མ་ལུས་པར་ཡིད་འཇོག་ཟབ་མོ་ཞིག་གིས་བཙལ་འཚོལ་བྱས་པ་ན། བོད་རྗེ་ཁྲི་སྲོང་བོད་རུ་བཞི་སྟོང་སྡེ་དང་ཁྲི་སྡེ་བརྒྱ་སྡེ་བཅུ་གཉིས་ཀྱི་མངའ་བདག་གི་ཁྲི་སར་བཀོད་དུས་ཁོང་འདབ་ལག་མ་སྨིན་ཞིང་ན་ཚོད་མ་ཐོན་པའི་བྱིས་པ་ཞིག་ཏུ་ངེས། སྐབས་དེ་དང་བསྟུན་ནས་བློན་པོ་གཡུ་སྒྲ་དང༌། བློན་མཆིམས་བཞེར་གཉིས་ཀྱིས་རྒྱ་གར་གྱི་ཆོས་འདི་སྤྱད་ན་བཟང་རབ་དང༌། སྲིད་པ་གཡུང་དྲུང་བོན་འདི་དེ་འདྲ་མིན་སྟབས་སོགས་ཀྱིས་བོད་རྗེ་ཁྲི་སྲོང་གི་ཀླད་པ་ཆོས་ལ་འཁོར་ཅི་ཐུབ་བྱས་པ་དང༌། ཡང་བཤད་སྟངས་གཅིག་ལ་བྷོ་དྷི་ས་ཏྭ་དང༌། ཁྲི་སྲོང་ལྡེའུ་བཙན། པད་མ་འབྱུང་གནས་གསུམ་ནི་སྐྱེ་བ་སྔ་མར་མཆོད་རྟེན་བྱ་རུང་ཁ་ཤོར་བཞེངས་མཁན་དང༌། སྐྱེ་བ་རྗེས་མར་བོད་ཁམས་ཆོས་ཀྱིས་དབང་བསྒྱུར་པའི་སྨོན་ལམ་བཏབས་ཞེས་པ་སོགས་ཀྱིས་བོད་རྗེ་ཁྲི་སྲོང་གི་ཀླད་པ་ཆོས་ལ་འཁོར་ཚུལ་ཏེ།བཤད་ཚུལ་མི་འདྲ་བ་རེ་ཡོད་ཀྱང་འདི་རིགས་ནི་སྐྱེ་བ་སྔ་ཕྱི་མཁྱེན་པའི་མངོན་ཤེས་ཅན་ཞིག་གི་སྐད་ཆ་ཡིན་པར་སྨོན།
སྔར་བོད་ལ་གདོན་པའི་ནལ་ཕྲུག་བྱས་ཏེ་བོན་པོ་རུས་མི་གཅིག་པ་བཅོ་བརྒྱད་ཀྱིས་སེལ་བྱས་ཏེ་གླང་ཁམ་པ་གཅིག་ལ་བསྐྱོན་ནས་ཡས་སྟགས་སྣ་ཚོགས་དང་བཅས་པ་ཉི་མ་ལྷོ་ནུབ་མཚམས་འཕངས་ཤིང་།ཕྱིས་སུ་རྒྱ་གར་གྱི་པཎྚི་ཏ་ཞིག་ཏུ་གྱུར་པའི་བྷོ་དྷི་ས་ཏྭས་བོན་གྱིས་རང་ཉིད་གླུད་དུ་བརྫངས་པ་ལ་སེམས་བརྣགས་ནས་སྲིད་པ་གཡུང་དྲུང་བོན་འདི་བསྣུབ་རྒྱུའི་ཉེར་བསྡོགས་མང་པོ་བྱས་ཏེ།རྒྱལ་བློན་གཉིས་ཀྱི་སྙན་དུ་བོན་བསྣུབས་ཆོས་སྤྱོད་པ་དེ་བཟང་པའི་འཕྲིན་བརྫངས་པ་དང་།བློན་པོ་གཡུ་སྒྲས་རྒྱ་གར་གྱི་ཆོས་བྱ་བ་འདི་བོན་དང་མི་འདྲ་བའི་དོན་རྟོགས་སླ་ལ། ཁུར་ཡང་བ་ཞིག་འདུག་པས་དེ་བོད་དུ་གདན་དྲངས་ན་བཟང་ཚུལ་དང་རྒྱན་ཚུལ། བློན་པོ་མཆིམས་བཞེར་གྱིས། བོན་འདི་བཀུར་ན་ཡང་ལྩི། བསླབ་ཏུ་ཡང་རྒྱ་ཆེ། བསྒྲུབ་ཏུ་གཏིང་ཟབ། ལྷ་སྲུང་ཡང་རུ་འཐུར་བས་བསྣུབ་འཚལ་ཟེར་བ་སོགས་ལ་གཞིགས་ན། དེང་གི་ཆར་མྱི་འགའ་རེས་ཕྱོགས་རིས་ཅན་གྱི་ཡིག་ཆ་རེ་གཉིས་མཐོང་ནས་གནས་ལུགས་ཟབ་མོ་ཞིག་རྙེད་ཁུལ་བྱས་ཏེ།ཁྲི་སྲོང་གིས་བསྣུབས་པའི་བོན་ནི་ཡ་ཐོག་སྲིད་པའི་བོན་ལས་གཡུང་དྲུང་བོན་མིན་ཏེ།གཡུང་དྲུང་བོན་ནི་ཤཱཀྱའི་ཆོས་ལུགས་ཀྱི་ནང་དོན་དང་འདྲ་སྟེ་བསྣུབས་མི་དགོས་རབ་བཤད་ཀྱང༌། སྐད་ཆ་དེ་ནི་ཕུགས་མེད་རང་བཟོ་ལྟ་བུ་ཡིན་པར། གོང་གསལ་ལྟར་བོན་ནི་ཆོས་ལས་བསྒྲུབ་ཏུ་གཏིང་ཟབ་པ་དང༌། བཀུར་ན་ལྩི་བ་སོགས་ཀྱིས་དབྱེ་བ་བཀར་བ་འདིས་གསལ་བོར་རྟོགས། འོ་ན་གཡུང་དྲུང་བོན་འདི་ཤཱཀྱའི་ཆོས་ལུགས་ལས་བསླབ་ཏུ་རྒྱ་ཆེ་བ་དང༌། བཀུར་ན་ལྩི་བ་ཞིག་ཇི་ལྟར་ཡིན་ཞེ་ན། རྒྱ་གར་པ་སློབ་དཔོན་དབྱིག་གཉེན་གྱིས་ཐེག་ཆེན་ནམ་མཁའི་མེ་ཏོག་ལ། ཨ་ཇོ་བདུད་ཀྱི་རྗེས་འབྲང་འདྲ། ཞེས་པའི་གསུང་གིས། སློབ་དཔོན་དབྱིག་གཉེན་གྱི་ངོ་ལ་ཐེག་ཆེན་ནམ་མཁའི་མེ་ཏོག་གི་རྗེས་སུ་སོང་བར་བལྟས་ན། བཅོམ་ལྡན་འདས་ཀྱིས་ཐེག་པ་ཆེན་པོའི་གཞུང་ལུགས་ཤིག་མ་བསྟན་པར་བསྟན་འདུག ལྷག་པར་དུ་སྟོན་པ་ཤཱཀྱ་ཐུབ་པ་དང་ཆས་དང་ཆ་ལུགས་ཡོངས་སུ་མཚུངས་ཤིང་ཁོང་གི་རྗེས་འཇུག་ངོ་མ་རྒྱ་གར་གྱི་དགེ་སློང་སེར་པོ་བ་དག་གིས་ཐེག་པ་ཆེན་པོའི་ཆོས་འདི་ཤཱཀྱ་ཐུབ་པས་བསྟན་མེད་པར་བཤད་པ་དང༌། ཡང་ཐེག་ཆེན་གྱི་གཞུང་འདི་ཀླུ་སྒྲུབ་རིག་པ་རྣོ་བས་ཁོས་གསར་དུ་གཏོད་པ་ཡིན་ཟེར་མཁན་སྣང་མོད། སློབ་དཔོན་ཀླུ་སྒྲུབ་ཀྱི་ཐེག་པ་ཆེན་པོའི་གནས་ལུགས་རྙེད་ས་རྒྱ་གར་བྱང་ཕྱོགས་ཡིན་པར་འདོད་ལ། རྒྱ་གར་བྱང་ཕྱོགས་ནི་སྲིད་པ་གཡུང་དྲུང་བོན་བསྟན་དར་སའི་ཞང་ཞུང་གི་གནས་ཡིན་པར་ངེས། འདི་དག་གིས། ཤཱཀ་གཤེན་གཉིས་ཀྱི་བསྟན་པ་འདི་བློན་གཡུ་སྒྲ་དང་མཆིམས་བཞེར་གཉིས་ཀྱིས་བཤད་པ་ལྟར་རྒྱ་ཆེ་མིན་དང་གཏིང་ཟབ་མིན་ཀྱི་རྣམ་དབྱེ་གསལ་བོ་ཡོད་པ་ཞིག་རེད། 《སྲིད་རྒྱུད་ཁ་བྱང》 ༼སྣ་ཐུང་མ༽ཤ ༣༥“ཁྲི་སྲོང་གི་ཞལ་ན་རེ། ཆོས་འདི་རྒྱ་གར་ཀུན་ཀྱིས་སྤྱོད། རྒྱལ་པོས་ལོ་སྟོང་ཐུབ་པོ་ཟེར། ཚེ་ཕྱི་མར་ལྷ་རུ་སྐྱེ”ཞེས་པའི་ཚིག་གིས་ཁོང་བསླུས་ཤིང་དེ་ལ་བློན་པོ་རྣམས་ཀྱིས་གནས་ལུགས་ཀྱི་བདེན་པ་མང་པོ་བཤད་ནས་བཀག་འགོག་བྱས་ཀྱང་མ་ཐུབ་པར་རྒྱ་གར་གྱི་ཆོས་བོད་ལ་གདན་འདྲེན་བྱས་པ་མ་ཟད། སྲིད་པ་གཡུང་དྲུང་བོན་འདི་བསྣུབ་རྒྱུའི་ཉེར་བསྡོག་མང་པོ་བྱས་ཀྱང༌། རེ་ཞིག་ཁོང་གིས“བོན་བསྒྱུར་ཆོས་འཛུགས”ཀྱི་བྱ་བ་འདིས། ཞང་ཞུང་ཛྭ་དམར་དང་སྔགས་ཀྱི་སྐོར་གཅིག བཟོ་པ་ཊའི་སྐོར་ཞིག་ལས་མདོ་སྔགས་ཀྱི་བཀའ་དང་བསྟན་བཅོས་རྒྱུད་སྡེ་རྣམས་བསྣུབས་མི་རིགས་གསུངས་ཀྱང༌། དེ་ནི་གནས་སྐབས་ཀྱི“བོན་བསྒྱུར་ཆོས་འཛུགས”ཀྱི་རྨང་གཞི་ཙམ་ལ་མཁོ་བའི་ཆེད་ཡིན་པ་ལས།རྩ་བའི་ཆ་ནས་བསྒྱུར་གཞིའི་བོན་རྣམས་མ་བསྣུབས་ཚེ།རྗེས་སུ་ཆོས་ཀྱི་བྱུང་ཁུངས་ཀྱི་གནས་ལུགས་དམར་རྗེན་ནེ་འབུད་ངེས་ལ། དེ་དག་གི་ཕྱིར་དུ་དུས་རབས་བརྒྱད་པའི་ནང་དུ་ཁོས་བོན་བསྣུབས་པར་《བསམ་ཡས་དཀར་ཆག་ཆེན་མོ》དང《མཁས་པའི་དགའ་སྟོན》 《དར་རྒྱས་གསལ་སྒྲོན》སོགས་བན་བོན་གྱི་ལོ་རྒྱུས་དེབ་ཐེར་མང་ཆེ་བར་མཐུན་སྣང་དུ་གྲུབ་པའི་སྣང་ཚུལ་ཞིག་གྲུབ་ཡོད།
དེ་ལྟའི་རང་ནོར་གཞན་དུ་བཙོང་བའི་ཆབ་སྲིད་རང་བཞིན་གྱི་རྣམ་པ་ཞིག་གི་འོག་ནས་བོན་པོ་རྣམས་ཕམ་སྟེ་བོན་གཤེན་སོགས་བོན་ལ་དད་མོས་བྱེད་མཁན་གྱི་མི་སྣ་མང་པོ་མཐའ་ཕུད་བཏང་ཞིང༌། དྲན་པ་ནམ་མཁའ་སོགས་བོན་གཤེན་མང་པོ་ཞིག་གིས་བོད་རང་ས་ནས་དར་བའི་བོན་གྱི་རིག་གཞུང་རྣམས་རྩ་མེད་དུ་མི་འགྲོ་ཕྱིར་བོན་གྱི་གཙུག་ལག་མང་པོ་གཏེར་དུ་སྦས་པའི་ལོ་རྒྱུས་ཡོད་ལྷག་པར་དུ“བོན་བསྒྱུར་ཆོས་འཛུགས”ཀྱི་བྱ་བའི་ཁྲོད་དུ་བསྒྱུར་མ་ཐུབ་པའི་རིག་གཞུང་མང་པོ་སྐབས་དེའི་ཤཱཀྱའི་ཆོས་ལུགས་ཀྱི་རྫོང་ཧ་ཅང་འཐུག་སའི་བསམ་ཡས་གཙུག་ལག་ཁང་དུ་སྒྲོམ་གཅིག་ལ་ཁྲོ་ཆུས་རྒྱས་བཏབ་ནས་བཞག ཕྱིས་སུ་བོན་གྱི་གཏེར་སྟོན་བཅོ་ལྔ་ཙམ་བྱོན་པའི་ཐོག་མར་དྲངས་པའི་ལྷོ་བལ་གྱི་ཨ་ཙ་ར་མྱི་གསུམ་གྱིས་གཏེར་ནས་དྲངས་པར་བཤད། དེ་ཡང་ཡག་བརྗོད་བྱས་ཏེ་གཏེར་སྟོན་གྱི་ཐོག་མ་དང་གཏེར་ནས་དྲངས་ཟེར་བ་ལས་དོན་དུ་སྔོན་དུས་རྒྱ་གར་གྱི་མྱི་རྣམས་བོད་དུ་གསེར་ལེན་དུ་ཡོང་བ་དང་གསེར་ཉོ་རུ་ཡོང་བར་རྔམ་ལ་ཨ་ཙ་ར་དེ་གསུམ་གྱིས་ཀྱང་བོད་ནས་གསེར་ཅི་འདོད་འདོད་དུ་བླང་དུ་ཡོད་ཟེར་བའི་གཏམ་ཞིག་ཐོས་པ་དང་ལྷན་དུ་ཡོང་བ་ཞིག་ཡིན་དེ་ཡང་ཅི་འདོད་འདོད་ཅེས་པའང་བོད་མྱི་རྣམས་གླེན་རྟགས་ཆེ་བའི་སྟབས་ཀྱིས་རྒྱ་མཚོའི་འདབས་ཀྱི་རྡོ་ནར་ནར་དང་ལེབ་ལེབ་ཡང་ན་འུ་ཚོའི་ཐང་ཁ་སོགས་ཀྱི་ངོ་ལ་འབྲི་སྦྱངས་བྱས་པའི་ནོར་བུ་དག་དང་དབྱིབས་འདྲ་བའི་རྡོ་གཟུགས་མང་པོ་ཁོ་ཚོས་རིན་མེད་དུ་ཁྱེར་ཡོང་བ་དག བོད་མྱི་དག་གི་ཁྱིམ་གྱི་རྒྱུ་ནོར་ཡོད་ཚད་དུ་གྱུར་པའི་གསེར་དང་བྱུ་རུ་དག་ལ་བརྗེ་ཐུབ་པས་ཡིན་རྒྱུ་རེད། ངས་གོང་དུ་བཤད་པའི་ཨ་ཙ་ར་མྱི་གསུམ་གྱིས་བསམ་ཡས་སུ་གསེར་ཡོད་པར་ཐོས་ཏེ།ཁོ་ཚོ་དད་པ་ཡོད་པའི་མྱི་རུ་བཅོས་ནས་བསམ་ཡས་སུ་ཐོན་པ་ན། བསམ་ཡས་ལྷ་ཁང་གི་དཀོན་གཉེར་བས་ཁྱོད་ཨ་ཙ་ར་མྱི་གསུམ་དད་པ་ཅན་དང་ས་ཐག་རིང་བོའི་མཇལ་བ་ཡིན་པ་མ་ཟད།མོས་གུས་ཅན་རེ་འདུག་ཟེར་ནས་ལྷ་ཁང་ནང་དུ་བཅུག་ནས་སྒོ་བཅད་དེ་སོང་བ་ན། དེ་རུ་སྒམ་སྒྲོམ་གཅིག་ལ་ཁྲོ་ཆུས་རྒྱས་བཏབ་པ་ཞིག་འདུག་པ་བཏེགས་པ་ན་ཧ་ཅང་ལྗིད་ཆེ་བ་ཞིག་འདུག་པར་གསེར་ཡིན་སྙམ་ནས།དེ་བརྐུས་ཏེ་བྲོས་ནས་ཉིན་ཞག་མང་པོ་བཅད་པའི་མཐར་ཁ་ཕྱེས་ཏེ་བལྟས་པ་ན་ནང་དུ་ཡོད་པ་ཐམས་ཅད་བོན་དུ་འདུག གང་ལྟར་དེ་དག་བོན་པོ་གཟེ་སྒུར་ལ་སོགས་པའི་ལག་ལ་ཐོན་པ《དར་རྒྱས་གསལ་སྒྲོན》སོགས་བོན་གྱི་ལོ་རྒྱུས་དེབ་ཐེར་ཁག་ཏུ་གསལ་བོ་ཡོད་ལ། དེས་བོད་རང་ནོར་གྱི་གཙུག་ལག་མང་པོ་ཞིག་བསམ་ཡས་ནས་བསྣུབས་མ་དགོས་འདི་ཨ་ཙ་ར་མྱི་གསུམ་གྱི་བཀའ་དྲིན་དུ་བརྗོད་ཆོག་པས།ཁོ་ཚོ་ལ་གཏེར་སྟོན་གྱི་ཆོ་ལོ་ཞིག་གནང་བའང་དོན་མེད་ཅིག་མ་རེད་ཨང༌།
ཁྲི་སྲོང་གིས་པདྨ་འབྱུང་གནས་དང་བཻ་རོ་ཙ་ན་གཉིས་ཁོ་རང་གི་དབུ་བླ་རུ་གདན་འདྲེན་ཞུས་པ་དང་བཻ་རོ་ཙ་ན་ཆེད་དུ་རྒྱ་གར་དུ་རྫོགས་པ་ཆེན་པོའི་མན་ངག་ལེན་དུ་མངགས་ཟེར་ཡང༌། 《བཀའ་ཐང་སྡེ་ལྔ》༼དེབ་གཟུགས༽མའི་ནང་དུ་པདྨ་འབྱུང་གནས་ཀྱིས་བོད་དུ་བཻ་རོ་ཙ་ན་ལ་རྫོགས་པ་ཆེན་པོའི་དབང་བསྐུར་མན་ངག་གནང་བ་འདྲ་ཞིག་བཤད་ཡོད། གལ་སྲིད་པདྨ་འབྱུང་གནས་ལ་རྫོགས་ཆེན་གྱི་གདམས་ངག་ཡོད་ན་བཻ་རོ་ཙ་ན་རྫོགས་པ་ཆེན་པོའི་མན་ངག་ལེན་མིར་རྒྱ་གར་ལ་མངགས་དགོས་དོན་མེད་ལ། དེས་པདྨ་འབྱུང་གནས་རྫོགས་ཆེན་པ་ཞིག་མིན་པར་མཚོན་ཡོད། བཀའ་ཐང་ལྟར་ན་པད་འབྱུང་གིས་རྫོགས་ཆེན་གྱི་གདམ་ངག་བཻ་རོ་ལ་གནང་ཡོད་ཟེར་བ་ནི། དེ་པད་འབྱུང་རྫོགས་ཆེན་པ་ཞིག་ཡིན་པར་བསྒྲུབ་ཁུལ་བྱེད་སྤྱད་ཅིག་ལས་དངོས་དོན་བཀའ་ཐང་སྡེ་ལྔ་སོགས་ནི་ལྷ་སྒྲུང་རང་བཞིན་གྱི་གཞུང་ལུགས་ཤིག་ཡིན་པས་དཔྱད་གཞིར་འཇོག་རུང་བ་ཞིག་ཀྱང་ག་ལ་ཡིན། ལྷག་པར་དུ་གསང་སྔགས་ཀྱི་གཞུང་ལུགས་ནང་གི“སྦྱོར་བ”དང་“སྒྲོལ་བ”འདི་ཁོ་ཚོས་ལོག་སྤྱོད་དུ་གོལ་བས་སྐབས་དེའི་བོད་ཁམས་ཟང་ཟིང་ལ་བཏང་བ་མ་ཟད།ཐ་ན་མཐོ་བ་བོད་རྗེ་དང་ཁོང་ཚོའི་བར་གྱི་བླ་སློབ་ཀྱི་འབྲེལ་བའང་མ་བརྟན་པར་བཻ་རོ་ཙ་ན་ཚ་བ་རོང་དུ་རྒྱང་ཕུད་བཏང་ཞིང༌། རྒྱ་ནག་གི་བཙུན་པ་ཧ་ཤང་མ་ཧ་ཡ་ན་ཏུན་ཧོང་དུ་སྤྱུགས་པ་སོགས་དང༌། ཁྲི་སྲོང་ལྡེ་བཙན་རང་ཡང་བསམ་ཡས་སུ་སྡོད་མ་བཟོད་པར་མ་ཟད། ཕལ་ཆེར་ལོ་དེའི་ནང་མྱི་ཚེའི་གཟུགས་བྱད་རྫོགས་པ་འདྲ་ཞིག་ཆགས། ཡང་གཞན་གཅིག་ལ། “སྦྱོར་བ” དང “སྒྲོལ་བ” གཅིག་པུས་རྐྱེན་བྱས་པ་མ་ཡིན་པར་སློབ་དཔོན་གྱི་ཞལ་ནས་བོད་འབངས་རྣམས་བདེ་ཞིང་སྐྱིད་པའི་སླད་དུ་གནོད་སྦྱིན་ལས་ནོར་བསླངས། འཛམ་བུ་གླིང་གི་ནོར་ཁུངས་ཡོད་ཚད་བོད་དུ་འབྱུང་བར་བྱ། ངམ་ཤོད་སོགས་ཆུ་དཀོན་པ་རྣམས་སུ་ཆུ་བཏོན་ནས་གྲམ་པ་ཐམས་ཅད་ཞིང་དུ་བསྒྱུར་ནས་ཞིང་གིས་བོད་ཀུན་འཚོ་བར་བྱ། གཙང་ཆུ་སྦུབས་སུ་འཇུག་པ་དང༌། བྱེ་མ་ཐམས་ཅད་ནགས་ཚལ་དང་ནེའུ་གསིང་དུ་བསྒྱུར། བོད་ཡུལ་ངན་པ་ཀུན་བཟང་པོར་བྱ་ཞེས་པ་དང་རྒྱལ་པོས་ལོ་སྟོང་ཐུབ་དང་ཚེ་ཕྱི་མར་ལྷ་རུ་སྐྱེ་ཞེས་པའི་ཁ་ཤོམ་ཞིག་གིས་བོད་དུ་གདན་འདྲེན་བྱས་པ་མངོན་ལ།རྗེས་སུ་དེ་དག་རྫུན་གཏམ་ལྟ་བུར་སོང་གཤིས་ཁོ་སླར་རྒྱ་གར་དུ་སྤྱུགས་པ་དེ་ལ་ཐུག
ཡང་པདྨ་འབྱུང་གནས་ཕྱི་རོལ་བ་ཞིག་ཡིན་ལ་ཁོས་མཐུ་ནུས་ཤེས་པ་དེའང་ཕྱི་རོལ་བའི་མཐུ་སྔགས་དང་རྫུ་འཕྲུལ་རེ་འགའ་རེད་ཅེས་བཤད་མཁན་ཡོད་མོད། དེ་ཡང་བདེན་པ་མེད་པ་ཞིག་མིན་ཏེ་དེང་དུས་རྒྱ་གར་སོ་ལན༼solan༽སོགས་སུ་ཕྱི་རོལ་བ་ཡིན་པའི་མགོ་ལ་རས་དཀྲིས་ཤིང་དེའི་སྟེང་དུ་བྱ་སྒྲོ་བཙུགས་པ། ལག་པ་གཡས་པར་དབྱིག་པ་རིང་པོ་ཞིག་གི་རྩེ་མོར་ཐོད་སྐམ་ཐོགས་པ།གཡོན་པར་ལྕགས་ཀྱི་ཅ་ནེ་བཟུང་པའི་ཕྱི་རོལ་བ་མང་པོ་རིག་རྒྱུ་ཡོད་ལ། དེ་དག་གི་ཆ་བྱད་ལ་བརྟགས་ནའང་དོགས་པ་འདྲ་ཞིག་ཆགས་ཡོད། 《གཉའ་ཁྲི་བཙད་པོ》སྤྱིའི་དེབ༡༤ ཤ ༡༥ པད་མ་བཀའ་ཐང་ནང་དུ་གུ་རུ་རིན་པོ་ཆེས་གྲོང་ཁྱེར་མང་པོ་དང་ཡུལ་མང་པོ་བརླགས་པས་མཐར་གུ་རུ་རིན་པོ་ཆེ་ཡང་ཡུལ་དེ་ནས་མཐའ་ཕུད་བཏང་བའི་ལོ་རྒྱུས་ཡོད་པ་སོགས་ལ་དམིགས་ན། ཁྲི་སྲོང་གིས་རྒྱ་གར་དང་ཐང་རྒྱལ་རབས།དབྱི་ལང་སོགས་ལ་དམག་བརྒྱབ་ནས་བྱས་རྗེས་བཞག་རབས་ལོ་རྒྱུས་དག་ཏུ་གསལ་མོད། ལྷག་པར་རྒྱ་གར་དུ་དམག་ཅི་ཞིག་ལ་དྲངས་པའི་སྐོར་སོགས་ནས་ཞིབ་ཕྲ་དང་རྒྱས་སྤྲོས་མེད་པ་ནི་ཆོས་འབྱུང་རྩོམ་པ་པོ་དག་གི་གཡོ་འོག་གི་འཕྲུལ་ཐབས་ཤིག་ཏུ་ངེས་པའི་སྣང་ཚུལ་སྟེར་བ་གོང་གསལ་མཐའ་ཕུད་བཏང་ནས་ཁྲི་སྲོང་གིས་རྒྱ་གར་ལ་དམག་དྲངས་པ་སོགས་ལ་འབྲེལ་བ་ཡོད་མེད་ཀྱི་དོགས་པ་ཞིག་སྐྱེ་འོང་ཡང་།གཟི་བོར་གནས་ཤིང་བོད་ཀྱི་རིག་གནས་དང་ལོ་རྒྱུས་ངོ་མ་ལ་དུངས་བ་ཟབ་པའི་མྱི་བུ་དག་གིས་བཙལ་འཚོལ་བྱ་དགོས་པ་ཞིག་རེད།
བོན་གྱི་གཞུང་ལུགས་འགའ་རེར་ཁྲི་སྲོང་ནི་བོན་གྱི་རྫོགས་ཆེན་ཀྱི་གནས་ལུགས་བསྐྱངས་པའི་བོད་རྗེ་ཞིག་ཡིན་ཡང་རྗེས་སུ་པད་འབྱུང་སོགས་ཀྱིས་དེ་ལས་བསྒྱུར་བ་བཤད་ཡོད། དེ་ལྟར་ཡིན་ན་རྒྱ་གར་པ་ཁོ་ཚོས་རྒྱ་གར་གྱི་ཆོས་འདི་རྒྱལ་པོ་ཞིག་གིས་སྤྱད་ན་ལོ་སྟོང་ཐུབ་པ་དང༌། ཕྱི་མ་ཡང་ལྷ་རུ་སྐྱེ་ཐུབ་ཅེས་པའི་ཚིག་ཅིག་གསུངས་མྱོང་བ་དང༌། རྒྱལ་པོ་རང་གིས་ཏག་ཏག་བོན་གྱི་རྫོགས་ཆེན་གྱི་གནས་ལུགས་བསྐྱངས་ནས་ལྟ་བའི་ངོར་འཇོག་མ་ཐུབ་པར་ཐང་ཆད་པའི་སྐབས་དེ་ཞིག་དང་བསྟུན། རྒྱ་གར་པ་ཁོ་ཚོས་རྒྱ་གར་གྱི་ཆོས་འདི་དེ་ལས་སློབ་རྒྱུ་སླ་མོ་ཡིན་ཚུལ་སོགས་ཀྱིས་ཁོའི་རང་ནོར་ཤོར་ཞིང་རང་ལྟ་བསྐྱངས་མ་ཐུབ་པའི་རྒྱུ་རྐྱེན་ཞིག་ཀྱང་དེ་རུ་འདུག དེས་ན་འུ་ཚོའི་མྱི་རབས་སྔོན་མ་ནས་མཁས་པ་མང་པོ་ཞིག་གི་རང་འདོད་དང་ཆོས་ལུགས་ཕྱོགས་ཞེན་གྱིས་བཅོས་པའི་རྫུན་གཏམ་གནམ་སས་མི་ཁེབས་པའི་ཆོས་འབྱུང་གླེགས་བམ་དེ་དག་གིས་མྱི་རིགས་ཤིག་གི་འཕེལ་ཕྱོགས་དང་བཀའ་དྲིན་ཅན་གྱི་ཡབ་མྱེས་མང་པོ་ཞིག་དང་དེ་དག་གིས་བསྐྱེད་པའི་ཤེས་རིག་མང་པོ་ཞིག་མྱི་གཞན་པ་ཞིག་དང་ཕྱི་རྒྱལ་ཞིག་ནས་ཡོང་བ་ཡིན་ཞེས་རྡོག་བརྫིས་བཏང་བ་དག་གིས་ང་ཚོ་ཅི་འདྲ་ཉམ་ང་བའི་གནས་སུ་ལྟུང་ཨང༌། དེའི་ཕྱིར་ང་ཚོས་དཔྱད་གཞིར་རུང་བའི་ཡ་ཐོག་ཞང་བོད་རིག་གཞུང་དག་ལ་རྒྱུས་ལོན་ཡང་དག་པ་རེ་དང་།ལྷག་པར་གཟུ་བོར་གནས་ཤིང་ཕྱོགས་ཞེན་གྱིས་མ་བསླད་པའི་བོད་ཀྱི་རྒྱལ་རབས་ལོ་རྒྱུས་དག་ལ་བལྟས་ཏེ་ཡ་ཐོག་བོད་ཀྱི་འཇིག་རྟེན་དང་དེའི་ཤེས་རིག་གི་འབྱུང་ཁུངས་གསལ་བོ་ཞིག་བཙལ་འཚོལ་བྱ་རྒྱུ་ཆེས་གལ་ཆེ་བའི་བྱ་ལས་ཤིག་མ་ཡིན་ནམ།
“མྱི་སེམས་འདྲ་མིན་སྣ་ཚོགས། །སེམས་ལ་མི་འཆར་དགུ་འཆར།” རལ་གྲི་ཁོ་བོན་པོ་རེད་ཁོས་འདི་ལྟར་བཤད་ནི་རེད་ཅེས་འདོད་པ་ཡོད་མོད། དེ་ཡང་ཁྱོད་ཀྱི་རྣམ་རྟོག་ཙམ་ལས། ངས་ནི་གོང་གསལ་དེ་དག་ལོ་རྒྱུས་དང་རིག་གཞུང་དེབ་ཐེར་མང་པོ་བཀླགས་ནས་དེའི་བར་ནས་རྙེད་པའི་བདེན་པ་རེ་གཉིས་དཔྱད་གཞིར་བཞག་པ་ཙམ་ཡིན།

དཔྱད་མཆན 1 ཡོད།

དཔྱད་མཆན་སྤེལ།

ཡིག་ཟམ་ས་གནས་ཀུན་པོར་མི་བསྒྲགས། རྟགས * ཅན་ངེས་པར་དུ་བླུགས་དགོས།