གཙུག་ལག་ཁང་གི་བསྟན་སྲུང་སྲིད་པ་རྒྱལ་མོ།

དུང་དཀར་ཚིག་མཛོད་ཤོག་གྲངས་༡༧༦༠ལས་སྟོད་ལུང་བདེ་ཆེན་རྫོང་གནས་ཆུང་གྲོང་རྡལ་ཁོངས་ཞང་སྟོན་གྲོང་ཚོའི་ལྷོ་ངོས་རི་ལྡེབས་སུ་མཆོད་ཁང་ཞེས་པའི་གྱང་རོ་ཆེན་པོ་ཞིག་ཡོད་པ་དེ་ནི་གནའ་དུས་གཉའ་ཁྲི་བཙན་པོའི་སྐུ་དུས་སུ་བྱུང་བའི་བོན་གྱི་ཤེས་པ་ཅན་བཅུ་གཉིས་གྲས་མཁས་པ་སྨེའུས་(རྨེའུས)་ཕྱག་བཏབས་པའི་སྟོད་ལུང་འཕགས་པའི་གདན་ས་ཞེས་པ་དེ་ཡིན།   ཡོངས་གྲགས་ལ་སྟོད་ལུང་འབྲི་ལུང་དགོན་ཟེར། དེ་གར་བོན་མདོ་དང་སྔགས་རྫོགས་ཆེན་ཀྱི་བསྟན་པའི་གནས་གཞི་བཟུང་ནས་དར་བར་མཛད།  གྲི་གུམ་བཙན་པོས་བོན་བསྣུབས་སྐབས་སྨེའུ་(རྨེའུ)སྟོན་གྱིམ་བུ་ཐེལ་རྒྱལ་གྱིས་བོན་གྱི་རིག་གཞུང་གི་རྩ་བ་བཀའ་བོན་སྒོ་བཞི་སྲུང་སྐྱོབ་གནང་སྟེ་རྒྱལ་སྲས་སྤུ་དེ་གུང་རྒྱལ་གྱི་རིང་ལ་བོན་གྱི་རིག་གཞུང་གོང་འཕེལ་བཏང་།  སྲོང་བཙན་སྒམ་པོའི་སྐབས་ཞང་ཞུང་སྨེའུ་(རྨེའུ)་སྟོན་གྱི་གདུང་རྒྱུད་ནས་ཇི་སྲིད་བར་ལྷ་སའི་གཙུག་ལག་ཁང་གི་སྟེང་དུ་སྲིད་པའི་རྒྱལ་མོའི་བསྐང་གསོ་གཏོང་དགོས་པའི་བཀའ་གཏན་གསེར་ཡིག་བརྩལ་བ་སོགས་གཟིགས་མཐོང་ཚད་མེད་གནང་།།

བཙན་པོ་ཁྲི་སྲོང་ལྡེ་བཙན་གྱིས་བོན་བསྣུབས་སྟབས་སྨེའུ་(རྨེའུ)སྟོན་གྱི་རྒྱུད་པ་མཁས་པ་གཡུ་གཤེན་གྱིས་བྲག་ལ་ཞབས་རྗེས་བཞག་པ་སོགས་རྗུ་འཕྲུལ་བསྟན་པས་ཁྲི་སྲོང་ལྡེ་བཙན་ངོ་མཚར་སྐྱེས་ཏེ་སྔར་གྱི་བཀའ་གཏན་སོར་གནས་བྱུང་། བསྟན་པ་ཕྱི་དར་སྐབས་བོན་ཆོས་གཉིས་ཀ་དར་བས་ལྷ་ས་གཙུག་ལག་ཁང་དུ་སྲིད་རྒྱལ་གསོལ་མཆོད་བསྐྱར་གསོ་བྱུང་། དགའ་ལྡན་ཕོ་བྲང་པའི་དབང་བསྒྱུར་སྐབས་ལྷ་སའི་གཙུག་ལག་ཁང་གི་བླ་བྲང་སྟེང་དུ་སྤ་མའི་ཕུག་གསོག་ཆེན་པོ་ཞིག་ཡོད་པ་དེར་ལོ་ལྟར་བོད་ཟླ་བཅུ་པའི་ནང་སྤ་མ་ཁ་གསོས་རྒྱག་པ་དང་སྲིད་པའི་རྒྱལ་མོའི་གསོལ་མཆོད་དང་། གཡང་སྐྱབས་ཉིན་གསུམ་བྱེད་མི་ཞང་སྟོན་ཁུལ་ནས་ཞང་སྟོན་སྨེའུའི་(རྨེའུའི)གདུང་རྒྱུད་གཅིག་ཡོང་དགོས་པར་བླ་བྲང་ཕྱག་མཛོད་ནས་གཏོང་སྒོ་ལེན་རྒྱུ་ཡོད། ཞང་སྟོན་འཕགས་པའི་གདན་ས་ཞེས་པ་དེ་སོག་པོས་གཏོར་སྐད་(སོག་གོ་ཤྲི་བསྟན་འཛིན་ཆོས་རྒྱལ་གྱིས་༡༦༤༡ཡས་མས་ལ་རྒྱལ་དབང་ལྔ་པ་དང་འབྲེལ་ནས་གཏོར།  ཁམས་བེ་རི་བོན་སྐྱོང་རྒྱལ་པོ་གཏོར་བ་དང་དུས་མཉམ་། དབྲ་ཁྱུང་སྐལ་བཟང་ནོར་བུས་“ཁམས་བེ་རི་དོན་ཡོད”རྒྱལ་པོ་ཞེས་པའི་ནང་བེ་རི་རྒྱལ་པོ་ནི་དབུས་ཀྱི་འབྲི་ལུང་དགོན་པའི་ཡོན་བདག་གཙོ་བོ་ཡིན་པ་མ་ཟད་དབུ་བླ་ཞང་དམ་ཚང་དང་ཕན་ཚུན་གཉེན་འབྲེལ་ཡོད་པ་བཤད་ཡོད། )ཀྱིས་དགོན་ཤུལ་གྱང་རོ་ཡིན་ཡང་སྲིད་རྒྱལ་གྱི་མགོན་ཁང་ཞིག་དང་མཁས་པ་གཡུ་གཤེན་གྱིས་བྲག་ལ་ཞབས་རྗེས་བཞག་པ་དེ་ད་ལྟ་ཡོད།  མ་གཅིག་སྲིད་པའི་རྒྱལ་མོ་ནི་གཡུང་དྲུང་བོན་གྱི་བསྟན་སྲུང་གཙོ་མོ་ཡིན་ལ་ཨ་ཀྲོང་རི་རྒྱལ་གྱི་བོན་གྱི་སྲུང་མ་རྣམས་ཀྱི་ངོ་སྤྲོད་དང་བྱུང་རབས་ཞེས་པའི་ནང་མ་གཅིག་སྲིད་པའི་རྒྱལ་མོ་འགྲན་གྱི་ཟླ་མེད་ནི།

བོན་གྱི་བསྟན་སྲུང་གཙོ་མོ་མ་མཆོག་སྲིད་པ་རྒྱལ་མོ།

མཁའ་ཀློང་གསང་བའི་མདོས་ཆེན་ལས། མ་ ཅིག་སྲིད་པའི་རྒྱལ་མོ་ནི། །མ་ཞེས་བྱ་བ་ཀུན་འབྱུང་ཡུམ། །ཅིག་ཞེས་བྱ་བ་ཉག་གཅིག་སེམས། །སྲིད་ཅེས་བྱ་བ་སྣོད་བཅུད་གཞི། །རྒྱལ་ཞེས་བྱ་བ་ཀུན་ལས་འཕགས། །མོ་ཞེས་བ་འབྱུང་བའི་གནས། །ཞེས་སོ། དེ་ ཡང་ཇི་ལྟར་བྱུང་ཚུལ་ནི་ཕྱི་ནང་གསང་གསུམ་གྱི་སྒོ་ནས་འཆད་ཚུལ་དུ་མ་ཞིག་ཡོད་ ཀྱང་།  གསས་མཁར་རིན་པོ་ཆེ་སྤྱི་སྤུངས་ཞི་བ་གཡུང་དྲུང་ཡོངས་སུ་རྫོགས་ཀྱི་ ལུང་ལྟར་འཆད་ན། དང་པོ་ཅིར་ཡང་མ་སྲིད་པའི་ནམ་མཁའ་སྟོང་པའི་ངང་ལས། འོད་ཀྱི་ཆོ་འཕྲུལ་ཅིར་ཡང་མཁྱེན་པར་སྲིད། འོད་ཀྱི་བཅུད་ལས་ཟེར་དང་ཡུད་དུ་སྲིད། ཟེར་དང་ཡུད་ལས་དྲོད་དང་མཉེན་དུ་སྲིད། དྲོད་དང་མཉེན་ལས་གཤེར་དང་རླན་དུ་སྲིད། གཤེར་དང་རླན་ལས་བག་དང་རྡུལ་ཙམ་དུ་སྲིད། བག་དང་རྡུལ་ ཙམ་ལས་རིན་པོ་ཆེ་སྐྱེ་དགུའི་གཏན་གཞིར་སྲིད། ས་རིན་པོ་ཆེའི་དབུས་སུ་གཡུ་ཡི་ རྒྱལ་མཚོ་གླིང་དགུ་པ་གཅིག་སྲིད། དེ་རླུང་གིས་བསྐྱོད་པ་ལས་ལྦུ་བ་གུར་ཙམ་ཞིག་སྲིད། ལྦུ་བ་དེའི་ནང་ནས་སྒོ་ང་འོད་ཀྱིས་བརྒྱན་པ་ཞིག་སྲིད་པ་ལས། སྒོ་ང་རྒྱ་མཚོའི་རླབས་ཀྱིས་བརྡོལ་བའི་ནང་ནས་དབྱལ་གྱི་མི་མོ་ཞིག་བྱུང་སྟེ་ རང་མིང་རང་གིས་གདགས་པས་བཟང་ཟ་རིང་བཙུན་དུ་བཏགས་སོ། ཡེ་སྲིད་ལྷ་ཡི་རྒྱལ་པོས་དབྱིངས་ནས་མཚན་གསོལ་བ། སྲིད་པའི་རྒྱལ་མོ་འགྲན་གྱི་ཟླ་མེད་མར་མཚན་གསོལ་ལོ། སྐུ་ལས་བསྐྱེད་པའི་སྲས་རྣམས་དང་གཤེན་པོ་རྣམས་ཀྱིས་མཚན་གསོལ་བ། ཡུམ་ཆེན་ཐུགས་རྗེ་བྱམས་མར་མཚན་གསོལ་ལོ། མི་ལ་སོགས་པའི་སེམས་ཅན་སླད་ནས་སྐྱེས་པ་རྣམས་ཀྱིས་མཚན་གསོལ་བ། ཕྱི་ཕྱི་གནམ་ཕྱི་གུང་རྒྱལ་དུ་མཚན་གསོལ་ལོ། ཞེས་པ་ལྟར། ཕྱི་ལྟར་བཟང་ཟ་རིན་བཙུན། ནང་ལྟར་ཐུགས་རྗེ་བྱམས་མ། གསང་བ་ལྟར་གནམ་ཕྱི་གུང་རྒྱལ་ལམ་བདེ་འགྲོ་གསང་ཡུམ་སྲིད་པའི་རྒྱལ་མོ་ཞེས་བྱ་ བ་ཡིན་ཏེ། དབལ་མོ་ཕྱི་ནང་གསང་གསུམ་གྱི་ཡང་སྙིང༌། ལོག་ལྟ་བོན་གཤེད་ཐམས་ཅད་ཀྱི་སྲོག་བདག བསྟན་དགྲ་གེ་ཤན་ཐམས་ཅད་ཀྱི་གཉའ་ནོན། གཡུང་དྲུང་བོན་བསྟན་སྐྱོང་བའི་སྲུང་མ། རྒྱུད་འཛིན་གཤེན་པོ་ཡོངས་ཀྱི་སྒྲུབ་སྡེ། བོན་སྐྱོང་ཕྱི་ནང་གསང་གསུམ་གྱི་རྩ་བ། རྩོད་ལྡན་དུས་ཀྱི་རྣལ་འབྱོར་ཡོངས་ཀྱི་སྒྲ་བླ། དྲེགས་པ་ཕོ་རྒྱུད་དང་མོ་རྒྱུད་ཐམས་ཅད་ཀྱི་གཙོ་མོ། མཁའ་འགྱིང་ཡབ་ཡུམ་རོལ་པའི་སྲས་མོ། སྟོང་གསུམ་གཡུལ་ལས་རྒྱལ་བའི་དཔལ་ལྡན། སྐུ་གསུམ་ཁྲོ་རྒྱལ་དགྱེས་པའི་སྦྱོར་ཡུམ། དུས་གསུམ་སྟོན་པ་ཡོངས་ཀྱི་བཀའ་ཉན། སངས་རྒྱས་བསྟན་འཛིན་གཤེན་པོའི་མཚོན་ཆ། མ་མོ་དགུ་ཁྲི་དགུ་འབུམ་གྱི་འ་མོ། བསྟན་སྲུང་དམ་ཅན་རྒྱ་མཚོའི་ནང་ནས་སྐུ་གསུམ་རྒྱལ་བའི་གོ་འཕང་མངོན་དུ་བརྙེས་ པའི་བསྟན་སྲུང་ཡོངས་ཀྱི་གཙོ་མོ་ཡིན་ནོ།། 

འོན་ཀྱང་དེང་སང་གཙུག་ལག་ཁང་གི་བསྟན་སྲུང་གཙོ་བོ་ནི་དཔལ་ལྡན་ལྷ་མོའམ་དཔལ་ལྷ་མོ་ཟེར་བ་ཇི་ལྟར་བྱུང་བ་ཡིན་ཟེར་ན་དེ་ནི་དུས་རབས་དགུ་པའི་ནང་སྤུར་རྒྱལ་(བོད་རྒྱལ་)ཞེ་གཅིག་པ་མངའ་བདག་ཁྲི་རལ་པའི་དུས་ནས་འགོ་བཙུག་ཏེ་འཕེལ་རྒྱས་བྱུང་བ་ཞིག་རེད། དང་ཐོག་མངའ་བདག་ཁྲི་རལ་པས་གཙུག་ལག་ཁང་གི་ཤར་སྒོའི་འགྲམ་དུ་རྨེ་རུ་རྙིང་པ་ཞེས་པ་རྒྱ་གར་ནང་ཆོས་ཀྱི་ལྷ་ཁང་བཞེངས་པ་དང་། དེ་ནས་རིམ་བཞིན་གཙུག་ལག་ཁང་དུ་ཆོས་ལུག་ལྟར་རྨེ་རུ་དགོན་པས་དཔལ་ལྡན་ལྷ་མོའི་བསྐང་གསོ་དང་མཆོད་བསྟོད་ལོ་རེའི་བོད་ཟླ་བཅུ་པའི་ནང་གཏོང་སྲོལ་བྱུང་། ལྷག་པར་དུ་གུང་ཐང་བླ་མ་ཞང་བརྩོན་འགྲུས་གྲགས་པས་(༡༡༢༢-༡༡༩༣ལོའི་བར)དྭགས་སྒོམ་ཚུལ་ཁྲིམས་སྙིང་པོའི་བཀའ་བཞིན་གཙུག་ལག་ཁང་ལ་ཉམས་གསོ་བདག་སྐྱོང་གི་དབང་ཆ་འཛིན་ནས་རང་ཉིད་ཀྱིས་གཏེར་ལས་བཞེས་པར་གྲགས་པའི་དཔལ་ལྷ་དྲག་མོའི་ཞལ་འབག་གཙུག་ལག་ཁང་ནང་མཆོད་གཤོམ་བྱེད་པའི་སྲོལ་ཚུགས་པར་བྱས། རིམ་བཞིན་འཕེལ་རྒྱས་དང་རྒྱུད་འཛིན་བྱུང་ནས་ད་ལྟའི་ལྷ་སའི་དཔལ་ལྷའི་དུས་ཆེན་ནམ་བོད་ཀྱི་བུད་མེད་དུས་ཆེན་འདི་གཏན་འཇགས་སུ་བྱུང་།།

གུང་ཐང་བླ་མ་ཞང་གིས་གཏེར་བླངས་པར་གྲགས་པའི་དཔལ་ལྷ་དྲག་མོའི་ཞལ་འབག

ཆོས་ཕྱོགས་སུ་དཔལ་ལྷ་མོའི་སྐོར་གྱི་གཞུང་སྔ་ཤོས་དང་ཚད་ལྡན་དུ་བརྩི་བ་ནི་བཀའ་འགྱུར་ནང་བཞུགས་པར་གྲགས་པའི་《ལྷ་མོ་མེ་ལྕེ་འབར་བའི་རྒྱུད》་ཟེར་བ་ཡིན་ཞིང་། དེ་ལས་སྔོན་སངས་རྒྱས་འོད་སྲུང་གི་དུས་ལྷ་མོ་གཉིས་ལས་གཅིག་གིས་ཤྰཀ་ཐུབ་དུས་བསྟན་པ་སྲུང་བའི་ཁས་ལེན་ཟེར་བ་དང་། དབྱངས་ཅན་མ་དྲག་པོའི་གཟུགས་སུ་སྤྲུལ་པ་ཡིན་ལུགས། རྟ་མགྲིན་དང་ཕྱག་རྡོར་གྱི་མདུན་དུ་བསྟན་པ་སྲུང་བ་ཁས་ལེན་དམ་བཅའ་བྱས་པ་སོགས་བཤད་ཚུལ་གང་མང་ཡོད་རུང་། འཇང་བཀའ་འགྱུར་འཕྲུལ་དེབ་ཅན་གྱི་《མཁའ་འགྲོ་མེ་ལྕེ་འབར་བའི་རྒྱུད》་ཀྱི་མཇུག་ཏུ་ལྟས་ན་སློབ་དཔོན་པད་མས་སློབ་བུ་གླང་དཔལ་གྱི་སེང་གེ་ལ་དེ་སྐད་ཅེས་བརྩལ་ཞིང་གདམས་སོ་ཞེས་འཁོད་པས་གཞུང་འདི་ཡང་དུས་རབས་བརྒྱད་པའི་སྨད་ཙམ་དུ་གཞི་ནས་བོད་ལ་དར་ཁྱབས་བྱུང་བ་ཞིག་ཁོ་ན་ཡིན།  མ་ཟད་རྒྱུད་སྡེའམ་གསང་སྔགས་ཀྱི་སྐོར་འདི་དེང་སང་གྲུབ་མཐའ་འཛིན་པ་དང་དད་མོས་ཀྱི་ཆ་ནས་ཤྰཀ་ཐུབ་ཀྱི་བཀའ་ཡིན་པ་ངོས་འཛིན་ཙམ་ལས་རིག་གཞུང་དང་ཞིབ་འཇུག་གི་སྒོ་ནས་ཤྰཀྱའི་བཀའ་ཡིན་པ་ཁས་ལེན་མེད་པར་《མཁའ་འགྲོ་མེ་ལྕེ་འབར་བའི་རྒྱུད》་ནི་བསྒྱུར་ཆོས་རྙིང་རྒྱུད་དང་ཁྱད་ཆོས་ཅི་ནས་མཚུངས་བ་འདུག་སྙམ། (གསལ་བཤད། ལྷ་སའི་དཔར་མའི་བཀའ་འགྱུར་ནང་གཞུང་འདི་ཡོད་མིན་མ་ཤེས། )

སྲིད་རྒྱལ་གྱི་འབྱུང་ཁུངས་དང་ཕྱི་ནང་གསང་གསུམ་གྱི་ངོ་སྤྲོད་གོང་དུ་ཞུས་པ་བཞིན་ལ་གཡུང་དྲུང་བོན་གྱི་གཏེར་གསར་ལུགས་ལ་དཔལ་ལྡན་ལྷ་མོ་ནི་སྲིད་རྒྱལ་གྱི་རྣམ་སྤྲུལ་ཞིག་ཡིན་པ་ངོས་འཛིན་པ་མ་ཟད་ཆོ་ག་ཕྱག་ལེན་སྒྲུབ་གཞུང་ཆ་ཚང་ཡོད་པ་ཡིན། དེས་ན་གཙུག་ལག་ཁང་གི་སྲུང་མ་དཔལ་ལྡན་ལྷ་མོ་ནི་བོན་ཆོས་རིས་མེད་ཀྱི་སྲུང་མར་ཡིན་ལ་བོན་ཆོས་དར་བསྣུབས་སྐབས་བརྡ་དང་ཐ་སྙད་ཆོ་ག་ཙམ་ལ་འགྱུར་བ་སོངས་བ་ལས་དོན་དུ་བོན་སྐྱོང་སྲིད་རྒྱལ་ཡིན་པའོ།།

 

རྩོམ་པ་པོ།  ཁ་བ་འབོནད་མྱྀ།              ཁ་བའི་གླེང་སྟེགས་ལས་དྲངས།

དཔྱད་མཆན་སྤེལ།

ཡིག་ཟམ་ས་གནས་ཀུན་པོར་མི་བསྒྲགས། རྟགས * ཅན་ངེས་པར་དུ་བླུགས་དགོས།