མདོ་སྨད་རེབ་གོང་ལོ་རྒྱུས་ཀྱི་འཁྲུལ་སེལ།

མདོ་སྨད་རེབ་གོང་ལོ་རྒྱུས་ཀྱི་འཁྲུལ་བ་ཀུན་སེལ་རྨོངས་མུན་འཇོམས་པའི་ཤེས་རབ་འོད་ཀྱི་སྣང་བ།

 

—–མདོ་སྨད་རེབ་གོང་ལོ་རྒྱུས་ཆེན་མོ་ངོ་མཚར་གཏམ་གྱི་བང་མཛོད་ནང་གི་ནོར་འཁྲུལ་རེ་འགའ་ཟུར་དུ་གླེང་བ།

རྩོམ་པ་པོ།   བོན་ནག་ཚང་ཡེ་ཤེས་བློ་གྲོས།

 

ཐོག་མའི་རབས་བཤད།

ལོ་རྒྱུས་སྨྲ་བ་ཞིག་ཡིན་ན་རང་གི་གྲུབ་མཐའ་ལ་ནང་བྱན་ཆུབ་པ་ཙམ་གྱིས་མི་ཆོག་པར་གྲུབ་མཐའ་སྤྱི་དང་མིའི་རིགས་ཀྱི་ཤེས་རིག་ལ་དཔྱོད་པའི་བློ་མིག་ཡངས་ཤིང་མིའི་རིགས་ལ་ཕན་སེམས་ཀྱི་བརྩེ་བ་ངོ་མ་དེ་འཛོམ་ཚེ། དེ་ནི། དད་སྣང་གི་ཀློང་ན་བཞུགས་པའི་དམ་པ་དེ་ཡིན་ཆོག རྒྱུ་མཚན། བོན་གྱི་མཁས་གྲུབ་ཆེན་པོ་རྗེ་བཙུན་མཉམ་མེད་ཤེས་རབ་རྒྱལ་མཚན་མཆོག་གིས་མཛད་པའི་ཚད་མ་རྣམ་འབྱེད་འཕྲུལ་གྱི་སྒྲོན་མེ་རང་འགྲེལ་ལས། རང་ལྟ་ལ་མི་ཆགས་གཞན་ལྟ་ལ་མི་སྡང་བའི་སྒོ་ནས། གྲུབ་མཐའི་རྣམ་བཞག་བྱེད་པ་ནི་ཤེས་རབ་བསྐྱེད་པའི་རྒྱུ་དང་། དག་སྣང་སྦྱང་བའི་ཐབས་ཁྱད་པར་ཅན་ཡིན་པས། དམ་པའི་ལུགས་སུ་འདོད་དོ།། ཅེས་པ་འདི་ནི་ང་ཚོ་ཐུན་མོང་ལ་དབང་བའི་ལེགས་བཤད་ཅིག་ཏུ་སེམས། ཡིན་ན་ཡང་། མདོ་སྨད་རེབ་གོང་ལོ་རྒྱུས་ཆེན་མོ་ངོ་མཚར་གཏམ་གྱི་བང་མཛོད་ཅེས་བྱ་བ་ནི་རེབ་གོང་བ་འཇིགས་མེད་བསམ་འགྲུབ་ཀྱིས་བྲིས་པ་ཞིག་རེད། འདིའི་ནང་དུ་ཡུལ་རེབ་གོང་གཞུང་གི་གྲུབ་མཐའ་ཐམས་ཅད་ཀྱི་བྱུང་ཁུངས་དང་ཚོ་བའི་རུས་རྒྱུད་ཆད་སྟངས་སོགས་ཞིབ་འབྲི་བྱས་ཡོད་ན་ཡང་། རང་ཉིད་འཁྲུལ་བར་སོང་བ་མིན་ན་དཔྱོད་པའི་ཤེས་རབ་ཀྱིས་མ་འདང་ས་མང་པོ་ཞིག་སྣང་བར་འདུག ངས་འདི་ནས་བརྗོད་འདོད་པ་ནི་འཇིགས་བསམ་གྱིས་བྲིས་པའི་ཡུལ་རེབ་གོང་གཞུང་ལ་བོན་གྱི་གྲུབ་མཐའ་དུས་ནམ་ཞིག་ལ་བྱུང་བ་དང་བོན་སྡེ་ཚོ་ཁག་གི་རུས་རྒྱུད་ཀྱི་འཁྱོགས་གཟུགས་སྐོར་གླེང་འདོད་པ་དེ་ཡིན་ནོ།།

དངོས་གཞིའི་རབས་བཤད།

ཡུལ་རེབ་གོང་གཞུང་དུ་བོན་གྱི་གྲུབ་མཐའ་དུས་ནམ་ཞིག་ལ་བྱུང་བའི་དུས་ཚོད་དེ་མཁས་པ་རྣམས་ཀྱིས་བཞེད་ཚུལ་མི་མཐུན་པ་མང་པོ་མེད་ཀྱང་། རེབ་གོང་གྲུབ་གནས་བརྒྱད་ཀྱི་ནང་ཚན་བྱང་ཕྱོགས་གོང་མོའི་གུར་ཁང་དུ་བོན་སྟོན་དྲན་པ་ནམ་མཁའ་བཞུགས་པ་ནས་བཟུང་བོན་བསྟན་འཕེལ་བའི་དུས་ཚིགས་གཙོ་བོ་འཛིན་བཞིན་ཡོད་ལ། འདི་ནི་རང་ཉིད་ཀྱི་སྣང་ཚུལ་ལ་ནོར་འཁྲུལ་ཞིག་ཏུ་སེམས་ཡོད། རྒྱུ་མཚན། དྲན་པ་ནམ་མཁའ་རེབ་གོང་དུ་མ་བྱོན་པའི་ཡར་སྔོན་དུ་སེ་བོན་གྱི་རུས་རྒྱུད་དུ་གྱུར་བའི་བོན་སྡེ་སེ་བརྒྱ་ཡོད་པས་ཡིན།  གཙོ་བོ་བོན་སྟོན་དྲན་པ་ནམ་མཁའི་ཐད་ནས་དཔྱད་ན་ལོ་རྒྱུས་ཀྱི་གཞུང་ཡིག་ཕལ་མོ་ཆེ་ལས་དྲན་པ་ནམ་མཁའ་ལ་སྔ་ཕྱི་དང་ཞང་ཞུང་དྲན་པ་ནམ་མཁའ་དང་དྭགས་པོ་དྲན་པ་ནམ་མཁའ་ལ་སོགས་ཀྱི་དབྱེ་འབྱེད་མང་དུ་མཛད་ཡོད་ན་ཡང་འདི་ནས་ཐོག་མར་ཡུལ་རེབ་གོང་གཞུང་བ་ན་གྲགས་པའི་དྲན་པ་ནམ་མཁའི་ལོ་རྒྱུས་ཀྱི་བྱུང་བ་སོགས་གོང་སྒྲིག་ནས་དཔྱད་པར་བྱ།

མདོ་སྨད་ལོ་རྒྱུས་དེབ་ཐེར་རྒྱ་མཚོ་ལས། བྱང་དུ། གོང་མོའི་གུར་ཁང་བྲག་རྩ་ན།། བོན་གྱི་སྟོན་པ་ནམ་མཁའ་གྲུབ་དང་།། ཨ་འགྲོན་གྱིས། ཐང་སྐམ་བྲག་གི་ར་བ་ན།། སྔགས་བོན་དྲན་པ་ནམ་མཁའ་གྲུབ་ཟེར། གྲུབ་གནས་ཨ་ཀར༼  དཀར  ༽རང་བྱོན་ཡོད། ༼   ༡   ༽ ཅེས་པའི་བོན་སྟོན་དྲན་པ་ནམ་མཁའ་ནི་རེབ་གོང་གྲུབ་གནས་བརྒྱད་ཀྱི་ཡ་གྱལ་བྱང་ཕྱོགས་གོང་མོའི་གུར་ཁང་གི་གྲུབ་གནས་འདིའི་བདག་པོ་ཡིན་པ་རྩོད་བྲལ་ཡིན་ལ། བོན་སྟོན་དྲན་པ་ནམ་མཁའ་ནི་རེབ་གོང་ནས་སྐྱེས་པ་ཞིག་མ་ཡིན་ལ་ཕྱོགས་གཞན་ཞིག་ནས་འོངས་པ་ཡིན་པ་རེབ་གོང་ཡུལ་གྱི་ལོ་རྒྱུས་ཡིག་ཆ་དང་རྒན་པོའི་ངག་རྒྱུན་མང་པོ་ཞིག་ཕྱོགས་མཐུན་ན་ཡང་། ཕྱོགས་ཞེན་གྱི་ལྷུམས་ནས་བྱུང་བའི་མདོ་སྨད་རེབ་གོང་ལོ་རྒྱུས་ལས། གནས་དེར་གྲུབ་པ་བརྙེས་པའི་རྣལ་འབྱོར་བོན་གྱི་སྟོན་པ་ནམ་མཁའ་ནི་དུས་རབས་བཅུ་གཉིས་པའི་ནང་རེབ་གོང་སྨད་པ་སྡེ་བདུན་གྱི་ནང་ཚན་ཁྱུང་པོ་སྡེ་ནས་འཁྲུངས། ཞེས་བྲིས་ཡོད་ལ་བོན་སྟོན་དྲན་པ་ནམ་མཁའ་ནི་རེབ་གོང་སྨད་པ་ཁྱུང་པོ་ནས་འཁྲུངས་པ་ཡིན་ན་འཇིགས་བསམ་ཁྱོད་ཀྱི་ཡབ་མེས་ཁྱུང་པོ་ཁྱུང་དཀར་ཚངས་པ་མ་བྱོན་པའི་ཡར་སྔོན་ནས་འཁྲུངས་པ་ཡིན་ནམ་བྱོན་པའི་རྗེས་སུ་འཁྲུངས་པ་ཡིན། ཁྱུང་དཀར་ཚངས་པ་མ་བྱོན་པའི་ཡར་སྔོན་དུ་ཁྱུང་པོ་སྡེ་བ་གཞི་མ་གྲུབ་པས་བོན་སྟོན་དྲན་པ་ནམ་མཁའ་ཅི་ལྟར་འཁྲུངས། ཁྱུང་དཀར་ཚངས་པ་བྱོན་པའི་རྗེས་སུ་འཁྲུངས་པ་ཡིན་ན་བོན་སྟོན་དྲན་པ་ནམ་མཁའི་ཡབ་དང་ཡུམ་གྱི་མཚན་ལ་ཅི་ཟེར། སློབ་སྦྱོང་བྱེད་ས་དང་སློབ་དཔོན་གང་ཡིན། ལོ་རྒྱུས་ཀྱི་དུས་ཡུན་རིང་བས་མ་ངེས་སོ་ཞེ་ན། བོན་སྟོན་ཁོང་སྨད་པ་ཁྱུང་པོ་ནས་འཁྲུངས་པ་ཡང་འཇིགས་བསམ་རང་ཉིད་ཀྱི་རྫུན་ཚིག་ཅིག་ལས་ལོ་རྒྱུས་ཀྱི་རྒྱབ་ལྗོངས་གསོན་པོ་ཞིག་མེད་པ་འཇིགས་བསམ་རང་ཉིད་ཀྱིས་གསལ་བཤད་བྱས་འདུག མདོ་སྨད་རེབ་གོང་ལོ་རྒྱུས་ལས། ཡང་ཁམས་འབྲི་ལུང་གི་ཕྱོགས་སུ་སྐུ་འཁྲུངས་ཤིང་རྟེན་བོན་གྱི་ཁྱིམ་སྔགས་པ་ཞིག་ཡིན་པར་ཡང་བཤད། ཅེས་པས་འཇིགས་བསམ་རང་ཉིད་ཀྱིས་བཀོད་པའི་ཞེ་འདོད་དེ་ལ་ལོ་རྒྱུས་ཀྱི་གཏན་ཚིགས་ཡང་དག་ཅིག་མེད་པ་དོན་གྱིས་མངོན་འདུག གང་ཞེ་ན། བོན་སྟོན་དྲན་པ་ནམ་མཁའ་སྨད་པ་ཁྱུང་པོ་ནས་འཁྲུངས་པ་ཡིན་པའི་རྒྱབ་རྟེན་གྱི་བཀའ་ལུང་ཚད་མ་བྲག་འདྲ་བ་ཞིག་ཡོད་ན། ཡང་བོན་སྟོན་ཁོང་ཁམས་འབྲི་ལུང་གི་ཕྱོགས་སུ་འཁྲུངས་པ་ཡིན་ཟེར་དགོས་དོན་ག་ལ་ཡོད། དེ་ཟེར་དགོས་པའི་རྒྱུ་མཚན་ནི་ལོ་རྒྱུས་ཡིག་ཚང་གི་རྒྱབ་ལྗོངས་གསོན་པོ་དེས་སྟོང་དྲགས་པས་ཡིན་ལ། དོན་གྱིས་ཕྱོགས་ཞེན་དང་རྨོངས་པ་དོར་དུ་བསྡེབས་པའི་ངོ་གདོང་གཉོམ་པོ་དེ་ལྷང་ལ་བུད་པ་ཙམ་ལས་བསམ་པའི་ཤེས་རིག་གི་རྒྱགས་ཕྱེ་ཞིག་ཐོབ་རྒྱུ་ནི་རི་བོང་རྭ་ཡི་གཉེར་མ་བགྲང་བ་ལས་མ་འདས་པས་ཡུལ་རེབ་གོང་གཞུང་དུ་མ་གྲགས་པའི་གཏམ་གསར་བ་ཞིག་ཡིན་པར་སྙམ་མོ།།  ཡང་བློ་བཟང་མཁྱེན་རབ་ཀྱིས་བརྩམས་པའི་མདོ་སྨད་རེ་སྐོང་རིག་པ་འབྱུང་བའི་གྲོང་ཁྱེར་ལེ་ལག་དང་བཅས་པའི་ལུགས་གཉིས་གཏམ་གྱི་བང་མཛོད་ལས་བསྡུས་པའི་ཆོས་འབྱུང་ས་ཡི་ལྷ་མོ་ལས། གོང་མོ་གུར་ཁང་བྲག་རྩ་ན།། བོན་སྟོན་དྲན་པ་ནམ་མཁའ་གྲུབ།། ཅེས་པ་སྨད་པ་ཁྱུང་པོ་ནས་འཁྲུངས༼  ལྡི་ལིའི་པར་མ་ཤོག་གྲངས ༤༤ ན་གསལ  ༽ཞེས་བྲིས་ཡོད་ལ་བོན་སྟོན་དྲན་པ་ནམ་མཁའ་སྨད་པ་ཁྱུང་པོ་ནས་འཁྲུངས་པའི་བཤད་རྒྱུན་དེ་རྒན་པོའི་ངག་རྒྱུན་དང་དཔེ་རྒྱུན་གང་ན་ཡང་མེད་པའི་རྨོངས་པའི་གསར་གཏམ་ཁོ་ན་ལགས་སོ།།

ཡུལ་རེབ་གོང་གཞུང་བ་ན་ཆེས་བྲིན་པའི་ལོ་རྒྱུས་ཀྱི་སྐད་ཆ་ཟུར་འགའ་ནི། རེབ་ཀོང་སྔགས་མང་གི་ལོ་རྒྱུས་ཕྱོགས་བསྒྲིགས་ལས། བོན་གྱི་གྲུབ་ཐོབ་པ་སྟོན་པ་ནམ་མཁའ་ནི། རབ་བྱུང་དང་པོའི་ནང་ཙམ་དུ་ཁམས་འབྲི་ལུང་ཕྱོགས་སུ་སྐུ་འཁྲུངས། བོན་གྱི་མཁས་པ་མང་པོ་སློབ་དཔོན་དུ་བསྟེན་ཏེ་བོན་ཆོས་རྣམས་ལ་གཅིག་རྗེས་གཞོལ། ལྷག་པར་དུ་གཏེར་སྟོན་ལྭ་སེ༼  དབལ་གསས  ༽ཁྲོ་རྒྱལ་དང་གཏེར་སྟོན་ཁྲོ་རྒྱལ་ནམ་མཁའ་རྣམ་གཉིས་མདུན་ནས། བོན་ཆོས་ཐེག་པ་རིམ་པ་དགུ་དང་། རྒྱུད་བཞི་དང་སའི་རིན་ཆེན་བྱ་མ་མདའ་སྤོང༼  ས་དཔྱད་རིན་ཆེན་བྱེ་མ་བདལ་སྤུངས  ༽སོགས་བོན་ཆོས་ཕྱོགས་ལ་ཤིན་ཏུ་མཁས་པར་སྦྱངས། བོན་ཆོས་ཀྱི་མན་ངག་རྣམས་ཉམས་སུ་བླངས་པས། བོན་གྱི་གྲུབ་ཐོབ་པ་ཆེན་པོ་གྲུབ་མཐའ་ལ་ཕྱོགས་རིས་མེད་པ། ནང་བའི་ཆོས་སྔགས་ཕྱོགས་དང་མདོ་ལུགས་ལ་ཡང་ཤིན་ཏུ་མཁས་པའི་བོན་པོ་རྟོགས་ལྡན་པ་ཞིག་ཡིན། ཁུ་སྟོན་བརྩོན་འགྲུས་གཡུང་དྲུང་རང་གི་བླ་མར་བསྟེན་པར་ལུང་བསྟན། ཞེས་དང་། ཡང་དེ་ཉིད་ལས། དགུ་རོང་མཐིལ་ཡི་གེ་དྲུག་མ་རང་བྱོན་ཡོད་པའི་གནས་ཀྱི་ཁོར་ཡུག་གོང་མོ་དཔལ་གྱི་གུར་ཁང་དུ་ཕེབས་ནས་བཞུགས་སྐབས། བླ་མའི་ལུང་བསྟན་ལྟར་སྒྲུབ་ཕུག་གཡས་གཡོན་རྣམས་ནི། བྲག་རི་དམར་པོ་གཏོར་ཟོར་དམར་ཆེན་ཁྲག་གིས་བརྒྱན་འདྲ། ཞེས་དང་། རྨ་ལྷོའི་ས་མིང་ལོ་རྒྱུས་རིག་གནས་བརྡ་འགྲེལ་ལས། གནས་འདིར་གྲུབ་པ་བརྙེས་པའི་རྣལ་འབྱོར་བ་ཆེན་མོ་བླ་ཆེན་དྲན་པ་ནམ་མཁས་ཁྲོམ་ཀརྨ་མུ་ཕྱོ་དང་མེ་ཉག་ནམ་ར་རྩེ་དགུ། སུམ་པའི་མཁས་པ་གྷུ་ཧུ་ལུ་སྤར་ཡའི་སློབ་མ་སུམ་པ་མི་སྤུངས་གསལ་བཏང་། སུམ་པ་ལི་ཕྱོ་ཧ་ར། མེ་ཉག་ལྕེ་ཚ་མཁར་བུ་སོགས་ལེགས་པར་བསྟེན་པ་དང་། རྗེས་སུ་ཁུ་སྟོན་བརྩོན་འགྲུས་གཡུང་དྲུང་བླ་མར་བསྟེན་ནས་གྲུབ་མཐའ་རིས་མེད་ཀྱི་གཞུང་ལ་སྦྱངས་པ་རྒྱ་ཆེར་མཛད། བླ་མའི་ལུང་བསྟན་ལྟར་རེབ་གོང་ཡུལ་དུ་ཕེབས། ཅེས་པ་ལ་གཞིགས་ན་བོན་སྟོན་དྲན་པ་ནམ་མཁའ་ནི་ཁམས་འབྲི་ལུང་གི་ཕྱོགས་སུ་སྐུ་འཁྲུངས་ཤིང་བོན་ཆོས་གཉིས་ཀ་སྦྱངས་པ་སྟོབས་སུ་སྨིན་པས་མཁས་གྲུབ་གཉིས་ལྡན་གྱི་གྲགས་སྙན་རྒྱས། བླ་མའི་ལུང་བསྟན་ལྟར་རེབ་གོང་ཕྱོགས་སུ་ཕེབས་ཏེ་བྱང་ཕྱོགས་གོང་མོའི་གུར་ཁང་ནས་བཞུགས་ཤིང་གནས་འདིའི་ཡུལ་ལྷ་གཞི་བདག་རྣམས་དཀར་ཕྱོགས་སྐྱོང་བའི་དགེ་ལ་བཀོད་ཅིང་རྣལ་འབྱོར་གྱི་ནུས་མཐུ་ལས་ཨ་དཀར་གསལ་བ་དགུ་འཛབ་ཀྱི་སྙིང་པོ་བྲག་ངོས་སུ་རང་གསལ་དུ་མངོན་པའི་ལོ་རྒྱུས་ཀྱི་བྱུང་བ་མང་པོ་འདུག དོན་ལ་བོན་སྟོན་དྲན་པ་ནམ་མཁའ་རེབ་གོང་སྨད་པ་ཁྱུང་པོ་ནས་འཁྲུངས་པར་འདོད་པའི་ཨུ་ཚུགས་ཀྱི་མཐར་རུ་ལྷུང་བའི་ཕྱོགས་ཞེན་གྱི་ནོར་འཁྲུལ་དེ་གཙང་སེལ་བྱས་འདུག་གོ།

ཡུལ་རེབ་གོང་གཞུང་བར་བོན་གྱི་བསྟན་པ་དར་བའི་དུས་སྐབས་དེ་བོན་སྟོན་དྲན་པ་ནམ་མཁའ་དང་བསྡུར་དེ་དཔྱད་ན་དུས་རབས་བརྒྱད་པའི་ནང་དུ་བོན་བསྟན་དར་བའི་དུས་སྐབས་ཡིན་སྙམ། རྒྱུ་མཚན་བོད་རྒྱལ་ཁྲི་སྲོང་ལྡེ་བཙན་གྱིས་བོན་བསྟན་བསྣུབ ༼  འདི་ནི་སྤྱི་ལོ ༧༤༩ ཡིན་པ་བོན་གྱི་ལོ་རྒྱུས་ཡིག་ཆ་ཕྱོགས་སྒྲིག་གི་ཤོག་ངོས ༤༦༥ ན་གསལ། ༢༠༡༠ ལོར་བོད་ལྗོངས་བོད་ཡིག་དཔར་རྙིང་དཔེ་སྐྲུན་ཁང་ནས་བཏོན།  ༽པའི་དུས་དེར་བོན་གཤེན་རིག་འཛིན་རྣམས་ཀྱིས་བོན་སྡེ་མང་པོ་ཞིག་རང་རང་ས་ནས་གཏེར་དུ་སྦས་པ་དང་ཕྱོགས་སུ་འགྲིམ་པའི་བར་སྐབས་སུ་དྭགས་པོ་དྲན་པ་ནམ་མཁའ ༼  འབེལ་གཏམ་ལུང་གི་སྙིང་པོ་ལས། ཁྲི་ལྡེ་གཙུག་བརྟན་དང་རྒྱ་མོ་ཀོང་ཇོ་གཉིས་ལ་སྲས་ཁྲི་སྲོང་ལྡེ་བཙན་བྱུང་། རྒྱལ་པོ་འདི་དང་དུས་མཉམ་དུ་ཡོངས་རྩེ་ཀློང་ཆེན་ལས་གསུངས་པ། བླ་ཆེན་དྲན་པ་ནམ་མཁའ་དང་། སྙ་ལི་ཤུ་སྟག་རིང་བཞུགས་པའི་དུས། ཞེས་དང་། ཞང་ཞུང་སྙན་རྒྱུད་ལས། ཞང་ཞུང་ལ་གྲུབ་པ་ཐོབ་པ་མང་ཡང་། སྤ་ཇི་ཁྲོམ་དཀར་པོ་བཞུགས་པའི་དུས་སུ།  ཞང་ཞུང་ན་རྒྱལ་པོ་ལིག་མི་རྐྱ་བཞུགས། ཞང་ཞུང་གི་རྒྱལ་པོ་སྐུ་འཚོ་བའི་གཤེན་པོ་གུ་རིབ་སྣང་བཞེར་ལོད་པོ་བཞུགས། བོད་ཀྱི་སྐུ་གཤེན་མཁས་ཤིང་རིག་པ་དང་ལྡན་པ་དྲན་པ་ནམ་མཁའ་བཞུགས། ཞེས་གསུངས། ཞང་ཞུང་གི་དྲན་པ་ནམ་མཁའ་ཞང་ཞུང་ལ་སྔར་བཞུགས་ཟིན། འདི་བོད་ཡུལ་དྭགས་པོའི་ཡུལ་ནས་འཁྲུངས་པའི་དྲན་པ་ནམ་མཁའ་ཡིན་ནོ།། འབེལ་གཏམ་ལུང་གི་སྙིང་པོའི་ཤོག་ངོས ༡༢༣ ན་གསལ། ༢༠༠༥ ལོར་ཁྲི་བརྟན་ནོར་རྩེའི་དཔེ་མཛོད་ཁང་ནས་བཏོན  ༽ དེ་བཙན་གྱིས་མནན་བན་དུ་བཅུག་ཀྱང་རྗེས་འབངས་ཉེར་ལྔའི ༼  དྲན་པ་ནམ་མཁའ་ནི། ཐོག་མར་བོན་གྱི་གྱེར་གཤེན་ཆེན་པོ་ཡིན་ཡང་། ཕྱིས་སློབ་དཔོན་གྱི་དྲུང་དུ་ཆོས་ལ་སྦྱངས་། ལོ་ཙྭ་ཡང་མཁྱེན། རྫུ་འཕྲུལ་གྱིས་བྱང་གི་གཡག་རྒོད་སྡིགས་མཛུབ་མཛད་པ་ཙམ་གྱིས་འགུགས། འདིས་བོན་གྱི་མན་ངག་མང་པོ་སློབ་དཔོན་ལ་ཕུལ་བ་སློབ་དཔོན་གྱིས་གཏེར་དུ་སྦས་པས་ཕྱིས་གཏེར་འགའ་རེ་ནས་མན་ངག་ཅི་རིགས་འབྱུང་བ་མཐོང་ལ། སློབ་དཔོན་ལས་རབ་བྱུང་ཞུས་ཤིང་། དབུ་ཞྭ་དམར་པོ་ཞིག་བཞེས་པས། འཕུང་བོན་མགོ་དམར་དུ་གྲགས་སོ།། གུ་བཀྲའི་ཆོས་འབྱུང་གི་ཤོག་ངོས ༡༧༤ ན་གསལ། ༡༩༩༠ ལོར་ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་གིས་བསྐྲུན།  ༽ གྲས་སུ་བཀོད། དབུས་ནས་བསྟན་པ་བསྣུབ་པའི་དུས་སྐབས་སུ་བོན་སྟོན་དྲན་པ་ནམ་མཁའ་རེབ་གོང་གི་ཡུལ་དུ་བྱོན ༼  སྐབས་འདི་ནས་སློབ་དཔོན་དྲན་པ་ནམ་མཁའ་ཉིད། མདོ་སྨད་ཨཀྟ་རོང་དུ་བྱོན། རེབ་གོང་དུ་བྱང་ཕྱོགས་གོང་མོའི་གུར་ཁང་དུ། བོན་སྟོན་དྲན་པ་ནམ་མཁའ་གྲུབ། ཅེས་གྲུབ་གནས་བརྒྱད་ཀྱི་ཡ་གྱལ་དུ་གསུངས་པ་ལྟར། ཕྱོགས་འདིར་བསྟན་པ་སྤེལ་ཏེ། བྱང་ཨ་བ་ངོས་བཟང་གི་དགོན་སྡེ་བཏབས། ཤར་དབལ་མོ་གནས་ཀྱི་སྒྲུབ་སྡེ་ཆེན་པོ་དང་། དཀོན་མོ་ངོ་ཞེས་པའི་དགོན་སྡེ་ཆགས། རེབ་གོང་ཕྱོགས་སུ་གསང་སྔགས་ཀྱི་སྒྲུབ་སྡེ་ཐོག་མར་དར་བ་ཡིན། སྤྱི་ལོ ༧༨༣ ཙམ་ཡིན་པས་མི་ལོ ༡༢༡༤ སོང་ཡོད། བསྟན་འབྱུང་ཤེལ་གྱི་རྒྱང་མཐོང་ལས་ལེའུ་གསུམ་པ། ཤོག་ངོས ༡༨༤ ན་གསལ། ༢༠༡༣ ལོར་ཞང་བོད་ཤེས་རིག་དར་སྤེལ་ལྟེ་གནས་སུ་བསྐྲུན།  ༽ནས་བོན་བསྟན་སྤེལ།  འདི་ནི་བོན་སྟོན་དྲན་པ་ནམ་མཁའ་དང་བསྡུར་དེ་རེབ་གོང་ཡུལ་དུ་བོན་བསྟན་དར་བའི་བྱུང་རབས་ཡིན་ལ། མདོ་སྨད་རེབ་གོང་ལོ་རྒྱུས་ཆེན་མོ་ལས། རེབ་ཀོང་དུ་བོན་གྱི་གྲུབ་མཐའ་བྱུང་ཚུལ་ནི། དུས་རབས་བཅུ་གཉིས་པའི་ནང་རེབ་གོང་དུ་བོན་བསྟན་བྱུང་བ་ཡིན་ཏེ། བོན་གྱི་དྲན་པ་ནམ་མཁའ་བྱ་བ་གོང་མོ་གུར་ཁང་གི་གྲུབ་གནས་སུ་བཞུགས་ཤེས་བཀོད་འདུག་ལ། འདི་ནི་རྨོངས་པའི་གཡང་ལ་ལྷུང་དྲགས་པའི་དབང་གིས་ཕྱོགས་ཞེན་དང་བྲལ་བའི་ལོ་རྒྱུས་ཀྱི་བྱུང་རབས་ངོ་མ་དེ་མ་མཐོང་བ་ཡིན་ལ། དཀྱེལ་ཡངས་དང་དཔྱོད་ཤེས་དབེན་དྲགས་པའི་དབང་གིས་ཡུལ་རེབ་གོང་གི་གཞུང་བ་ན། ཡུལ་འདི་ལ་ཐོག་མར་གཡུང་དྲུང་གི་བོན་དར་ཞེས་པའི་ངག་རྒྱུན་གྱི་རྐན་སྒྲ་གསོན་པོ་དེ་ཡང་མ་ཐོས་པས་རེད། དེའི་རྐྱེན་པས། མདོ་སྨད་རེབ་གོང་ལོ་རྒྱུས་ཆེན་མོ་ངོ་མཚར་གཏམ་གྱི་བང་མཛོད་ཟེར་བ་ལས་ཕྱོགས་ཞེན་གྱིས་བྲིས་པའི་ཉེས་བཤད་ཅེས་སྦྱར་ན་མི་ཆོག་པ་མེད་པར་སྙམ། རྒྱུ་མཚན། ལོ་རྒྱུས་ཞེས་པ་ནི་མི་དང་རང་བྱུང་ཁམས་གང་ཡིན་ཡང་ཐོག་མར་གྲུབ་པ་དང་བར་དུ་གནས་པ། མཐའ་མར་འཇིག་པའི་བྱུང་རབས་ལ་སྒྲོ་བཏགས་དང་འུད་བརྗོད། ཆད་པ་དང་ལྷག་པའི་ཚིག་རྒྱན་གང་ཡང་མེད་པར་ཇི་བཞིན་བསྙད་པའི་ཚིག་གི་བྱུང་རབས་ཤིག་ལ་འདོད་ཅིང་། དེ་ནི་དམ་པ་རྣམས་ཀྱིས་བསྟོད་ཡུལ་དུ་གྱུར་བ་ཡིན་མོད། མ་རྟོགས་ལོག་རྟོག་ཐེ་ཚོམ་གྱིས་གཞུང་བསྲིང་ཞིང་ཕྱོགས་ཞེན་དང་ཕྲག་དོག་གིས་མཇུག་སྡོམ་ལ་གནས་ཏེ་ཉེས་བཤད་ཀྱི་སྐད་ཆ་འདི་དག་ནི་གད་སྙིགས་ཀྱི་ཁྲོད་དུ་གཙང་ཕྱག་བྱས་ཀྱང་འགྱོད་པ་དང་ཕངས་སེམས་ཡེ་ནས་མེད་དོ།།

ཡང་གོང་གི་རེབ་གོང་སྔགས་མང་གི་ལོ་རྒྱུས་ཕྱོགས་བསྒྲིགས་ནང་གི་བཞེད་ཚུལ་དང་རྨ་ལྷོའི་ས་མིང་ལོ་རྒྱུས་རིག་གནས་བརྡ་འགྲེལ་ནང་གི་བཞེད་ཚུལ་གཉིས་ལ་དཔྱད་དགོས་པ་ཞིག་ལ་དྲན་པ་ནམ་མཁའི་ཡབ་ཡུམ་གྱི་མཚན་མི་གསལ་བ་དང་སྐྱེས་དུས་ཀྱི་ལོ་ཚིགས་མི་མཐུན་པ། བསྟེན་པའི་སློབ་དཔོན་ནོར་བ་སོགས་ཀྱི་སྐྱོན་ཅུང་འདུག་པས་ཡིན། རེབ་གོང་ཡུལ་དུ་བྱོན་པའི་དྲན་པ་ནམ་མཁའ་ནི་དུས་རབས་བརྒྱད་པའི་ནང་གི་དྭགས་པོ་དྲན་པ་ནམ་མཁའ་ཡིན་ལ། ཁོང་གི་ལོ་རྒྱུས་མདོར་བསྡུས་ནི། དྲང་དོན་འགྲེལ་ལས། དག་པོ་ཡུལ་གྱི་མཁས་པ་ཕུལ་དུ་བྱུང་ཞེས་དག་ཀོང་ཉང་གསུམ་ལས་དག་པོ་དེ་སྐྱེས་ཡུལ་བསྟན་པ་ཡིན་ལ། གཞུང་དེ་ཉིད་ལས། ཡབ་དམུ་གཤེན་དག་པ་དང་། ཡུམ་བདའ་བཟའ་མཁར་ལྕམ་གཉིས་ཀྱི་སྲས་སུ་འཁྲུངས༼  སྤྱི་ལོ ༧༠༢ ལོར་བོད་ཀྱི་དྲན་པ་ནམ་མཁའ་འཁྲུངས། བོན་གྱི་ལོ་རྒྱུས་ཡིག་ཆ་ཕྱོགས་སྒྲིག་གི་ཤོག་ངོས ༤༦༥ ན་གསལ། ༢༠༡༠ ལོར་བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ནས་བཏོན  ༽ ། དགུང་ལོ་ལྔ་ལོན་ནས་དད་པའི་སེམས་དང་ལྡན། སྙོན་མ་གྲོང་རྒྱུན་མ་ལ་ཁྲུག་རེ་འགན་སྦག་ནས་བྱིན། དྲང་སྲོང་དགའ་རྒྱལ་ལ་སེམས་བསྐྱེད་སྡོམ་པ་ནོས། ལོ་དགུ་ལོན་ནས་འབྲི་ཚད་ཕུལ་དུ་ཕྱིན། དགུང་ལོ་བཅུ་བདུན་ལོན་ནས་རྒྱ་གར་ཡུལ་དུ་བྱོན། རྒྱ་གར་མཁས་པ་བདེ་བ་སྙིང་པོ་གསལ་ལ་ལོ་ཚའི ༼  ཙྭའི  ༽ ཚིག་སྦྱོང་གིན་གསང་སྔགས་དང་སེམས་ཕྱོགས། ཡང་དགོས་བཀའ་རྒྱ་གར་གྱི་བོན་སྐོར་ཡེ་ཕྱི་མོའི་བོན་སྡེ་མ་ལུས་པ་བསླབས། གཤེན་མན་དྷ་བྷི་ཤ་ལ་རྒྱུ་མཚན་ཉིད་ཀྱི་བོན་སྡེ་རྣམས་བསླབས། ཞང་ཞུང་སྟོང་རྒྱུང་མཐུ་ཆེན་དང་རྫུ་འཕྲུལ་གྱི་བོན་སྡེ་ཞུས། འོད་འཕྲོ་སེང་གེ་འབར་བའི་ཚལ་དུ་ལོ་གསུམ་ཐུགས་ཉམས་སུ་བཞེས། རིག་པ་ཆིག་རྫོགས་སུ་སོང་བའི་རྫུ་འཕྲུལ་ཞབས་ཀྱི་བོད་དུ་ལན་གསུམ་བྱོན། བསམ་ཡས་མཆིམས་བུ་རུ་བཅུད་ལེན་དང་རྐང་མགྱོགས་ལས་སོགས་གྲུབ་རྟགས་ཤིན་ཏུ་མང་བར་བྱུང་། དགུང་ལོ་ཞེ་བདུན་ལ་གསེར་ཕྱེ་བྲེ་གསུམ་ཁྱེར་ནས་བླ་མ་ལ་ཞབས་ཏོག་འབུལ་དུ་བྱོན། བདེ་བ་གཡུང་དྲུང་ལྷུན་པོ་ཚལ་དུ་བླ་མ་རྣམས་སྤྱན་དྲངས་ནས། གསེར་གྱི་མ་འདལ་ཕུལ་ནས་རྟོག་པའི་འཕྲེང་བ་བཅད། ཚེ་ཡི་དངོས་གྲུབ་ཐོབ་ནས་བོད་དུ་ལོ་བདུན་བཞུགས། དེ་ཚེ་ཆོས་དར་བོན་བསྣུབས་བོན་རྣམས་གཏེར་དུ་སྦས། རྫུ་འཕྲུལ་སྟོབས་ལྡན་གཤེན་ལ་དར་ནུབ་མེད། བེེ་རོ་ཙ་ནས་བོན་རྣམས་ཆོས་སུ་བསྒྱུར། དེ་ནས་ཞང་ཞུང་སྟོང་རྒྱུང་མཐུ་ཆེན་གྲོངས་པའི་འདང་ལ་ལན་གཅིག་བསྙེག ༼  དྲང་དོན་མུན་སེལ་སྒྲོལ་མའི་འགྲེལ་བ། ཤོག་ངོས ༥༣ དང ༥༤ན་གསལ། ཁྲི་བརྟན་ནོར་རྩེའི་དཔེ་མཛོད་ཁང་ནས་པར་དུ་བསྐྲུན།  ༽དེ་ལ་གཞིག་ན་རབ་བྱུང་དང་པོའི་ནང་སྐྱེས་བཞེས་འདོད་པ་ནི་མི་མཐུན་ལ།  བླ་ཆེན་གྱིས་ཁུ་སྟོན་བརྩོན་འགྲུས་གཡུང་དྲུང་བླ་མར་བསྟེན་པ་དེ་བས་ཀྱང་མི་མཐུན། རྒྱུ་མཚན། ཁུ་སྟོན་སྤྱི་ལོ ༡༠༡༡ ལོར་ཡར་ལུང་དུ་སྐུ་འཁྲུངས་ཤིང་སྤྱི་ལོ ༡༠༧༥ ལོར་སྐུ་གཤེགས་པ་དེབ་སྔོན་དང་དུང་དཀར་ཚིག་མཛོད་སོགས་ཞལ་མཐུན། དོན་ལ་བླ་ཆེན་དྲན་པ་ནམ་མཁའ་ཁུ་སྟོན་མ་བྱོན་པའི་ཡར་སྔོན་ནས་མཁས་པ་དང་གྲུབ་པའི་བདག་ཉིད་ཅིག་ཡིན་པ་བཤད་མ་དགོས་ལ་ད་རུང་རེབ་གོང་ཕྱོགས་སུ་བྱོན་ནས་བསྟན་པ་སྤེལ་བའི་དུས་ཀྱང་གཟིར་བའི་སྐབས་རེད། བོན་སྟོན་དྲན་པ་ནམ་མཁའ་རེབ་གོང་དུ་བྱོན་ནས་བསྟན་པ་སྤེལ་བ་ལ་ཐེ་ཚོམ་མི་དགོས་ཏེ་འབུམ་པའི་བརྒྱུད་བསྐང་ལས། སློབ་དཔོན་ཕུང་བོན་མགོ་དམར་གྱིས།། ཨ་བ་ངོས་བཟང་དགོན་པ་རུ།། ཕུར་བུ་རམ་པའི་ལྷ་ཚོགས་དང་།། ཅི་ལྟར་སྒྲུབ་པའི་ཐ་ཚིག་ཅན།། ཞེས་གྲུབ་པས་ཡིན་ནོ།།

ཡང་མདོ་སྨད་རེབ་གོང་ལོ་རྒྱུས་ལས། བོན་བརྒྱ་རོང་འབྲོག་སྡེ་འདི་གཉིས་ལ་བོན་བརྒྱ་ཞེས་ཐོགས་དོན་ནི། དུས་རབས་བཅུ་གཉིས་པའི་ནང་བོན་གྱི་གྲུབ་ཆེན་སྐྱིའི་སྐྱི་རྟེང་འཁོར་ལོ ༼  སྤྱི་རྟིང་འཁོར་ལོས་བསྒྱུར་བ  ༽ དང་ངོ་མོ་ཡེ་ཤེས་མཚོ་རྒྱལ། ཁྱུང་པོ་ཁྱུང་དཀར་ཚངས་པ་གསུམ་ས་འདིར་འོངས་ནས་འབལ་ཚའི་ཆད་ལུང་ཐང་དུ་བཞུགས་སྐབས། ས་འདིའི་ཞིང་ཁ་ནས་བུ་མོ་ཞིག་གི་འོ་མ་ཁྱེར་འོངས་ནས་གསོལ་ཇ་དྲངས་སྐབས། ཁྱོད་ཀྱི་མིང་ལ་ཅི་ཟེར་དྲིས་པ་ན། རྒྱལ་མོ་བྱམས་ཟེར་ཞུས་པས། རྟེན་འབྲེལ་ལགས་ཁྱོད་ཀྱི་རྒྱུད་ལ་ས་འདིར་བོན་སྡེ་བརྒྱ་ཕྲག་འབྱུང་ཞེས་ལུང་བསྟན།   ཕྱིས་སུ་སྡེ་བའི་མིང་ལ་བོན་བརྒྱ་ཞེས་བཏགས་པ་ཡིན་ཟེར་ཅེས་བརྗོད་ཡོད་ལ། འཇིགས་བསམ་ཁྱོད་ཉིད་བོན་བརྒྱ་སྡེ་བ་འདི་གྲུབ་ཐོབ་རྣམ་གསུམ་གྱི་ཞལ་གཡང་ཁྲོད་བྱུང་ཡིན་པ་ཐེ་ཚོམ་ཟ་མི་དགོས་དེ། བོན་བརྒྱ་གཡུང་དྲུང་ཕུན་ཚོགས་ཀྱི་རྣམ་ཐར་བགྲོད་པའི་ཐེམ་སྐས་ལས། སྡེ་བའི་མིང་ལ་བོན་བརྒྱ་ཟེར་དོན་ནི། ད་སྐབས་ཆགས་ནས་ཡོད་པའི་རེབ་གོང་གི་སྡེ་བ་འདི་རྣམས་མ་ཆགས་གོང་དུ། ལུང་སྟོང་གོང་བུར་ཡོད་པའི་སྐབས་སུ། ཀླུ་བདུད་བཙན་གསུམ་གྱི་གནོད་པ་ཤིན་ཏུ་ཆེ་བའི་དུས། སྟོད་ཞང་ཞུང་གི་ཡུལ་ནས། ངོ་སྤྱི་ཁྱུང་གསུམ་གྱི་གྲུབ་ཐོབ་རྣམ་གསུམ་ཞེས། མཚན་སྤྱི་སྟེང ༼  རྟིང  ༽ འཁོར་ལོ་སྒྱུར ༼  བསྒྱུར  ༽ བ། ངོ་མོ་ཡེ་ཤེས་མཚོ་རྒྱལ། ཁྱུང་པོ་ཁྱུང་དཀར་ཚངས་པ་དང་གསུམ། འབྲུག་ཁྱུང་སེང་གསུམ་ལ་རྫུ་འཕྲུལ་གྱིས་བཅིབས་ནས་རེབ་གོང་ལུང་བར་བྱོན་སྐབས། འབལ་ཚའི་ཉག་དམར་ན་བཙན་གྱི་སྡོང་པོ་མཐོང་རེག་དུག་གིས་གསོད་པ་ཞིག་སྐྱེས་ནས་ཡོད་པ། དབལ་རམ་འབུམ་གསུམ་གྱི་བསྐྱེད་རྫོགས་ལ་ཞུགས་ཤིང་། སྔགས་དང་ཕྱག་རྒྱ་གཏོར་མའི་འཕྲུལ་འཁོར་གྱིས་བཅད་དེ་ཕུར་སྐུ་གསུམ་བཞེངས་སྐབས། འབལ་ཚའི་ལུང་བ་འདིར་ནམ་ཞིག་བོན་པོ་བརྒྱ་སྟོང་འཚོགས་པའི་སྒྲུབ་སྡེའམ། གྲོང་སྡེ་ཞིག་ཆགས་པར་ངེས་ཞེས་ལུང་བསྟན་པའམ་ཞལ་གཡང་བརྗོད་མ་ཐག་གི་འཕྲོ་དང་དུས་མཚུངས་པ་ཡིན་པས། བོན་བརྒྱ་བཏགས་ཞེས་གནའ་མིའི་ངག་རྒྱུན་ལས་ཐོས་པ་ཡིན། ༼  བོན་བརྒྱ་གཡུང་དྲུང་ཕུན་ཚོགས་ཀྱི་རྣམ་ཐར་བགྲོད་པའི་ཐེམ་སྐས་ཀྱི་ཤོག་ངོས ༨ ན་གསལ། ༢༠༠༣ མཚོ་སྔོན་ནང་བསྟན་རིག་གནས་སྒྱུ་རྩལ་ལྟེ་གནས་སུ་པར་དུ་བཏོན།  ༽ ཞེས་གསུངས་པས་བདེན་དོན་གྱི་ཡང་སྙིང་དེ་ཁོང་ནས་འཆར་བར་ཤོག

ཡང་རེབ་གོང་ལོ་རྒྱུས་ལས། བོན་བརྒྱ་རྒན་པོ་དགེ་ལེགས་རྒྱ་མཚོས་གོང་གི་བོན་གྱི་གྲུབ་ཆེན་དེ་གསུམ་ནི་གླང་དར་སྐབས་སུ་འོངས་པར་བཤད་པ་ནི་རེབ་གོང་གི་ལོ་རྒྱུས་ཕྱོགས་ལ་ཐོས་བརྒྱ་ཆུང་བས་རང་བཟོ་གང་དྲན་གྱི་གཏམ་མོ།། ཞེས་བརྗོད་ཡོད་ལ། འདི་ནི། བོད་ཀྱི་ཁ་དཔེ་ལ། མྱི་ཆེན་ལ་ཁ་དང་། བྱ་ཆེན་ལ་རྡོ་ཟེར་བའི་དཔེ་ལྟར། རང་ཉིད་ཀྱིས་མ་ཤེས་པའི་ནོར་འཁྲུལ་གྱི་རྨོངས་པ་དེ་མཁས་པ་ཆེན་པོའི་མགོ་ལ་བཀབ་ན་རང་ཉིད་དམྱལ་བ་ལས་སྐྱེ་བའི་ཚོགས་ངན་གྱི་རྒྱུ་ལས་མ་འདས། དོན་གྱིས་རིམ་པར་བརྗོད་ན་རེབ་གོང་གྲུབ་ཐོབ་རྣམ་གསུམ་དེ་མེ་ཏྲི་སྟོན་པ་ཤེས་རབ་གྲགས་པ་དང་དུས་མཉམ་ཡིན་ལ། མེ་ཏྲི་སྟོན་པ་ཤེས་རབ་གྲགས་པ་ནི་བོད་རྒྱལ་གླང་དར་དང་དུས་མཉམ་ཡིན། རེབ་གོང་གྲུབ་ཐོབ་རྣམ་གསུམ་དེ་མེ་ཏྲི་སྟོན་པའི་དངོས་ཀྱི་སློབ་རྒྱུད་ཡིན་པ་ནི་འབུམ་པའི་བརྒྱུད་བསྐང་ལས། གཤེན་དེ་ཡི་ཐུགས་དམ་རྒྱུད་འཛིན་པ།། སློབ་དཔོན་མེ་ཏྲི་སྟོན་པ་ཡིས།། རི་བོ་སྟོང་འདུས་དགོན་པ་རུ།། ཕུར་བུ་རམ་པའི་ལྷ་ཚོགས་དང་།། ཇི་ལྟར་སྒྲུབ་པའི་ཐ་ཚིག་ཅན།། དེ་རིང་བདག་གིས་ཐུགས་དམ་བསྐང་།། ཞེས་དང་། ཡང་དེ་ཉིད་ལས། གཤེན་དེ་ཡི་ཐུགས་དམ་རྒྱུད་འཛིན་པ།།  སློབ་དཔོན་ཁྱུང་དཀར་ཚངས་པ་ཡིས།། བྲག་སྲིན་པོ་འཁྲོས་པའི་དབེན་གནས་སུ།། ཕུར་བུ་རམ་པའི་ལྷ་ཚོགས་དང་།། ཇི་ལྟར་སྒྲུབ་པའི་ཐ་ཚིག་ཅན།། དེ་རིང་བདག་གིས་ཐུགས་དམ་བསྐང་།། ༼ འབུམ་པའི་བརྒྱུད་བསྐང་། ཡིག་རྙིང་ལག་བྲིས་མ་ལས་བཤུས། ༽ ཞེས་གསུང་ཡོད་ལ། དར་མ་འུ་དམ་བཙན་དང་མེ་ཏྲི་སྟོན་པ་གཉིས་དུས་མཉམ་པ་ནི་བསྟན་པའི་ཤན་འབྱེད་འཕྲུལ་གྱི་མེ་ལོང་རབ་གསལ་སྒྲོན་མེ་ལས། གཅུང་པོ་དར་མ་ར་ཙ་སྤྲེའུའི་མགོ། བན་བཙུན་དབྱེན་གཡོས་མེ་ཏྲི་ཤེས་རབ་གྲགས།། སྐུ་བསྣུབས་གྲོས་ཤམ་གདན་འདྲེན་དམག་མི་བརྒྱ།། དྲག་པོས་མ་ཁུག་སྨྲ་སྔགས་གསོལ་བཏབ་པས།། མདུན་དུ་བྱོན་ཡང་མཚོན་ཆས་མ་ཆོད་པས།། ཆུ་ཡི་སྲོག་ཆགས་ཕྲའུ་ལན་ཆགས་གཅིག། ཆུ་སྦལ་སྐེ་ལ་ཞོགས་དང་ཆོད་ཅེས་གསུངས།། ཕྱག་ཞབས་མཐིལ་བཞི་དབུ་ལྔ་བཅད་ནས་ཁྱེར།། རྒྱལ་པོའི་དྲུང་དུ་དབུ་ཡིས་གླུ་དབྱངས་ལེན།། ཕྱག་གིས་གར་བསྒྱུར་ཞབས་ཀྱིས་བྲོ་བརྡུང་བས།། རྒྱལ་པོས་འགྱོད་ཆེས་བན་དྷེས་དབྱེན་ལེན་ཞེས།། དམག་དང་བན་བཙུན་ཐམས་ཅད་དམྱལ་ཐག་བཅད།། ཅེས་དང་། སྔོན་འགྲོ་ཁྲིད་ཡིག་བཀའ་ལུང་རྒྱ་མཚོ་ལས། རང་རེ་སོ་སོའི་སྐྱེ་བོ་རྣམས་ལྟ་ཡང་ཅི་སྨོས་ཏེ། སྔོན་ཚེ་མདོ་གམ་སྨད ༼  ཀྱི  ༽ཕྱོགས་གཅིག་ཏུ་དབལ་ཆེན་རམ་པ་ལ་སོགས་ཡོང་ལུགས་ཀྱི་བོན་སྒོ་ལ་གྲུབ་པར་བརྙེས་པའི་གཤེན་པོ་མེན་ཏྲི་སྟོན་པ་ཤེས་རབ་གྲགས་བྱ་བ་གཅིག་བཞུགས་པ་དེ་ལ། དབུས་ཀྱི་ཆོས་མཛད་རྣམས་ཕྲག་དོག་སྐྱེས་ནས་རྒྱལ་བོ་གླང་དར་ལ་མེན་ཏྲི་སྟོན་པས་མཐུ་བྱེད་དོ།། ཞེས་སྨོས་ནས་དབྱེན་བྱས་པས། རྒྱལ་པོ་དེ་བཀུག་ཏུ་རྟ་བ་བརྒྱ་བཏངས་པས་ཁོང་གྲུབ་པ་ཐོབ་པས་དྲག་ཤུལ་གྱི་མ་ཁུག་པ་དང་། རྟ་བ་བརྒྱས་ཕྱག་འཚལ་ནས་ངེད་ཅག་ལ་སྙིང་མི་རྗེའམ། ཞེས་སྨྲེ་སྔགས་ཀྱི་གསོལ་བ་བཏབ་པས། ཁོང་ནི་སྙིང་རྗེ་སྐྱེས་ནས་དབུ་སྦྱིན་པ་བཏང་བ་ལ། མཚོན་གྱིས་མགུལ་ལ་ཅི་ཙམ་བརྒྱབ་ཀྱང་མ་ཆོད་པས། ཁོང་གི་ཞལ་ནས་ངས་སྔོན་ཚེ་ཆུའི་ནང་གི་འབུ་སྲིན་ཕྲ་མོ་གཅིག་བསད་པའི་རྣམ་སྨིན་མ་བྱང་བས་ཆུ་བལ་གྱིས་སྐེ་གཅུས་ལ་ཆོད་ཅིག་གསུངས། དེ་ལྟར་བྱས་པས་གཟོད་དབུ་ཆོད་དོ།།  ༼  སྔོན་འགྲོ་ཁྲིད་ཡིག་བཀའ་ལུང་རྒྱ་མཚོའི་ཤོག་ངོས ༢༡༢ དང ༢༡༣ ན་གསལ། ༢༠༡༢ ལོར་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་ནས་བསྐྲུན།  ༽ ཅེས་གསུངས་ཡོད་ལ། གྲུབ་མཐའི་འགལ་རྐྱེན་མང་པོ་ཤོར་བས་མེ་ཏྲི་སྟོན་པས་དབུ་སྦྱིན་པ་བཏང་། དེ་དུས་སུ་དབུས་ནས་བསྟན་པ་ནང་འཁྲུགས་བྱུང་པའི་དུས་ཡིན་པའི་བར་སྐབས་སུ་མེ་ཏྲི་སྟོན་པའི་སློབ་རྒྱུད་དུ་གྱུར་བའི་རེབ་གོང་གྲུབ་ཐོབ་རྣམ་གསུམ་དེ་ཡང་གནས་ཆེན་ས་ག་ལག་དྲུག་ནས་མདོ་སྨད་རེབ་གོང་ཡུལ་དུ་བྱོན་པ་ནི་སྦ་སར་པཎྡིཏ་ཀུན་བཟང་རྒྱལ་མཚན་གྱི་རྣམ་ཐར་རྩོམ་འཕྲོ་ལས། དེ་ནས་བོད་དང་ཞང་ཞུང་ཡུལ་ཁམས་ནས།། གཤེན་བསྟན་ཉི་མ་ནུབ་རིར་ཆས་པའི་ཚེ།། བོན་རྣམས་ཐམས་ཅད་གཏེར་གྱིས་རྒྱ་ཡིས་བཏབས།། གཤེན་ཆེན་འགའ་ཞིག་མཁའ་སྤྱོད་ཡུལ་དུ་གཤེགས།། གཤེན་ཕྲན་ཕལ་ཆེར་ཐུགས་དམ་གང་བདེར་བཞུགས།། དེ་དུས་དབལ་རམ་འབུམ་པའི་བོན་སྐོར་ལ།། གྲུབ་པ་བརྙེས་པའི་གཤེན་ཆེན་རྣམ་པ་གསུམ།། མདོ་སྨད་རེབ་གོང་གསེར་མོ་ལྗོངས་སུ་ཕེབས།། གྲུབ་པའི་རྟགས་དང་རྫུ་འཕྲུལ་མང་པོ་བསྟན།། གཟུགས་ཅན་གཟུགས་མེད་འགྲོ་བ་མང་པོ་ཞིག། བོན་གྱི་གདུལ་བྱར་བཀོད་ནས་བསྟན་པ་སྤེལ།། རེབ་གོང་ཡུལ་དུ་བཀའ་རྟགས་མང་དུ་བཞག། ཁྱད་པར་གདུག་པ་བཙན་གྱི་བླ་ཤིང་གཅིག། གྲུབ་ཐོབ་གསུམ་གྱིས་ཟན་གྱི་གཏོར་མས་བཅད།། གདུག་པའི་ཤིང་ལ་སྒྲུབ་པའི་རྟེན་ཕུར་དང་།། སྒྲུབ་རྔ་ལ་སོགས་མཁོ་བའི་ཡོ་བྱེད་བཟོས།། གཤེན་ཆེན་ཆེ་བ་སྤྱི་རྟིང་འཁོར་ལོ་དང་།། འབྲིང་པོ་ངོ་མོ་ཡེ་ཤེས་མཚོ་རྒྱལ་མཚན།། ཆུང་བ་ཁྱུང་དཀར་ཚངས་པ་ཞེས་སུ་གྲགས།། དེ་དག་བོན་དང་རུས་ཀྱི་རྒྱུད་འཛིན་པའི།། བོན་སྡེ་སྤྱི་ཁྱུང་ངོ་གསུམ་ཞེས་སུ་གྲགས།། དེ་དང་དེ་ལས་གྱེས་པའི་གཤེན་སྡེ་ནི།། གླིང་བརྒྱ་དར་གྲོང་ཞོ་འཕོང་འགུར་ཆུང་སོགས།། དབལ་རམ་རྒྱུད་འཛིན་གཤེན་སྡེ་མང་དུ་ཆགས།། ༼  སྦ་སར་ཀུན་བཟང་རྒྱལ་མཚན་གྱི་རྣམ་ཐར་འཕྲུལ་དེབ་ཅན་གྱི་ཤོག་ངོས ༤༦ དང ༤༩ བར་ན་གསལ། མར་ནང་དཔེ་རྙིང་འཚོལ་སྒྲུབ་ཁང་ནས་བཏོན། ༽ ཞེས་གསུངས་ཡོད་པས་འདི་རྣམས་ཀྱི་ལུང་ཁུངས་ལ་ཞིབ་ཏུ་དཔྱོད་དང་། རྨོངས་པའི་མུན་པ་ངང་གིས་འཐིབ་པའི་ཁང་བུ་ལ་ཤེས་རབ་ཀྱི་སྐྱ་རེངས་གསར་བ་ཞིག་འཆར་ངེས་སོ།།

ཡང་རེབ་གོང་ལོ་རྒྱུས་ལས། དུས་རབས་བཅུ་གསུམ་པའི་ནང་ཨ་མྱེས་ལྷ་རྗེའི་དུར་ས་བཙལ་མཁན་ཡང་སྐྱིའི་སྐྱི་སྟེང་འཁོར་ལོ་ཡིན་པ་རེབ་གོང་ལོ་རྒྱུས་དང་ཡིག་ཚང་རྣམས་སུ་གསལ་བར་ཡོད་དོ།།  ཅེས་བརྗོད་ཡོད་ལ། རབ་བྱུང་ལྔ་བའི་ཁོངས་སུ་བྱོན་པའི་ཨ་མྱེས་ལྷ་རྗེ་དུར་ས་བཙལ་མཁན་དེ་རེབ་གོང་གྲུབ་ཐོབ་རྣམ་གསུམ་གྱི་ཡ་གྱལ་ཆེ་བ་སྤྱི་རྟིང་འཁོར་ལོས་བསྒྱུར་བ་མ་ཡིན་ལ་ཁོང་གི་རུས་རྒྱུད་དུ་འཁྲུངས་པའི་སྤྱི་སྟོན་འཁོར་ལོ ༼  སྐྱི་ཁ་གསུམ་གྱི་རུས་མཛོད་ལས་སྐྱིའི་སྐྱིད་གཏོང་འཁོར་ལོའམ་བདེ་སྟོང་སྐྱིད་པའི་འཁོར་ལོ་ཞེས་བྲིས་འདུག་ལ་འདིའི་ནང་དུ་ད་རུང་ངོ་མོ་ཡེ་ཤེས་མཚོ་རྒྱལ་ལ༼ འདི་ལ་ཡེ་ཤེས་ཁྲོ་རྒྱལ་ཡང་ཟེར ༽ཞེས་མཆན་བུ་ཡང་ཡོད། ད་རུང་ཁྱུང་པོ་ཁྱུང་དཀར་ཚངས་པ་དང་དེའི་རྣམ་འཕྲུལ་ཁྱུང་པོ་གཡུ་ཐོག་འབར་བ་གཉིས་ཀ་ཡང་བསྲེས་ནས་བྲིས་འདུག་པས། འདི་ལ་ཡག་པོ་ཞིག་དཔྱད་ནས་མ་བྲིས་ན་ལོ་རྒྱུས་ཀྱི་རྒྱབ་ལྗོངས་ངོ་མ་དེ་མཐོང་དཀའ་བར་འདུག་སྙམ ༽ ཞེས་པ་དེ་རེད་འདུག དོན་ལ་ཁྱོད་རང་སྤྱི་རྟིང་འཁོར་ལོས་བསྒྱུར་བ་དང་། དེའི་རུས་རྒྱུད་དུ་གཏོགས་པའི་སྤྱི་སྟོན་འཁོར་ལོ་གཉིས་ཀྱི་ཁྱད་པར་ལ་རྨོངས་སོང་བ་རེད། འདི་ནི་དུ་བ་རླངས་འཛིན་གྱི་དཔེ་ལས་མ་འདས། ཞིབ་ཏུ་གླེང་ན་མདོ་སྨད་བོན་གྱི་སྨྲ་སེང་རྣམ་གསུམ་དུ་གྲགས་པའི་ཡ་གྱལ་མཁས་པའི་དབང་པོ་བོན་བརྒྱ་རིན་པོ་ཆེའི་མཆོག་གིས་མ་མཁྱེན་པ་མ་ཡིན་ལ། དོན་ལ་ཁྱོད་རང་རྨོངས་འདུག་པས་མཁས་དབང་མཆོག་གིས་དེ་དག་གི་དབྱེ་འབྱེད་གསལ་པོ་ཞིག་བསྟན་འབྱུང་ཤེལ་གྱི་རྒྱང་མཐོང་ན་གསུངས་འདུག་པས་ཞིབ་ཏུ་གཟིགས་དང་ཁྱོད་ཀྱི་མེས་པོ་གོང་མ་རྣམས་ཀྱི་གྲོལ་ཕུག་དེ་མངོན་གསལ་དུ་རྟོགས་ཐུབ་བོ།།

ཡང་མདོ་སྨད་རེབ་གོང་ལོ་རྒྱུས་ལས། ས་སོ་མའམ་གླིང་བརྒྱའི་བོན་ཚང་མ་ཞེས་པའི་སྡེ་བ་འདི་ནི་དང་ཐོག་ཨ་མྱེས་ལྷ་རིའི་ཕང་བར་གཞི་ཆགས་པ་ཞིག་ཡིན་ཏེ། དུས་རབས་བཅུ་གཉིས་པའི་ནང་ཁྱུང་པོའི་ཡུལ་ནས་ཕེབས་པའི་བོན་གྱི་གྲུབ་ཆེན་ཁྱུང་དཀར་ཚངས་པ་ཞེས་པ་འདིར་ཕེབས་ནས་གཞི་བཟུང་། ༼  མདོ་སྨད་རེབ་གོང་ལོ་རྒྱུས། སྨད་ཆ། ཤོག་ངོས ༣༣ ན་གསལ།  ༽ཞེས་བརྗོད་ཡོད་ལ་ཁྱུང་དཀར་ཚངས་པ་དུས་རབས་བཅུ་གཉིས་པའི་ནང་དུ་བྱོན་པ་མ་ཡིན་ལ ༼  གོང་ནས་གསལ་བྱེད་བྱས་ཡོད  ༽ ཁྱུང་དཀར་ཚངས་པས་ཐོག་མའི་གཞི་འཛིན་ས་དེ་ཧོར་ནག་ཁྱུང་པོ་ཡིན་པ་དང་། འཕེལ་རྒྱས་ཀྱི་ཁྲོད་ནས་གླིང་བརྒྱའི་བོན་ཚང་མ་དང་སྡོང་སྐམ་མག་གསར་སོགས་བྱུང་ལ་ཁྱུང་པོ་གཡུ་ཐོག་འབར་བ་བྱོན་ནས་སྨད་པ་ཁྱུང་པོའི་ཐང་དུ་གསས་ཁང་གསར་བཞེངས་དང་བསྟན་པ་དར་སྤེལ་མཛད་པས་ཁྱུང་པོ་ལ་སྟེང་འོག་གཉིས་སུ་གྱེས་བའི་རབས་བཤད་དེ་ཡིག་ཚང་དང་ངག་རྒྱུན་གཉིས་ཀ་ཞལ་མཐུན་པས་འཇིགས་བསམ་ལགས་ཞིབ་ཏུ་སོམས་དང་། སྲིད་པ་བོད་ཀྱི་ཁ་དཔེ་ལ། སྐད་ཆ་ཚིག་གསུམ་མ་ཤེས་ན། ཕ་ཨ་ཁུ་ཡིན་རུང་ངོ་མི་ཤེས་ཞེས་པ་ཅིས་མ་བདེན། ཁྱོད་ཀྱིས་རང་གི་ཕ་མེས་དེ་བོན་པོ་ཡིན་པ་དང་གཞི་འཛིན་གྱི་ཡང་མེས་དེ་ཁྱུང་དཀར་ཚངས་པ་ཡིན་པ་ཡང་ཤེས་མི་འདུག་ལ། ཉེ་བའི་རང་རྒྱུས་བཤད་མི་ཐུབ་པ་ཞིག་གིས་རིང་བས་གཞན་རྒྱུས་བཤད་པ་ནི་ཧ་ཅང་གི་དགོད་བྲོ་བའི་གནས་སུ་མཆིས་པས་བོན་ཚ་ལགས། བོན་ལ་ལྟ་བ་ལོག་པ་ཁྱོད་ཁོ་ན་མ་ཡིན་པས་བོན་ཁྱུང་གི་གྲོལ་ཕུགས་ལ་ཞིབ་ཏུ་དཔྱོད་དང་། འགྲོ་བ་མིའི་རིགས་ཀྱི་ཤེས་རིག་དང་ཤེས་རབ་ཀྱི་འབྱུང་ཁུངས་སམ་མ་ཡུམ་ངོ་མ་ནི་བོན་གྱི་ཤེས་རིག་ལགས་པས་བོན་གྱི་ཤེས་རིག་ནི་འུ་ཅག་ལ་འོད་སྣང་སྩོལ་བའི་ཉི་མ་དང་ཟླ་བར་གྲུབ། ཁྱོད་ཀྱིས་འདི་ལྟར་དང་ལེན་བྱེད་མི་ཕོད་པ་ནི་བདེན་དེ། ཁྱོད་ནི་གྲུབ་མཐའི་ཕྱོགས་ཞེན་གྱི་མུན་པ་ཆེས་མཐུག་པའི་ཡུལ་གྲུ་ཞིག་ནས་འཚར་ལོངས་བྱུང་ཞིང་གྲུབ་མཐའི་འགྲན་རྩོད་ལ་དགའ་ཞིང་གྲུབ་མཐའ་ལ་སྡང་བའི་སྟོན་པ་ཁ་ཤས་ཀྱིས་གསོ་སྐྱོང་གནང་ཡོད་པས་མ་ཡིན་ནམ། ངོ་མ་ཡིད་སྐྱོ་བ་ཞིག་ལ་ང་ཚོ་སུ་ཡིན་ཡང་གྲུབ་མཐའི་ཕྱོགས་ཞེན་གྱི་རྨོངས་པ་དེ་དོར་ནས་བདེན་པའི་ལོ་རྒྱུས་ཞིག་གི་རྒྱབས་ལྗོངས་ངོ་མ་དེ་མཐོང་ཐུབ་ཀྱིན་མི་འདུག

ཡང་མདོ་སྨད་རེབ་གོང་ལོ་རྒྱུས་ལས། གསར་བཏབ་བོན་བརྒྱ་དགོན་སྨན་རི་བཤད་སྒྲུབ་སྨིན་གྲོལ་གླིང་ནི། རོང་བོ་དགོན་ཆེན་གྱི་ལྷོ་ཕྱོགས་སུ་སྤྱི་ལེ་བཅོ་ལྔའི་མཚམས། ད་ལྟའི་རེབ་གོང་ཐུན་རིན་རྫོང་ཆུ་ཁོག་ཞང་མག་སར་སྡེ་བའི་གཡས་འགྲམ་གྱི་རི་རྐེད་དུ་ཆགས། དེ་ནི་ཐོག་མར་བོན་བརྒྱའི་མཚམས་པ་རེ་ཟུང་གིས་སྒྲུབ་ཁང་ཞིག་བརྩིགས་ནས་སྒོམ་སྒྲུབ་བྱེད་ས་ཡིན། སྤྱི་ལོ ༡༩༨༣ ལོར་བོན་བརྒྱ་དགེ་ལེགས་དང་དད་ལྡན་སྦྱིན་བདག་ཁག་གི་རོགས་རམ་ལ་བརྟེན་ནས་སྒྲུབ་ཁང་དེ་གནས་སྤོར་ནས་ད་ལྟའི་དགོན་གསར་འདི་ཆགས་པ་ཡིན། ཞེས་བརྗོད་ཡོད་ལ། བོན་བརྒྱ་དགོན་པ་ནི་རྒྱལ་སྤྱིའི་བོད་རིག་པའི་མཁས་ཆེན་བོན་བརྒྱ་དགེ་ལེགས་ལྷུན་གྲུབ་རྒྱ་མཚོ་རིན་པོ་ཆེ་མཆོག་གིས་གསར་དུ་བཏབས་པ་ཞིག་མ་ཡིན་ལ་གནའ་སྔ་མོ་ནས་ཡོད་པ་མདོ་སྨད་ཀྱི་ལོ་རྒྱུས་དེབ་ཐེར་རྒྱ་མཚོ་ལས། དམུ་གསལ་སྒར་དམུ་གསལ་མཚམས་པས་བཏབས། འདི་བ་བདེ་ཆེན་གྱི་གྲྭ་བ། དབུས་སུ་མཁར་རྡོ་བསྟེན་ནས་རྙིང་ཕྱོགས་མཉན། རིག་གནས་ལ་མཁས། དེ་ལ་སྐུ་སྐྱེ་སྔ་ཕྱི་གཉིས་བྱུང་བའི་ཕྱི་མ་དེང་སང་ཡོད། འདི་དང་ཉེ་བར་བོན་གྱི་དགོན་ཆུང་ཞིག་ཀྱང་སྣང་། ཀོའུ་སྡེ་དགོན་གོང་བོ་ཡོན་ཏན་གྱིས་བཏབ། ༼ མདོ་སྨད་ཆོས་འབྱུང་ཤོག་ངོས ༣༣༢ ན་གསལ། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་ནས་བཏོན། ༽ ཅེས་བཞད་ཡོད་ལ། མག་སར་དང་ཀོའུ་སྡེ་དགོན་གཉིས་ཀྱི་བར་ན་སྣང་བའི་བོན་གྱི་དགོན་ཆུང་དེ་བོན་བརྒྱ་དགོན་པ་མིན་གང་ཡིན། ལོ་རྒྱུས་ལ་ཞིབ་ཏུ་གཟིགས་ན་ལོག་རྟོག་གི་འཁྲུལ་བ་གཞི་ནས་སངས་ངེས། འདི་ནི་བྲག་དགོན་པ་མཆོག་གིས་ཁྱོད་དང་འདྲ་བར་རང་སྣང་གང་དྲན་གྱིས་སྒོ་ནས་བྲིས་པ་མ་ཡིན་ལ་ཆིབས་བསྐྱོད་བྱས་ཏེ་མཐོང་སྣང་ངོ་མ་དེ་བྲིས་པ་ཡིན་པ་དུང་དཀར་ཚིག་མཛོད་ལས། ཡུལ་གྲུ་དང་ས་ཁུལ་མང་པོར་ཆིབས་བསྐྱོད་ཀྱིས་དྲི་གཏུགས་དངོས་ཀྱི་ཐོག་ནས་མདོ་སྨད་ཆོས་འབྱུང་རྩོམ་སྒྲིག་མཛད། རབ་བྱུང་བཅུ་བཞི་བའི་ཤིང་གླིང་སྤྱི་ལོ ༡༨༦༥ ལོར་ལེགས་པར་གྲུབ། ༼  དུང་དཀར་ཚིག་མཛོད་ཤོག་ངོས ༡༥༡༣ ན་གསལ། ༢༠༠༢ ལོར་ཀྲུང་གོ་བོད་རིག་པ་དཔེ་སྐྲུན་ཁང་གིས་བསྐྲུན། ༽ཅེས་གསུངས་པ་ལ་གཞིག་ན་བོན་བརྒྱ་དགོན་པ་ནི་ཁྱོད་ཀྱིས་འདོད་པ་ལྟར་སྤྱི་ལོ ༡༩༨༣ ལོར་བོན་བརྒྱ་རིན་པོ་ཆེས་གསར་དུ་བཏབ་པ་ཞིག་མ་ཡིན་པ་གསལ་བཤད་བྱས་ཡོད་ལ་སྤྱི་ལོ ༡༨༦༥ ལོའི་ཡར་སྔོན་དུ་ཡོད་པའི་བོན་གྱི་དགོན་རྙིང་ཞིག་ཡིན་པ་དོན་གྱིས་བསྟན་འདུག་པར་མ་ཟད། སྤྱི་ཚོགས་རྙིང་བར་བོན་བརྒྱ་བླ་རབས་རིམ་བྱོན་གྱིས་བཞེངས་བསྐྲུན་བྱས་པའི་འདུ་ཁང་གི་ཅ་ལག་དང་མཆོད་རྫས་རྙིང་བའི་རིགས་ད་ལྟ་དངོས་སུ་མཇལ་རྒྱུ་ཡོད། རྨ་ལྷོ་ཁུལ་དང་རྫོང་རིམ་པ་ནས་བོན་བརྒྱ་དགོན་པ་ལ་ལོ་ངོ་སྟོང་ལྷག་གི་ལོ་རྒྱུས་ཡོད་པའི་དགོན་རྙིང་གི་གྲས་སུ་བཞག་ཡོད། རྨ་ལྷོའི་ས་མིང་ལོ་རྒྱུས་རིག་གནས་བརྡ་འགྲེལ་ལས། བོན་བརྒྱ་དགོན་སྨན་རི་བཤད་སྒྲུབ་སྨིན་གྲོལ་གླིང་ནི། རེབ་གོང་རྫོང་རོང་བོ་གྲོང་རྡལ་གྱི་ནུབ་བྱང་ཕྱོགས་སུ་སྤྱི་ལེ་བཅོ་ལྔ་སོང་བའི་མག་སར་སྡེ་བའི་གཡས་འགྲམ་གྱི་རི་རྐེད་དུ་ཆགས་ཡོད། སྒྲུབ་སྡེ་འདི་ནི་སྤྱི་ལོ ༡༠༦༢ ལོར་ཐོག་མར་བོན་བརྒྱ་དབྱིངས་ཀློང་རིན་ཆེན་གྱི་རྒྱུན་འཛིན་མཚམས་པས་སྒྲུབ་ཁང་བརྩིགས་ནས་སྒོམ་སྒྲུབ་བྱེད་སའི་དབེན་གནས་སུ་མཛད། རྗེས་སུ་དུས་ཀྱི་འཕོ་འགྱུར་གྱི་དབང་གིས་སྒྲུབ་ཁང་གནས་སྤར་ཏེ། ད་ལྟའི་དགོན་གནས་འདི་ཆགས་པ་ཡིན། ༼  རྨ་ལྷོའི་ས་མིང་ལོ་རྒྱུས་རིག་གནས་བརྡ་འགྲེལ། ཤོག་ངོས ༣༥༤ ན་གསལ། ༢༠༡༡ ལོར་ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་ནས་བཏོན།  ༽ ཞེས་ཚན་རིག་རང་བཞིན་ཅན་གྱི་ལོ་རྒྱུས་གྱི་སྡོམ་ཚིག་དེ་འདི་ལྟར་བཀོད་འདུག

ཡང་མདོ་སྨད་རེབ་གོང་ལོ་རྒྱུས་ལས། དགོན་པ་འདིའི་ཡར་སྔོན་དུ་རེབ་གོང་ཕྱོགས་སུ་བོན་གྱི་དགོན་པ་ནི་བྱུང་མ་མྱོང་བ་ཡིན་ནོ།།  ཞེས་རྨོངས་པས་ཚིག་ཐག་བཅད་པའི་ཕྱོགས་ཞེན་གྱི་སྐད་ཆ་ཞིག་འདི་ལྟར་བྲིས་འདུག ཁྱོད་ཀྱི་སྐྱེས་ཡུལ་ཧོག་ནག་ཁྱུང་པོ་སྡེ་བའི་མདུན་ཕྱོགས་ན་གནས་པའི་བོན་དགོན་ཁྱུང་པོ་དར་ལྡིང་དགོན་པ་ནི་སྔོན་མོའི་དུས་སུ་ཡོད་ནས་འཇིག་པ་ཡིན་ནམ་མེད་ནས་འཇིག་པ་ཡིན། མ་ཟད་ཧོར་ནག་གནམ་སྟེང་དགོན་པ་དང་། བྱང་ཨ་བ་ངོས་བཟང་གི་དགོན་པ། དབལ་མོ་གནས་ཀྱི་དགོན་པ། དཀོན་མོ་ཉིན་གྱི་དགོན་པ། རི་བོ་བྱ་ཁྱུང་མདུན་གྱི་དགོན་ཁུལ་སོགས་མང་དུ་གནས་པའི་ལོ་རྒྱུས་ཡོད་པ་ནི་མ་ཤེས་སམ། ཕྱོགས་གཅིག་མཐོང་ནས་གཉིས་མ་མཐོང་། གཡག་རྒན་རྩྭ་གཟན་འདི་རེ་སྡུག་ཅེས་པ་ནི་རྒན་པོ་ཁྱོད་ལ་ལེགས་བཤད་དུ་འགྲོ་ངེས།

ཡང་མདོ་སྨད་རེབ་གོང་ལོ་རྒྱུས་ལས། ཧོར་ནག་གནམ་སྟེང་དགོན་པ་ཡང་བྲག་དཀར་སྔགས་རམས་པས་བཏབ་པར་བཤད་ཡོད། བྲག་དཀར་སྔགས་རམས་པའི་རྣམ་ཐར་ཁ་ཤས་ལ་མཇལ་ཡང་དགོན་འདི་བཏབ་པའི་གསལ་ཁ་མེད།  འདི་བོན་གྱི་དགོན་རྙིང་ཞིག་ཡིན་ལ་རབ་བྱུང་བཅུ་གསུམ་པའི་སྐབས་སུ་ཧོར་ནག་བཀྲ་ཤིས་འཁྱིལ་དང་ཕྱོགས་གཅིག་ཏུ་བསྡུས་ནས་འཇིག་པ་ཡིན། བོན་གྱི་སྐུ་གསུང་ཐུགས་རྟེན་རྣམས་རབ་བྱུང་བཅུ་དྲུག་པའི་བར་དུ་མཇལ་ཆོག་པའི་བཀའ་དབང་ཡོད་པ་ཡིག་རྒྱུན་དང་རྒན་པོའི་ངག་རྒྱུན་དུ་གནས་ཡོད་དོ།།

བོན་ཚ་ལགས། ཁྱོད་ཀྱིས་རང་གི་ཡབ་མེས་ཚོའི་བོན་གཞུང་རྣམས་ཞིབ་ཏུ་ཀློགས་དང་། ཁྱོད་ལ་ནོངས་འགྱོད་ཀྱི་ཆ་དང་ཤེབ་རབ་ཀྱི་ཆ་ཞིག་འཕེལ་བར་ངེས་སོ།།

 

མཇུག་མཐའི་རབས་བཤད།

དོན་ངོ་མ་བཤད་ན་ངས་ཀྱང་གཞུང་ལུགས་ཤིག་ལ་དོགས་དཔྱོད་བྱེད་པ་ནི་དགོད་བྲོ་ཞིག་ཡིན་མོད། མཁས་པ་རྣམ་པས་དགུན་གྱི་ཁུ་བྱུག་གི་རྟུལ་ཞུགས་བཟུང་ཚེ་ང་ཚོ་བླུན་པོ་ཚོས་བླུན་བཤད་མི་བྱེད་ཐབས་མེད་རེད། དོན་ངོ་མ་བཤད་ན་མཁས་པ་ཡིན་ཡང་ཆོག་ལ་མིན་ཡང་རུང་གཙོ་བོ་རིས་སུ་མ་ཆད་པའི་དཔྱོད་པའི་བློ་མིག་ཅིག་འཛོམ་ཚེ་དེ་ནི་སློབ་གཉེར་བ་ཞིག་གི་མི་ཚེ་ཡི་བདེ་སྐྱིད་ངོ་མ་ནི་དེ་ཡིན་འདུག དོགས་ལན་འདི་ནི་ང་ལ་མཚོན་ན་སློབ་སྦྱོང་ཞིག་དང་། བློ་བསྐྱེད་ཅིག ཉམས་མྱོང་གི་སྣང་ཚུལ་ཞིག དོན་གྱིས་བརྗོད་ན་ཆེས་ཐོབ་དཀའ་བའི་བློ་གྲོས་ཀྱི་སྣང་བ་ཞིག་ལུས་སེམས་ཀྱི་གཏིང་རིམ་ན་འོད་དུ་འཚེར་བཞིན་ཡོད་པས་ང་སྤྲོ་བར་མཆིས། འདི་ལ་རང་ཉིད་རྒྱལ་བར་འདོད་པའི་ང་རྒྱལ་དང་གཞན་ཉིད་ཕམ་པར་འདོད་པའི་སྡང་སེམས་ཡེ་ནས་མེད་གཙོ་བོ་རིག་པའི་བགྲོ་གླེང་ཙམ་དུ་ཕུལ་བ་ཡིན། ཞོར་ནས་ཞུ་རྒྱུ་ཞིག་ལ་འདིའི་ནང་གི་ལོ་ཚིགས་དང་བརྗོད་དོན་ནོར་བ་ཡོད་ཚེ་ཡོ་བསྲང་བྱེད་རྒྱུ་ནི་བདག་གི་རེ་བ་ཉག་ཅིག་ཡིན་ནོ།། ཞེས་སྤྱི་ལོ ༢༠༡༥ ལོའི་ཟླ ༥ ཚེས ༢༣ ཉིན་བོན་ནག་ཚང་ཡེ་ཤེས་བློ་གྲོས་སུ་འབོད་པས་སེ་བོན་ཤེས་རིག་འཚོལ་ཞིབ་གླིང་ནས་བྲིས།

དཔྱད་གཞིའི་ཡིག་ཆ།

དག་པོ་དྲན་པ་ནམ་མཁས་མཛད་པའི ༼ རྫོགས་པ་ཆེན་པོ་སྙན་རྒྱུད་རིན་པོ་ཆེ་ནམ་མཁའ་འཕྲུལ་མཛོད་དྲང་ངེས་གཉིས་ཀྱི་གཞུང་ཆ་ལག་དང་བཅས་པ༽ཁྲི་བརྟན་ནོར་རྩེའི་དཔེ་མཛོད་ཁང་གིས་བསྐྲུན། ༢༠༠༤ ལོའི་ཟླ ༡ པོའི་པར་གཞི། ཤོག་ངོས   ན་གསལ།

དྲན་པ་ནམ་མཁའ་སོགས་ཀྱིས་མཛད་པའི ༼ བོན་གྱི་ལོ་རྒྱུས་ཡིག་ཆ་ཕྱོགས་སྒྲིག ༽ བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་གིས་བསྐྲུན། ༢༠༡༡ ལོའི་ཟླ ༨ པའི་པར་གཞི།

སྙིང་ལྕགས་སོགས་ཀྱིས་བསྒྲིགས་པའི༼ རྨ་ལྷོའི་ས་མིང་ལོ་རྒྱུས་རིག་གནས་བརྡ་འགྲེལ ༽ ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་གིས་བསྐྲུན། ༢༠༡༡ ལོའི་ཟླ ༡ པོའི་པར་གཞི། ཤོག་ངོས ༣༩༨ ན་གསལ།

མཁས་དབང་དུང་དཀར་བློ་བཟང་འཕྲིན་ལས། དུང་དཀར་ཚིག་མཛོད་ཆེན་མོ། ༢༠༠༢ ལོར་ཀྲུང་གོ་བོད་རིག་པ་དཔེ་སྐྲུན་ཁང་གིས་བསྐྲུན།

བྲག་དགོན་པ་དཀོན་མཆོག་བསྟན་པ་རབ་རྒྱས་ཀྱིས་མཛད་པའི༼ མདོ་སྨད་ཆོས་འབྱུང ༽ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་གིས་བསྐྲུན།

རྩོམ་པ་པོ། ༼ ཞིབ་འབྲི་མཁན་མི་གསལ ༽། བོན་གྱི་གྲུབ་ཐོབ་པ་སྐྱིའི་སྐྱིད་གཏོང་འཁོར་ལོ་བཅས་རེ་སྐོང་བོན་གྱི་གྲུབ་ཐོབ་རྣམ་གསུམ་གྱི་རྣམ་ཐར་མདོར་བསྡུས་དང་སྐྱི་ཁ་གསུམ་སྡེ་བ་གསུམ་གྱི་རུས་མཛོད་མདོར་བསྡུས། རུས་མཛོད་ཁ་ཐོར་ལག་བྲིས་མ།

རྩོམ་པ་པོ། སྦ་སར་ཀུན་བཟང་རྒྱལ་མཚན། སྦ་སར་ཀུན་བཟང་རྒྱལ་མཚན་གྱི་རྣམ་ཐར་འཕྲུལ་དེབ་ཅན། མར་ནང་དཔེ་རྙིང་འཚོལ་སྒྲུབ་ཁང་ནས་བཏོན།

རྩོམ་པ་པོ། ཤར་རྫ་བཀྲ་ཤིས་རྒྱལ་མཚན། མན་ངག་རིན་པོ་ཆེ་ཨ་ཁྲིད་ཐུན་མཚམས་བཅོ་ལྔ་བའི་སྔོན་འགྲོ་ཁྲིད་རིམ་བཀའ་ལུང་རྒྱ་མཚོ། ༢༠༡༢ ལོར་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་ནས་བསྐྲུན།

རྩོམ་པ་པོ་མི་གསལ། འབུམ་པའི་བརྒྱུད་བསྐང་། ཡིག་རྙིང་ལག་བྲིས་མ།

རྩོམ་པ་པོ། བོན་བརྒྱ་གཡུང་དྲུང་ཕུན་ཚོགས་མཁས་གྲུབ་འཇིགས་མེད་རྩལ། བོན་བརྒྱ་གཡུང་དྲུང་ཕུན་ཚོགས་ཀྱི་རྣམ་ཐར་རྗེས་འཇུག་ཐར་ལམ་བགྲོད་པའི་ཐེམ་སྐས། ༢༠༠༣ མཚོ་སྔོན་ནང་བསྟན་རིག་གནས་སྒྱུ་རྩལ་ལྟེ་གནས་སུ་པར་དུ་བཏོན། ༽

རྩོམ་པ་པོ། མཁས་དབང་བོན་བརྒྱ་དགེ་ལེགས་ལྷུན་གྲུབ་རྒྱ་མཚོ། གཡུང་དྲུང་བོན་གྱི་བསྟན་འབྱུང་མདོར་བསྡུས་སྐལ་བཟང་བློ་མིག་གསལ་བར་བྱེད་པའི་རིན་ཆེན་ཤེལ་གྱི་རྒྱང་མཐོང་།  ༢༠༡༣ ལོར་ཞང་བོད་ཤེས་རིག་དར་སྤེལ་ལྟེ་གནས་སུ་པར་དུ་བསྐྲུན།

རྩོམ་པ་པོ། གུ་རུ་བཀྲ་ཤིས། བསྟན་པའི་སྙིང་པོ་གསང་ཆེན་སྔ་འགྱུར་ངེས་དོན་ཟབ་མོའི་ཆོས་ཀྱི་བྱུང་བ་གསལ་བར་བྱེད་པའི་ལེགས་བཤད་མཁས་པ་དགའ་བྱེད་ངོ་མཚར་གཏམ་གྱི་རོལ་མཚོ།   ༡༩༩༠ ལོར་གྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་གིས་བསྐྲུན། ༽

སྒྲིག་པ་པོ། ལྕེ་ནག་ཚང་ཧཱུ྇྆་ཆེན་དང་ཡེ་ཤེས་འོད་ཟེར་སྒྲོལ་མ། རེབ་ཀོང་སྔགས་མང་གི་ལོ་རྒྱུས་ཕྱོགས་བསྒྲིགས། ༢༠༠༤ ལོར་མི་རིགས་དཔེ་སྐྲུན་ཁང་ནས་བསྐྲུན། ༼ རེབ་གོང་སྔགས་མང་གི་ལོ་རྒྱུས་ཕྱོགས་བསྒྲིགས་ཀྱི་ཤོག་ངོས ༡༧ ན་གསལ། ༢༠༠༤ ལོར་མི་རིགས་དཔེ་སྐྲུན་ཁང་ནས་བསྐྲུན།༽ རེབ་གོང་སྔགས་མང་གི་ལོ་རྒྱུས་ཕྱོགས་བསྒྲིགས་ཀྱི་ཤོག་ངོས ༡༨ ན་གསལ། ༢༠༠༤ ལོར་མི་རིགས་དཔེ་སྐྲུན་ཁང་ནས་བསྐྲུན། ༽ །

རྩོམ་པ་པོ། རྒྱ་བཟའི་དགེ་བཤེས་འཇམ་དབྱངས་གྲགས་པ། རེབ་ཀོང་རུས་མཛོད་ལྟ་བ་མཁའ་ཁྱབ་ཕྱོགས་བྲལ། ༢༠༡༠ ལོར་མི་རིགས་དཔེ་སྐྲུན་ཁང་ནས་པར་དུ་བསྐྲུན།

རྩོམ་པ་པོ། སྟོང་སྐོར་ཚེ་རིང་ཐར། དུས་རབས་བརྒྱད་པའི་བན་བོན་འབྲེལ་བའི་ནང་གི་དྲན་པ་ནམ་མཁའ། ཀྲུང་གོའི་བོད་རིག་པ། ༢༠༡༢ལོའི་དེབ་བཞི་བ།

རྩོམ་པ་པོ། རེབ་གོང་བ་འཇིགས་མེད་བསམ་འགྲུབ། མདོ་སྨད་རེབ་གོང་ལོ་རྒྱུས་ཆེན་མོ་ངོ་མཚར་གཏམ་གྱི་བང་མཛོད། སྟོད་ཆ་དང་སྨད་ཆ། ༢༠༡༣ ལོར་མི་རིགས་དཔེ་སྐྲུན་ཁང་གིས་བཏོན ༽།

དཔྱད་མཆན་སྤེལ།

ཡིག་ཟམ་ས་གནས་ཀུན་པོར་མི་བསྒྲགས། རྟགས * ཅན་ངེས་པར་དུ་བླུགས་དགོས།