བོན་གྱི་འདུ་གནས་སོ་བདུན་ལས་འཕྲོས་པའི་སྟོད་ལུང་འབྲི་ལུང་དགོན་པར་རགས་ཙམ་དཔྱད་པ།
རི་མཐོ་ས་གཙང་གི་ཡུལ་གྲུ་འཛམ་གླིང་འཛིན་མའི་ཡང་རྩེ་བསིལ་ལྗོངས་ཁ་བའི་ཡུལ་ན། སྟོད་མངའ་རིས་སྐོར་གསུམ་དང༌། བར་དབུས་གཙང་རི་བཞི། སྨད་མདོ་ཁམས་སྒང་དྲུག་ཅེས་ཁག་གསུམ་དུ་དབྱེ་ཞིང༌། དེའི་ནང་གི་དབུས་གཙང་ཆོས་ཀྱི་ཆོལ་ཁ་འདི་ན། བོད་རྒྱལ་ཐོག་མ་གཉའ་ཁྲི་བཙན་པོ་ནས་བཟུང༌། གནམ་གྱི་ཁྲི་བདུན། སྟོད་ཀྱི་ལྡིང་གཉིས། བར་གྱི་ལེགས་དྲུག ཆུ་ལ་སྡེ་བརྒྱད། བར་གྱི་བཙན་ལྔ། ཡོན་ཏན་ཅན་གྱི་རྒྱལ་བོ་ལྔ། འཇུག་མའི་བཙན་ལྔ་ལ་སོགས་རིམ་བཞིན་བྱོན་མྱོང་ཞིང༌། བོད་བཙན་པོའི་རྒྱལ་རབས་ཞེ་གཉིས་རིང་གི་ཆབ་སྲིད་དང༌། དཔལ་འབྱོར། རིག་གནས་སོགས་ཀྱི་ལྟེ་གནས་སུ་གྱུར་པ་མ་ཟད། དེང་སྐབས་འུ་ཚོའི་མིག་སྔར་དུ་འགྲེང་བའི་མེས་པོ་གོང་མའི་བློ་རྩལ་ལས་ཐོན་པའི་ཤུལ་བཞག་གི་ནོར་བུ། རྔམ་བརྗིད་ལྡན་པའི་ཕོ་བྲང་པོ་ཏ་ལ་དང༌། དུས་རབས་གསར་རྙིང་གི་སོ་མཚམས་ན་མངོན་པར་འཕགས་པའི་ལྷ་ལྡན་གཙུག་ལག་ཁང་སོགས་མི་རིགས་ཀྱི་ཁྱད་ཆོས་དང༌། ཡུལ་སྲོལ་གོམས་གཤིས། སྲོལ་རྒྱུན་རིག་གནས་ལ་སོགས་མཚོན་པའི་བཟོ་བཀོད་སྣ་ཚོགས་དང༌། ད་དུང་སོ་སོའི་ཁོར་ཡུག་དང་འཚམས་པའི་རང་བྱུང་ཁམས་ཀྱི་མཛེས་ལྗོངས་ཀྱིས་ཀྱང༌། རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་འགྲུལ་བཞུད་པ་མང་པོར་ནམ་ཡང་བརྗེད་པར་དཀའ་བའི་བག་ཆགས་ཟབ་མོ་རེ་ཡང་བཞག་ཡོད། གནས་འདི་ནས་ནུབ་ཕྱོགས་སྟོད་ལུང་ཕྱོགས་སུ་སྨིས༡༥ཙམ་ཕྱིན་ན། བོན་གྱི་འདུ་གནས་ཆེན་པོ་སོ་བདུན་གྱི་ནང་ཚན་སྟོད་ལུང་རལ་བོན་གྱི་འདུ་གནས་དང༌། བོད་ཀྱི་དགོན་རྙིང་ཆེ་ཤོས་སྟོད་ལུང་འབྲི་ལུང་དགོན་པ་ཡང་ས་གནས་འདི་རུ་ཡོད། བོན་གྱི་འདུ་གནས་སོ་བདུན་ཞེས་པ་འདི་ནི། བོད་རྒྱལ་གཉིས་པ་མུ་ཁྲི་བཙན་པོས་གཤེན་ནམ་མཁའ་སྣང་བ་མདོག་ཅན་བླ་རུ་བཀུར་ནས་གསང་བ་སྔགས་ཀྱི་བོན་ལ་བློ་སྦྱངས་ཏེ། མཐར་སྒྲུབ་པའི་དོན་གོ །རྟོགས་པའི་ཡོན་ཏན་རྒྱུད་ལ་སྐྱེས་ནས་རྫུ་འཕྲུལ་སྨན་བཞི་ལ་སོགས་སྒྲུབ་པའི་གྲོགས་སུ་བསྟེན་ནས་དབུས་གཙང་རུ་བཞིའི་ཁོངས་སུ་བོན་གྱི་འདུ་གནས་ཆེན་པོ་སོ་བདུན་བཙུགས་པ་རེད། དབུས་གཙང་རུ་བཞི་ནི། གཡས་རུ། གཡོན་རུ། དབུ་རུ། རུ་ལག་བཞི་ཡིན་ལ། དབུ་རུའི་ནང་ཚན་ལ་ཡང་སྟོད་རུ་ལུང་གསུམ་ཞེས་སོ་སོར་དབྱེ་སྲོལ་ཡོད་པ་རེད། འདི་ནི་སྟོད་རུ་ལུང་གསུམ་གྱི་ནང་ནས་སྟོད་ལུང་གི་ཁོངས་སུ་གཏོགས་པ་དང༌། བོན་གྱི་འདུ་གནས་སོ་བདུན་གྱི་ནང་གི “སྟོད་ལུང་རལ་བོན་གྱི་འདུ་གནས”དེ་ཡིན། འདི་ལ་མི་ལོ་སྟོང་ཕྲག་གསུམ་ལྷག་གི་ལོ་རྒྱུས་ཀྱི་རང་བཞིན་ལྡན་པ་དང༌། གསང་བ་སྔགས་ཀྱི་བོན་སྡེ་ཉམས་ལེན་བྱེད་སའི་སྒྲུབ་གནས་གཙོ་བོ་ཞིག་གམ། ཡང་ན་གྲུབ་ཆེན་རིག་འཛིན་མང་བོ་འདུ་བའི་ལྟེ་གནས་ཞིག་ཀྱང་ཡིན་ཚུལ་སོགས། སྤྱི་སྤུངས་བསྒྲགས་པ་རིན་ཆེན་གླིང་གྲགས་ལས། དབུས་ན༢༠ཐམ་པ་གཙང་ན༡༧ཏེ་སུམ་ཅུ་རྩ་བདུན་ནོ། །དེ་ལ་དབུ་རུའི་རྒྱུད་ན༡༣ཡོད་དེ། ངན་ལམ་རལ་བོན་གྱི་འདུ་གནས། འདམ་ཤོད་སྣར་མ་བོན་གྱི་འདུ་གནས། འཕེན་ཡུལ་བྲག་དཀར་བོན་གྱི་འདུ་གནས། མར་གྲོས་གསེར་ཁང་བོན་གྱི་འདུ་གནས། ཤུན་གྱི་བྲག་དམར་བོན་གྱི་འདུ་གནས། ཧེས་པོ་ཁྲི་ཏང་བོན་གྱི་འདུ་གནས། ལྷ་ས་ཡེར་བ་བོན་གྱི་འདུ་གནས། གནམ་གྱི་རེ་གེད་བོན་གྱི་འདུ་གནས། གནམ་མཚོའི་དོ་རིང་བོན་གྱི་འདུ་གནས། སྟོད་ལུང་རལ་བོན་གྱི་འདུ་གནས། ཀྱི་ཤོད་ལུང་ནག་བོན་གྱི་འདུ་གནས། རེ་རྒྱང་ཤ་མཐའ་བོན་གྱི་འདུ་གནས། མཆོག་དགོན་རྒྱལ་མོ་ཁ་བོན་གྱི་འདུ་གནས་དང་བཅུ་གསུམ་མོ། གཡོན་རུ་ན་བདུན་ཡོད་དེ། འོལ་ཀ་ཤུག་ནག་བོན་གྱི་འདུ་གནས། ཉོང་ཡུལ་ཤིང་ནག་བོན་གྱི་འདུ་གནས། གཡེ་ལུང་གསོ་ཁ་བོན་གྱི་འདུ་གནས། ཀླུ་ཤོད་ཐང་མར་བོན་གྱི་འདུ་གནས། མལ་གྲོས་མཚོ་ཤོད་བོན་གྱི་འདུ་གནས་དང་བདུན་ནོ།། གཙང་གཡས་རུ་ན་བརྒྱད་ཡོད་དེ། འོད་ཡུལ་ས་ནག་བོན་གྱི་འདུ་གནས། ཤང་གི་ཞང་ཚག་བོན་གྱི་འདུ་གནས། བྲུད་ཀྱི་མཁར་གདོང་བོན་གྱི་འདུ་གནས། རྟ་ནག་རྐྱང་ཕུག་བོན་གྱི་འདུ་གནས། གྱེད་ཀྱི་རྐྱང་འཁོར་བོན་གྱི་འདུ་གནས། བྲག་ཕུ་གྲོ་ལྷ་བོན་གྱི་འདུ་གནས། གཙང་གི་གྱེར་བུ་བོན་གྱི་འདུ་གནས། ཟང་ཟང་ལྷ་བྲག་བོན་གྱི་འདུ་གནས་དང་བརྒྱད་དོ། །རུ་ཁ་ན་དགུ་ཡོད་དེ། ལྷང་སྟོད་སྟག་ཚལ་བོན་གྱི་འདུ་གནས། ཆུ་འགོ་སྟོད་རིང་བོན་གྱི་འདུ་གནས། མཁར་ཆེན་བྲག་དཀར་བོན་གྱི་འདུ་གནས། མཚོ་རྔ་བྲག་དཀར་བོན་གྱི་འདུ་གནས། གཉའ་རྩེ་ཐང་ཤོད་བོན་གྱི་འདུ་གནས། གྲ་པ་ཁ་དུ་བོན་གྱི་འདུ་གནས། ར་སང་ཐ་ཟླུམ་བོན་གྱི་འདུ་གནས། མང་མཁར་ལྕགས་འཕྲང་བོན་གྱི་འདུ་གནས། ལྷ་ཡུལ་གུང་ཐང་བོན་གྱི་འདུ་གནས་དང་དགུའོ། །ཞེས་གསལ་བོར་བསྟན་ཡོད་ལ། ད་དུང་བོན་གྱི་འདུ་གནས་རེ་རེ་ན་བྱིན་རླབས་ཀྱི་ཚན་ཁ་འབར་བའི་མཆོད་རྟེན་རེ་རེ་དང༌། ཤེལ་གྱི་དོ་རིང་རེ་རེ། བང་སོ་འདུར་ཆད་རེ་རེ་ཡོད་པ་ཡང་ལུང་དེ་ཉིད་ལས་གྲུབ། དེའི་སྐབས་ཀྱི་བོན་གྱི་འདུ་གནས་སོ་བདུན་ཞེས་པ་འདི་ནི། བོན་གཤེན་རིག་འཛིན་གོང་མས་ཐུན་སྦྱོང་ཉམས་ལེན་བྱེད་སའི་དབེན་པའི་རི་ཁྲོད་ཅིག་ཡིན་པ་ལས། ཆོས་སྲིད་ལུགས་གཉིས་བསྐྱངས་པའི་ཟང་ཟིང་གི་གཡུལ་ས་ཙམ་མ་ཡིན་པར། གནས་ཆེན་དེ་དག་ལས་སྔགས་རྫོགས་ལ་གྲུབ་པ་བརྙེས་པའི་གྲུབ་ཐོབ་རིག་འཛིན་བོད་རྒྱལ་མུ་ཁྲི་བཙན་པོ་དང༌། མོན་བོན་ཧ་ར་ཅི་པར། བོན་མོ་སྟག་ཝེར་ལི་ཝེར། ཞང་ཞུང་ཨ་ནུ་ཕྲག་ཐག ཞང་ཞུང་སད་ནེ་གའུ། དཔོན་གསས་ཐ་མི་ཐད་གེ ཤད་བུ་ར་ཁུག རྒྱ་བོན་ཟིང་པ་མཐུ་ཆེན་སོགས་ཀྱིས་འགྲོ་དོན་རྒྱ་ཆེན་མཛད་ནས་བསྟན་པ་ཕྱོགས་བཅུར་སྤེལ་བས། དེང་སྐབས་ཀྱང་གནས་འདིར་སྒྲུབ་ཕུག་དང་བཀའ་རྟགས་ཞབས་རྗེས་མང་པོ་མཇལ་རྒྱུ་ཡོད་པ་མ་ཟད། ད་དུང་གནའ་བོའི་དགོན་རྙིང་གྲགས་ཆེན་སྟོད་ལུང་འབྲི་ལུང་དགོན་པ་ཡང་ས་གནས་འདི་རུ་ཡོད་པ་རེད། དགོན་པ་འདིའི་ལུང་མདོར་སྡེ་བ་ཆུང་ཆུང་ཞིག་ཡོད་ལ། སྡེ་བ་འདིའི་མིང་ལ་ཞང་སྡེ་བ་འམ་ཞང་ལུང་པ་ཞེས་འབོད་ཀྱིན་འདུག རྒྱུས་ལོན་བྱས་པ་ལྟར་ན། སྡེ་བ་འདི་ནི་སྔོན་ཆད་ཞང་སྟོན་དམ་པ་ཚུལ་ཤེས་ཁོང་ཉིད་འཇིག་རྟེན་མི་ཡུལ་དུ་གཟུགས་སྐུའི་དཀྱིལ་འཁོར་མངོན་པར་བཞད་པའི་ས་གནས་ཡིན་འདུག་པ་དང༌། ཁོང་གིས་གཞོན་ནུ་རོལ་རྩེད་མཛད་སའི་མ་ཡུམ་གྱི་གཞིས་ཁྱིམ་དྲོན་མོ་ཡང་ཡིན། དེ་ལ་དེང་སྐབས་སྨྱུག་ཐོག་པ་ཁ་ཤས་ཀྱིས་ཞང་སྟོན་དམ་པ་ཚུལ་ཤེས་ཞེས་པ། ཁོང་ཉིད་ཞང་ཞུང་གི་ཡུལ་ནས་ཕེབས་པའི་སྟོན་པ་ཚད་མའི་སྐྱེས་བུ་ཞིག་ལ་ངོས་འཛིན་མཛད་འདུག་ཀྱང༌། དོན་དངོས་སུ་ཁོང་ཉིད་ཞང་སྡེ་བའི་ནང་དུ་འཁྲུངས་པས་ཡུལ་མིང་མི་ལ་ཐོགས་པ་སོམ་ཉི་མེད། དམ་པ་ཚུལ་ཤེས་ཁོང་ཉིད་སྐུ་ནར་སོན་རྗེས། མ་སྐུལ་དང་ལེན་གྱིས་གཙང་གི་གྲྭ་ས་ཡ་བཞི་ལ་སོགས་འགྲིམ་ནས། གཡས་རུ་དབེན་སའི་བྲུ་ཡི་རྗེ་བཙུན་རྒྱལ་བ་གཡུང་དྲུང་སོགས་ཀྱི་ཞབས་རྡུལ་སྤྱི་བོར་བླངས་ཏེ་མདོ་སྔགས་རྫོགས་གསུམ་གྱི་གནས་ལ་སྦྱངས་པ་དཔྱིས་ཕྱིན་མཛད་པ་དང།
|

