ཀན་ལྷོ་ཡུལ་དུ་བོན་བསྟན་དར་ཚུལ་བརྗོད་པ།

མདོ་སྨད་ཀན་ལྷོ་ཡུལ་དུ་བོན་བསྟན་དར་བའི་ལོ་རྒྱུས་རགས་རིམ་ཙམ་བརྗོད་པ།
ངག་དབང་རྒྱ་མཚོ།

[ནང་དོན་མདོར་བསྡུས] མདོ་སྨད་ཀན་ལྷོ་ཡུལ་དུ་ཐོག་མར་སྲིད་པའི་རྒྱུད་ཀྱི་བོན་དར་ཚུལ་དང་། སྲིད་ པའི་བོན་གྱི་ཆོ་ག་སྤེལ་མཁན་ལྷ་བདག་ལེའུ་སྐོར་གསུམ་གྱི་གནས་ཚུལ་རགས་བཀོད། ཕྱིས་སུ་གཡུང་དྲུང་བོན་ དར་ཚུལ་དང་། ཞིག་ཆེན་བཅོ་བརྒྱད། སྐྱང་འཕགས་དང་གཙོ་འཕགས་ཀྱིས་ཀན་ལྷོ་ཡུལ་དུ་བོན་བསྟན་སྤེལ་ཚུལ་བཤད་ཡོད། 
[གནད་ཚིག] མདོ་སྨད་ཀན་ལྷོ། སྲིད་པའི་བོ། ལྷ་བདག་ལེའུ། གཡུང་དྲུང་བོན། ཞིག་ཆེན་བཅོ་བརྒྱད། སྐྱང་འཕགས་དང་གཙོ་འཕགས། བོན་བསྟན་སྤེལ་ཚུལ།
[རྩོམ་པ་པོ་ངོ་སྤྲོད] ངག་དབང་རྒྱ་མཚོ། འཆད་ཁྲིད་དགེ་རྒན། ད་ལྟ་གཙོས་མི་རིགས་དགེ་ཐོན་ཆེད་གཉེར་སློབ་གྲྭར་དགེ་རྒན་གྱི་ལས་གཉེར་བཞིན་ཡོད།
མདོ་སྨད་ཀན་ལྷོ་ཡུལ་དུ་བོན་བསྟན་དར་བའི་ལོ་རྒྱུས་ཤིན་ཏུ་རིང་སྟེ། འབྲེལ་ཡོད་བོན་འབྱུང་དག་ཏུ་སྟོན་པ་གཤེན་རབ་མི་བོ་རྫུ་འཕྲུལ་གྱིས་ཐེ་བོའི་དམུ་རི་སེང་གེ་རྫོང་ལ་ཞབས་ཀྱིས་བཅགས་ཚུལ་དམུ་རིའི་དཀར་ཆགས་སུ་བྲིས་ཡོད་པ་དང་། སྟོད་དུ་རྒྱལ་པོ་གྲི་གུམ་བཙན་པོས་བོན་བསྣུབས་ཏེ་བོན་གྱི་རྗེས་འཇུག་པ་རྣམས་ཀྱིས་མདོ་སྨད་ཐེ་བོའི་བྲག་དཀར་བྱ་རྒོད་རྫོང་དང་དམུ་རི་སེང་གེ་རྫོང་དུ་བོན་ཆོས་གཏེར་དུ་སྦས་ཚུལ་དམུ་རིའི་དཀར་ཆག་རྒྱས་པ་དང་བྲག་དཀར་བྱ་རྒོད་རྫོང་གི་དཀར་ཆག་སོགས་སུ་གསུངས། མདོ་སྨད་ཀན་ལྷོའི་ཡུལ་དུ་ཐོག་མ་སྲིད་པའི་རྒྱུད་ཀྱི་ས་བོན་དར་ཚུལ་དང་། ཕྱིས་སུ་གཡུང་དྲུང་བོན་དར་ཚུལ་ཤིན་ཏུ་བསྡུས་པའི་ཚུལ་དུ་ཅུང་ཟད་གླེང་པར་བྱའོ། །

དང་བོ། མདོ་སྨད་ཀན་ལྷོའི་ཡུལ་དུ་སྲིད་པའི་བོན་དར་ཚུལ།

མདོ་སྨད་ཀན་ལྷོའི་ཡུལ་དུ་བོན་བསྟན་དར་པའི་ལོ་རྒྱུས་མདོ་ཙམ་བརྗོད་ན། བཙན་པོའི་རྒྱལ་རབས་སུ་མངའ་རིས་རྒྱ་བསྐྱེད་པ་དང་བསྟུན་ནས་བོད་དམག་མང་པོ་ཡུལ་མདོ་སྨད་དུ་བྱོན། ས་མཚམས་སྲུང་བའི་དམག་དཔུང་དང་མཉམ་དུ་ཕྱིན་པའི་བོན་པོ་དག་གིས་མོ་འདེབས་པ་དང་། སྨན་ བྱེད་པ། སྒྲ་བླ་བསྟོད་པ་དང་། ཀླུ་གཉན་བསྐང་བའི་ལས་ཅི་རིགས་བྱེད་དེ་དམག་རོགས་མཛད། དེ་རིགས་ཡུལ་མཐའ་འཁོབ་ཏུ་གནས་ཏེ་སྲིད་པའི་རྒྱུ་བོན་གྱི་ཆོ་ག་སྤེལ། གནའ་སྲོལ་མ་མཉམ་པའི་ བོན་པོ་དེ་དག་ལ་ལྷ་བདག་ལེའུ་དང་བོན་པོ་ལེའུ་ཞེས་ཟེར། ལེའུ་ནི་ལྷེའུ་གཉིས་དང་དོན་མཐུན་ཏེ། ལྷ་ཆུང་ཆུང་ཞེས་པའི་དོན་དུ་འཇུག མིང་གི་རྣམ་གྲངས་སུ་ལྷ་བདག་ལེའུ།ལེའུ་ལྷ་གསལ། ལེ་ཀུ། ཡུལ་སྐད་དུ་ལེ་བོ།གནམ་མྱི་སོགས་ཡོད། བོད་ཀྱི་བརྡ་སྐད་མིང་གཞི་གསལ་བ་སྟོན་པའི་བསྟན་བཅོས་ལས། ལྷེའུ་ཞེས་པ་བརྡ་རྙིང་སྟེ་དཔོན་གསས་ཞེས་གསུངས། དཔེར་ན། བརྡ་སྤྲོད་དཔག་བསམ་ལྗོན་པའི་སྙེ་མ་ལས། ལུང་དང་ལྷེའུ་རྗེ་དག་ལ་བརྟེན་བྱས་ནས། ཚིག་གི་སྒྲོ་འདོགས་ཆོད་དང་དོན་དམ་ཆོད་ཞེས་པ་ལྟ་བུའོ།།དབང་ལུང་མན་ངག་ཐམས་ཅད་ཀྱི་རྒྱུད་པ་འཛིན་ཅིང་བསྟན་པའི་བདག་པོར་གྱུར་པས་དཔོན། ཡོན་ཏན་གྱི་གཞི་ཆེ་བས་གང་ཟག་གཞན་གྱི་དཔེ་ཟླར་མི་འོས་ཤིང་དམ་པའི་གནས་སུ་གྱུར་པས་གསས་ཞེས་བྱའོ་ཞེས་ལེགས་བཤད་མཛོད་ཀྱི་མཇུག་མཆན་དུ་གསལ་བ་བཞིན། དཔོན་གསས་ནི་བོན་གྱི་བླ་མའི་དོན་དུ་འཇུག་སྟེ། གསས་ནི་ལྷའི་དོན་དུ་འཇུག ལྷ་ཁང་ལ་གསས་ཁང་ཞེས་པའི་མིང་དེ་རྒྱུན་འབྱམས་སུ་སོང་ཡོད་པ་ལྟར་རོ། གཞན་ཡང་ནམ་མཁའ་ནོར་བུའི་གསུང་རྩོམ་སྒྲུང་ལྡེའི་བོན་གསུམ་གྱི་གཏམ་གྱི་མཇུག་མཆན་དུ། ལེའུ་ཞེས་པ་ནི་ལྷའུ་འམ་ལེའུ་སྟེ་སྒྲུབ་པ་པོ་ལ་འཇུག་ཟེར་རུང་། འགྲེལ་བ་ལ་ལས་གོ་ལོག་ཏུ་སོང་བས་འདིར་མ་སྨྲས། ལེའུ་ལྷ་བདག་གི་ བྱེད་ལས་གཙོ་བོ་ནི་བདུད་བཙན་དྲག་པོ་ལ་གླུད་འཇལ་བ། ལྷ་ལ་ཡོན་ཕུལ་བ། བོན་ལ་བརྔན་སྦྱིན་པ། འདྲེ་ལ་ཡས་སྦྱིན་པའི་ལས་ལ་གཉེར། བླ་བསླུ་དང་འཆི་བསླུ། གཉན་དུ་བྱ་འགྱོགས་པ། གཏོ་ཡིས་གདོན་ཞི་བ་དང་སྨན་གྱིས་ནད་འཇོམས་པའི་ལས་བྱེད། ལེའུ་རྣམས་ཀྱི་འདོན་ཆ་གཙོ་བོ་ནི་ཆབ་ ནག་རྒྱུའི་བོན་ཏེ། ཐེག་དགུའི་དབང་དུ་བཏང་ན་ཕྱྭ་གཤེན་སྣང་གཤེན་འཕྲུལ་གཤེན་སྲིད་གཤེན་རྒྱུའི་བོན་བཞི་ཡིན། ཕྱྭ་གཤེན་ནང་གསེས་སུ་པྲ་ལྟས་མོ་དང་རྣོ་མཐོང་རྩིས། ན་གསོ་གཏོ། འཆི་བསླུ་དཔྱད་བཅས་འདུས་ཡོད། སྣང་གཤེན་ནང་གསས་སུ་གྱེས་སྒོ་བཞི་སྟེ་ཆབ་ནག་ཆུ་བོ་སེལ་གྱི་སྒོ། ཆབ་དཀར་འདྲེ་དང་སྲི་ཡི་སྒོ། འཕན་ཡུལ་མཉམ་བརྗེ་གླུད་ཀྱི་སྒོ། དཔོན་གསས་ཕྱ་གཉན་གཏོ་ཡི་སྒོ་བཞིའོ། །སྐད་གཅོང་དགུ། གཏང་རག་བཞི་བཅུ་རྩ་གཉིས་བཅས་ཡོད། འཕྲུལ་གཤེན་ལ་བསྙེན་དང་སྒྲུབ་དང་ལས་སྦྱོར་རོ། །སྲིད་གཤེན་བོན་སྒོ་ལ་ཤི་ཐབས་དང་འདུར་ཐབས་གཉིས་ཡིན། འབྲུག་ཆུ་སྟོད་རྒྱུད་དང་ཅོ་ནེ་མ་རུ། ཐེ་བོ་བར་བ་དང་སྨད་དུ་གྲོང་སྡེ་རེ་རེར་ཨ་མྱེས་ལེའུ་ཞེས་ད་ལྟ་བར་དུ་ཡོད། ལེའུ་རྣམས་ཀྱི་ཆ་བྱེད་ནི་མགོར་དོམ་རལ་བཅིངས་པ་དང་། ལག་ཏུ་སིལ་སྙན་དང་ཁྱུང་འཛིན་པ། གོན་རྒྱུ་བོད་མི་ཕལ་བ་དང་འདྲའོ། དེ་དག་གིས་གཉེན་སྟོན་དུ་གཡང་འབོད་དང་གཡང་འགུགས། ཤི་བར་འདུར་ཐབས། མོ་བཏབ་ནས་ལེགས་ཉེས་འབྱེད་པ། གཏོ་བདལ་བ། བླ་འགུགས་སོགས་གྲོང་སྡེའི་ནང་དུ་གོ་གནས་ཆེ་ཆུང་ངེས་ཅན་ཞིག་ཏུ་ཟིན་ཡོད། ལེའུ་རྣམས་འདུ་ཁང་མེད་རུང་། བོད་ཟླ་གཉིས་པའི་ཚེས་བརྒྱད་ཉིན་ནས་ཚེ་བཅོ་ལྔའི་བར་དུ་གཏོའ་བདལ་བའི་དུས་ཆེན་ ཞིག་ཡོད་དེ། ཉིན་དེ་ལ་ལེའུ་རྣམས་ཚོགས་ནས་གཏོའ་རིགས་སྣ་ཚོགས་བཞེངས་ནས་གྲོང་བ་དང་མཉམ་དུ་གཏོང་བདལ་དགོས། ཕྱིས་སུ་གཡུང་དྲུང་བོན་དར་ནས་བཟུང་སྲིད་པའི་བོན་རྒྱུད་འཛིན་པ་དེ་དག་ཉམས་དམས་སུ་སོང་རུང་རྒྱུད་ཆད་མེད་དོ། །

གཉིས་པ། གཡུང་དྲུང་བོན་དར་ཚུལ། 

ཀན་ལྷོའི་བྱང་རྒྱུད་དུ་བོན་བསྟན་དར་བའི་ལོ་རྒྱུས་མདོ་ཙམ་བརྗོད་ན། གཤེན་ཆེན་ཀླུ་དགས་ལྷོ་གཏེར་གཙོས་པའི་བོན་གཏེར་མང་པོ་བཏོན་ནས་བོན་བསྟན་རྒྱས་པར་མཛད། ཁོང་གི་སློབ་མ་བྲུ་ཞུ་སྤ་སྨེ་གཤེན་བཅས་ཡིན། གཡུང་དྲུང་བོན་དར་བར་སྟོད་དུ་སྤྱི་ཕུད་གཤེན་དང་གྲྭ་ས་ཡ་བཞི། བར་དུ་ཁྱུང་པོ་དཀར་ནག་ཁྲ་གསུམ། སྨད་དུ་བུ་འབོར་གཡུང་དྲུང་བུ་བཞི། མདོ་སྨད་ཞིག་ཆེན་བཅོ་བརྒྱད་དང་མདོ་སྨད་འཕགས་པ་རྣམ་གསུམ་སོགས་ཀྱིས་མདོ་སྨད་ཡུལ་དུ་བོན་དར། གཡུང་དྲུང་སྡེ་བདག་བདུན་ཏེ་གླིང་ཞིག་གཉིས། སྣང་ཞིག་གཉིས། མཁར་རྩེ་རི་ལག་གཉིས། རྩེ་དབུས་བཅས་མདོ་སྨད་གཡུང་དྲུང་སྡེ་བདག་བདུན་བཏབ། ཀན་ལྷོ་ཡུལ་དུ་དགོན་པ་མང་པོ་བཏབ་ཡོད་ཀྱང་། འཆིང་གྲོལ་སྔོན་དུ་དགོན་པ་བཅུ་དྲུག་མ་གཏོགས་མེད།
མདོ་སྨད་ཀན་ལྷོ་བྱང་རྒྱུད་དུ་བོན་དགོན་བཞེངས་པའི་ལོ་རྒྱུས་མདོ་ཙམ་ཞུ་ན། དེ་ཡང་ཞུ་ཡས་ལེགས་པོའི་སློབ་མ་ལྷ་རྗེ་སྐྱིད་པོ། ལྷ་རྗེ་སྐྱིད་པོའི་སྲས་ཞུ་སྐྱེ་སེ་ཆེན་པ་ཡིན། ཞུ་སྐྱེ་སེ་ཆེན་པའི་བུ་ཞུ་སྒོམ་འཁྲུལ་ཞིག ཞུ་སྒོམ་འཁྲུལ་ཞིག་ལ་སློབ་མ་སྐུ་ཞིག་དྲུག་སྟེ་སྣང་ཞིག་འབྲུ་ཞིག་ལྡོང་ཞིག་གླིང་ཞིག་ཤེལ་ཞིག་རྒ་ཞིག་གསུང་ཞིག་དྲུག་སྟེ་ནག་ཞིག་གཡུ་ཞིག་སྟག་ཞིག་སྐྱང་ཞིག་སེ་ཞིག་ཁྲི་ཞིག ཐུགས་ཞིག་དྲུག་སྟེ་རྒྱ་ཞིག་འགའ་ཞིག་བ་ཞིག་ཅོག་ཞིག་གོ་ཞིག་ཨུར་ཞིག་དང་དྲུག་བཅས་བཅོ་བརྒྱད་བྱུང་བ་ལ་ལོ་རྒྱུས་སུ་ཞིག་ཆེན་བཅོ་བརྒྱད་དུ་གྲགས། བསྟན་པའི་དཔལ་གྱུར་ཞུ་སྒོམ་འཁྲུལ་ཞིག་ལ། སྨིན་གྲོལ་རྒྱུན་འཛིན་ཞིག་པོ་བཅོ་བརྒྱད་བྱུང་། དེ་དག་གིས་མདོ་སྨད་བྱང་རྒྱུད་དང་ལྷོ་རྒྱུད་དུ་དགོན་པ་བཏབ་པ་དང་བོན་གྱི་བསྟན་པ་སྤེལ། རྒན་གྱ་རྩེ་ཞིག་དགོན་པ་ནི་སྟོང་ཉིད་བྱ་འཕུར་གྱིས་རབ་བྱུང་དང་པོའི་ནང་དུ་བཏབ། ཁོང་ནི་ཞིག་ཆེན་བཅོ་བརྒྱད་ཀྱི་ཡང་རྩེར་བུད་པས་རྩེ་ཞིག་ཏུ་བརྗོད། བོན་བསྟན་ལ་འཕེལ་འགྲིབ་རྒོད་པས་བསྟན་པ་ཉམས་དམན་དུ་ཕྱིན། ཕྱིས་སུ་རྩེ་ཞིག་དྲུང་རམས་པ་ཤེས་རབ་རྣམ་རྒྱལ་དང་ཆོས་རྗེ་རྒྱལ་བ་ཚུལ་ཁྲིམས་ཀྱིས་ཉམས་གསོ་བྱས། གཞན་ཡང་གླང་ཞིག་རྒྱལ་བློ་གྲོས། སྣང་ཞིག་དབང་གི་རྒྱལ་པོ། ཁྲོ་གཤེན་སྤྲུལ་སྐུ་རྒྱལ་མཚན། རྩེ་ཞིག་སྟོང་ཉིད་ཀྱི་སྤྱི་དགོན་ཅོ་ནེའི་རང་བཞི་མདོ་བོན་དགོན་དེ་ཕྱིས་སུ་ཀླུ་ཆུང་དུ་སྤོས། མི་ནུབ་རྒྱལ་མཚན་ཁང་། མི་འགྱུར་གཡུང་དྲུང་ཁང་། ལྷུན་གྲུབ་བཀྲ་ཤིས་ཁང་། མི་ཞིག་གསས་མཁར་ཁང་བཞེངས། དགོན་པ་འདི་ཐོག་མར་འདེབས་མཁན་ནི་བེ་རི་ཁྲོ་གཉན་རྒྱལ་མཚན་ཡིན། དགོན་འདི་དེང་སང་སྐབས་ཐང་དུ་སྤོས་ཡོད།
མདོ་སྨད་ལྷོ་རྒྱུད་དུ་གཙོ་བོ་མདོ་སྨད་འཕགས་པ་རྣམ་གསུམ་སྟེ། སྐྱང་འཕགས་ནམ་མཁའི་གཡུང་དྲུང་། གཙོ་འཕགས་ཟླ་བ་རྒྱལ་མཚན། དོ་འཕགས་རིན་པོ་ཆེ་བཅས་ ཀྱིས་བསྟན་པ་སྤེལ་བ་ཡིན། ཐེ་བོའི་སྟོད་པ་དང་བར་གཙོ་འཕགས་ཀྱིས་བོན་བསྟན་སྤེལ་བ་དང་། སྨད་དུ་སྐྱང་འཕགས་ཀྱིས་བསྟན་པ་སྤེལ་བ་དང་དགོན་པ་བཏབ། འདིར་ཕལ་ཆེར་སྐྱང་ཚང་དུ་གཏོགས།
དང་པོ། སྐྱང་འཕགས་མུ་ལ་དྲུང་མུའམ་སྐྱང་འཕགས་ནམ་མཁའ་གཡུང་དྲུང་ནི་རབ་བྱུང་དང་པོའི་སྟོད་ཙམ་དུ་འཕན་ཆུའི་སྒུར་བ་ཁོག་ཏུ་འཁྲུངས། སྐྱང་འཕགས་ཀྱིས་ཨ་སྐྱིད་སྐྱང་ཚང་དགོན་ཏེ་སྟོད་སྐྱང་དང་སྐུར་བ་སྐྱང་ཚང་སྟེ་སྨད་སྐྱང་བཏབ། བྱང་སྒུར་སྐྱང་ལྷོ་ལྷ་སྡིངས་ཞེས་སྒུར་སྐྱང་སྐབས་དེ་ཤིན་ཏུ་དར་ཆེ། ཁ་རྒྱུན་དུ་སྐྱང་དགོན་ཁག་བདུན། ཕྱི་དགོན་ལག་བཅོ་བརྒྱད། དགོན་མ་ལག་ལྔ་བཅུ་ང་བཞི། ཕུར་ཐོག་ལྟོང་སྟོང་དང་ལྔ་བརྒྱ་ཞེས་གྲགས། མདོ་སྨད་ཤར་བ་དང་འཕན་ཆུ། ཐེ་བོ་ སོགས་སུ་དགོན་ལག་མང་པོ་ཡོད། སྐྱང་འཕགས་བཞུགས་སྐབས་ཐེ་བོའི་ཁོག་ཏུ་ཞབས་ཀྱིས་བཅགས་ཏེ་རི་ཁྲོད་མང་ཙམ་བཏབ་ཡོད། སྐྱང་འཕགས་ཀྱི་གདུང་རབས་བཅུ་གསུམ་པ་གཙུག་ཕུད་ཚུལ་ཁྲིམས་ཀྱིས་མདོ་སྨད་ཐེ་བོའི་ལྷ་གཟིགས་སུ་རྒོད་པོ་དགོན་པ་དང་འབྲུག་ཆུ་ཇོ་དེངས་བོན་དགོན་བཏབ། འ་ཞ་ནགས་གོང་དགོན་པ་ནི་སྐྱང་འཕགས་ནམ་མཁའི་གཡུང་དྲུང་གིས་བཞེངས་ཞེས་དགོན་དེའི་ལོ་རྒྱུས་སུ་གསལ། ཕྱིས་སུ་སྐྱང་གི་གཙུག་ཕུད་ཚུལ་ཁྲིམས་ཀྱིས་སླར་གསོ་བ་ཡིན། དགོན་པ་དེ་ནི་ཐེ་བོའི་ཁོག་གི་བོན་དགོན་ཆེས་སྔ་བ་ཡིན། ཐེ་བོ་བྱ་བྲང་དགོན་པ་ནི་སྒུར་སྐྱང་གི་བླ་མ་གསེར་སོ་ཅན་གྱིས་སྤྱི་ལོ༩༨༩ལ་བཏབ་ཅེས་བྱ་བྲང་དགོན་པའི་ལོ་རྒྱུས་སུ་ཡོད་ཀྱང་། བླ་མ་གསེར་སོ་ཅན་ནི་སྐྱང་འཕགས་ཀྱི་གདུང་རྒྱུད་རྣམས་ཀྱིས་ཐེ་བོའི་ཝ་པ། བྱ་འབབ་དང་མ་ཡག་བང་ཚང་སོགས་སུ་བོན་དགོན་འགའ་རེ་བཏབ་རུང་ཅོ་ནེ་ས་སྐྱོང་གིས་དགེ་ལུགས་སུ་སྒྱུར། ཐེ་བོ་སྟག་ར་ཁོག་ཏུ་སྐྱང་གི་གདུང་རྒྱུད་བཅུ་བདུན་པ་རྒྱལ་བ་གཡུང་དྲུང་ཕུན་ཚོགས་ཀྱིས་རི་ཁྲོད་དག་གཅིག་ཏུ་བསྡུས་ཏེ་ཆགས་རི་དགོན་པ་བཏབ། དགོན་པ་འདི་སྤྱི་ལོ༡༩༢༠ལོར་མེ་འཇིགས་བྱུང་སྟེ་ཟམ་མདོར་གནས་སྤར་བས་ཟམ་མདོ་དགོན་ཡང་ཟེར། དེང་འདིར་སྔོན་གྱི་རང་གནས་སུ་གཙུག་ལག་ཁང་བཞེངས་ཏེ་འདུལ་འཛིན་པའང་མཆིས། སྐྱང་རྒྱུད་དུ་མཁས་པ་གྲགས་ཅན་མང་ཙམ་བྱོན་མྱོང་སྟེ། སྤྱི་ལོ༡༧༧༧ལོར་སྐྱང་སྤྲུལ་ནམ་མཁའ་རྒྱལ་མཚན་ཐེ་བོའི་སྟག་རའི་ཁོག་ཏུ་འཁྲུངས། གསུང་འབུམ་པོད་དུ་མ་བཞུགས། སྤྱི་ལོ ༡༨༧༩ལོར་མཁས་གྲུབ་ལུང་རྟོགས་རྒྱ་མཚོ་ཐེ་བོ་སྨད་ཀྱི་རྒྱ་ཉག་ཏུ་འཁྲུངས། གཞན་ད་དུང་རྒྱལ་བ་གཡུང་དྲུང་ཕུན་ཚོགས་དང་གཡུང་དྲུང་རིན་ཆེན་སོགས་མཁས་གྲུབ་མང་ཙམ་བྱོན་ཡོད།
གཉིས་པ། གཙོ་འཕགས་ཟླ་བ་རྒྱལ་མཚན་ནི་བོད་ལྗོངས་གཞིས་ཀ་རྩེའི་མི་ཡིན། གཙང་ནས་ཡོང་བས་གཙང་འཕགས་ཞེས་ཀྱང་བྱ། ཐེ་བོའི་བྲག་དཀར་བྱ་རྒོད་རྫོང་དུ་མཚམས་ལ་ཡུན་རིང་བཞུགས། བྲག་དཀར་མདུན་དུ་ཉོས་ཞིང་དགོན་པ་བཏབ། རྗེས་སུ་རྒྱ་ཉག་གཙོ་ཙི་ཁག་ཏུ་བཞུགས་ཏེ་སྲས་གཉིས་འཁྲུངས། རྒྱ་ཉག་ཁོག་གི་བོན་དགོན་དྲུག་བསྡུས་ཏེ་རྒྱ་ཉག་རྩ་རི་དགོན་པ་བཏབ། སྲས་ཆེ་བས་རྩ་རི་དགོན་པའི་གདན་ས་བཟུང་། འཆིང་གྲོལ་སྔོན་དུ་དགོན་འདིར་གྲྭ་བ་བརྒྱ་དང་ལྔ་བཅུ་ལྷག་ཡོད་པས། ཐེ་བོ་ཁོག་གི་དགོན་པ་ཆེ་གྲས་ཞིག་ཡིན། སྲས་གཉིས་པས་ནོར་དགེ་བཟེད་ཁ་དགོན་པ་བཏབ། ཁ་པའི་བསམ་གྲུབ་དགོན་པ་ནི་གཙོ་འཕགས་ཀྱི་གདུང་རྒྱུད་འཁྲུལ་མེད་གཙུག་ཕུད་རྒྱལ་བས་བཏབ། གསེར་གཞོང་དགོན་པ་ནི་བླ་མ་དུང་སོ་ཅན་གྱིས་བཏབ། བཟེད་ཁ་དགོན་དང་བྱ་བྱང་དགོན། གསེར་གཞོང་དགོན་གསུམ་དེང་འདིར་དགོན་གཅིག་ཏུ་འདུས་ཡོད། གཞན་ཐེ་བོ་ས་ཁུལ་དུ་བོན་དགོན་མང་པོ་ཅོ་ནེ་ས་སྐྱོང་གིས་དགེ་ལུགས་སུ་སྒྱུར་པའི་ལོ་རྒྱུས་མདོ་སྨད་ཆོས་འབྱུང་དང་ཅོ་ནེ་བསྟན་འགྱུར་དཀར་ཆག་སོགས་སུ་གསལ། ཁ་རྒྱུན་དུ་ཐེ་བོ་ནི་གནམ་བོན་པོ། ས་བོན་པོ་མི་བོན་པོ་ཞེས་བཤད་སྲོལ་ཡོད། མདོ་སྨད་བོན་གྱི་རྫོང་ཆེན་བཞི་ལས་གསུམ་ཐེ་བོ་ན་ཡོད་དེ། ཐེ་བོ་སྟོད་ཀྱི་བྲག་དཀར་བྱ་རྒོད་རྫོང་ངམ་བྲག་དཀར་གཉན་གྱི་ཕོ་བྲང་གནས་མཆོག་ཁྱད་པར་ཅན་ཡིན་ཏེ། བོན་ལུགས་ལྟར་ན་འཛམ་གླིང་གི་གནས་ཆེན་ཉེར་བཞིའི་གྲས་སུ་བགྲངས་ཡོད། གནས་རིར་སྒྲུབ་ཕུག་མང་ཞིང་མཁས་གྲུབ་མང་། བོན་ལུགས་ཀྱིས་གཡོན་སྐོར་དང་བན་ལུགས་ཀྱིས་གཡས་བསྐོར་བྱས་ཏེ་སྐོར་ལམ་དུ་གདོང་ ཐུག་པའི་སྐབས་ཀྱང་ཡོད་ཀྱང་། གཡས་སྐོར་ཐབས་ཀྱི་རང་བཞིན་དང་གཡོན་བསྐོར་ཤེས་རབ་ཀྱི་རང་རང་བཞིན་ཏེ་ཐམས་ཅད་བསྐོར་ཕྱོགས་མི་འདྲ་ཡང་འབྲས་བུ་མངོན་མཐོ་དང་ངེས་ལེགས་སྙེག་པ་ཁོ་ནའོ། །རྒྱ་ཉག་དམུ་རི་གནས་མཆོག་ནི་ཀོང་པོ་བོན་རིའི་བྱིན་རླབས་ཡོད་པའི་གནས་རི་ཁྱད་འཕགས་ཅན་ཡིན། གནས་རིར་ཕྱི་སྐོར་དང་བར་སྐོར། ནང་སྐོར་མཆིས་ཏེ། ནང་བསྐོར་དུ་སྐྱང་འཕགས་ཀྱི་སྒྲུབ་ཕུག་དང་འབྲུག་གི་སྒྲུབ་ཕུག སྲིད་རྒྱལ་སྒྲུབ་ཕུག་སོགས་ཡོད་པ་དང་། དེང་འདིར་བོན་གྱི་རྗེས་འཇུག་པ་འགའ་རེ་དེར་མཚམས་བཞུགས་ཏེ་ཁྲེགས་ཆོད་དང་ཐོད་བརྒལ་སོགས་ཐུན་མིན་བོན་རྒྱུད་ཉམས་ལེན་བྱེད་བཞིན་མཆིས། ནང་བསྐོར་དང་ཕྱི་བསྐོར་དུ་གངས་རི་བ་སོ་ཅན་དང་ཆུ་ལྕམ་རྒྱལ་མོའི་གནས་ཁང་སོགས་ཡོད། འཕན་ཆུ་དང་ཤར་བ། སྟག་ར་སོགས་ནས་དད་ཅན་མང་པོ་ལམ་ཐག་རིང་བོར་མ་འཛེམས་པར་བརྐྱངས་ཕྱག་འཚལ་ཏེ་གནས་མཇལ་ཡོང་བ་ཡོད། སངས་རྒྱས་ཆོས་ལུགས་དར་རྒྱས་ཆེན་པོར་ཕྱིན་པ་དང་། རྒྱལ་རོང་བོན་པོ་དག་གིས་མཉྫུ་གོང་མར་ངོ་ལོག་བྱེད་པའི་རྐྱེན་གྱིས་གོང་མས་བོན་པོ་དག་ལ་དྲག་གནོན་དང་། བོན་ཆོས་ལ་ནག་པོ་ཆོས་ཞེས་བཏགས་ནས་བོན་དགོན་མང་པོ་བསྣུབས། གཡུང་དྲུང་ལྷ་ལྡིངས་དགོན་ཡང་དགེ་ལུགས་སུ་གྱུར། ཤུགས་རྐྱེན་དེ་ཐེབས་ནས་ཐེ་བོ་ཁོག་ཏུའང་སྔ་ཕྱིར་བོན་དགོན་མང་པོ་དགེ་ལུགས་སུ་འགྱུར་བ་དང། ཆོས་ལུགས་མ་བསྒྱུར་ན་དགོན་པ་ལ་དམག་དྲངས་པ་ཡིན། དེའི་རྐྱེན་གྱིས་དགོན་པ་ལ་ལས་བསྐོར་བ་གཡས་བསྐོར་སོང་ཡང་རྟེན་མང་ཤས་བོན་རྟེན་ཤ་སྟག་ཡིན་པའི་གནས་ཚུལ་ཡང་ཡོད། རྒྱུ་རྐྱེན་དེ་དག་ལ་བརྟེན་ནས་ཐེ་བོ་ཁོག་ཏུ་བོན་དགོན་ཇེ་ཉུང་དུ་སོང་བ་ཡིན་ནོ།།
མདོ་སྨད་ཀན་ལྷོའི་ཡུལ་དུ་འཆིང་གྲོལ་སྔོན་དུ་བོན་དགོན ༡༦ ལྷག་ཡོད་པ་ལས་ད་ལྟ་སླར་གསོ་བྱས་པའི་དགོན་པ ༧ ཡོད། འདུལ་འཛིན་གྱི་རྟོགས་ལྡན་ཉིས་བརྒྱ་ལྷག་དང་། དད་ལྡན་མང་ཚོགས་ཁྱིམ་དུད་སྟོང་ལྷག་ཡོད་དོ། །

དཔྱད་མཆན 2 ཡོད།

  1. བླ་མ་ཞུ་སྒོམ་འཁྲུལ་ཞིག་དང་མདོ་སྨད་འཕགས་པ་རྣམ་གསུམ། གཡུང་དྲུང་སྡེ་བདག་བདུན་གྱི་བར་ན་འབྲེལ་བ་གང་འདྲ་འདུག ས་དམར་ཚེ་དོན་ནས།

  2. ཞུ་སྒོམ་འཁྲུལ་ཞིག་ལ་སློབ་མ་སྐུ་ཞིག་དྲུག་སྟེ་སྣང་ཞིག་འབྲུ་ཞིག་ལྡོང་ཞིག་གླིང་ཞིག་ཤེལ་ཞིག་རྒ་ཞིག གསུང་ཞིག་དྲུག་སྟེ་ནག་ཞིག་གཡུ་ཞིག་སྟག་ཞིག་སྐྱང་ཞིག་སེ་ཞིག་ཁྲི་ཞིག ཐུགས་ཞིག་དྲུག་སྟེ་རྒྱ་ཞིག་འགའ་ཞིག་བ་ཞིག་ཅོག་ཞིག་གོ་ཞིག་ཨུར་ཞིག་དང་དྲུག་བཅས་བཅོ་བརྒྱད་བྱུང་བར་བཤད་པས་དེ་དག་གིས་བདག་སྐྱོང་མཛད་པའི་དགོན་གནས་ད་ལྟ་ག་ཚོད་ཡོད།༼ ཞུ་སྒོམ་འཁྲུལ་ཞིག་སྔ་ཕྱི་གཉིས་ཡོད་པར་སྒྲུབ་བྱེད་དཔལ་ཚུལ་བསྟན་འབྱུང་ལས་ཡིག་ཆ་ཁུངས་བཙུན་གཞན་པ་ཡོད་དམ། འདི་གོང་གི་་རྩོམ་དང་འབྲེལ་བ་མེད་པའི་དྲི་བ་ཞིག་ཡིན། ༽

དཔྱད་མཆན་སྤེལ།

ཡིག་ཟམ་ས་གནས་ཀུན་པོར་མི་བསྒྲགས། རྟགས * ཅན་ངེས་པར་དུ་བླུགས་དགོས།