མདོ་སྨད་བྱང་བརྒྱུད་དུ་བོན་བསྟན་དར་ཚུལ་རགས་ཙམ་བརྗོད་པ་ཕན་བྱེད་སྨན་གྱི་རིལ་བུ།
|
ལྟ་ཁྱིམ་གྲངས་སྟོང་ཕྲག་ལྷག་ཡོད། སྲས་རྒྱུད་མ་ཞང་ཕྱོགས་སུ་འཕེལ་བ་ལ་ད་ལྟ་སོ་ནག་བོན་པོ་ཚང་ཞེས་ཁྱིམ་གྲངས་ཉིས་བརྒྱ་ཙམ་ཡོད། དེའི་ནང་དུ་སོ་ནག་བོན་པོ་སྤྱི་འདུལ་གར་གྱི་དབང་ཕྱུག་ཅེས་ཡོངས་གྲགས་སོ་ནག་བོན་ཕྲུག་གྲུབ་ཆེན་ཐོགས་འཛིན་བྱོན་ནས་དེའི་གདུང་རྒྱུད་དང་སློབ་རྒྱུད་ལ་མདོ་སྔགས་བསྟན་རྒྱས་གླིང་ཞེས་བཙུན་དགོན་དང་སྔགས་དགོན་ཟུང་འབྲེལ་དུ་དར་བ་འདི་བྱུང་། ཐུན་ཏེ་ར་རྒྱའི་ཕྱོགས་སུ་བོན་བསྟན་སླར་གསོ་བྱས་པ་ནིསེ་ཟ་མི་འཇིག་ཀུན་བཟང་དཔལ་ལྡན་གླིང་སོགས་བྱུང་། དེ་དག་ཐམས་ཅད་ལ་བོན་བརྒྱ་ལྷ་རྗེ་དཔའ་མཁར་དང་རང་ཤར་རིག་གྲོལ། གཡུང་དྲུང་ཕུན་ཚོགས། སྐུ་སྐྱེས་ཆེ་བ་དང་གྲུབ་དབང་ནམ་མཁའ་རྒྱལ་མཚན་སོགས་བླ་རབས་རིམ་བྱོན། རྩེ་ཞིག་བླ་རབས། སྟོང་ཆེ་བླ་རབས་རྣམས་ཀྱིས་བསྐྱངས་ནས་ད་ལྟའི་བར་དུ་མ་ཉམས་པར་གནས་པ་འདི་རྣམས་སོ།
ཡང་། རླངས་རྒྱལ་པོ་ངོ་མོའི་གདུང་རྒྱུད་ལས་རེབ་གོང་མར་ནང་དུ་མཆེད་པ་ནི། མར་ནང་བོན་ཚང་མ་༼འདི་པཎ་ཆེན་སྐུ་ཕྲེང་བཅུ་བའི་རུས་དཔོན་ཡིན༽དང་དབལ་ལུང་དང་ལྷོ་བ་སོགས་ཡིན་ལ། སྐྱིད་སྟོན་འཁོར་ལོའི་གདུང་རྒྱུད་ལས་མཆེད་པ་ནི་གུང་ཧོ་སྐ་གསར་བོན་པོའི་ནང་ན་ཨེར་ཏིའི་སྐྱིད་ཚང་དང་མཁ་ཡངས་གདུང་གི་རྒྱུད་གཉིས་ཀ་ཡོད་ལ་དེར་སྟོང་ཁྱུང་ཞབས་དྲུང་རིན་པོ་ཆེས་ཕྱག་བཏབས་པའི་ཨེར་ཏིའི་དུང་དཀར་དགོན་པ་སོགས་ཡིན། ཡང་བྱང་ཕྱོགས་བོན་པོ་གོས་སྔོན་ཅན་ཞེས་གྲུབ་ཐོབ་ཀུན་ཏུ་བཟང་པོའི་གདུང་རྒྱུད་དང་སློབ་རྒྱུད་ལས་ཧྭ་ལུང་དོན་ཤེས་དང་ཤར་སྟེང་། གཟུངས་སྤྱོད་རྒྱུད། འབའ་འོག གཟུངས་ཐོག་སོགས་ཀྱི་བོན་སྡེ་དང་དེ་དག་ལ་སྟོང་ཆུང་ཞབས་དྲུང་རིན་པོ་ཆེས་བདག་གིར་མཛད་ནས་དར་རྒྱས་བྱུང་བ་ཡིན། ཁྱད་པར་སྔོན་ཆད་བྱ་ཁྱུང་བོན་སྐྱོང་དགོན་སྡེ་ཞིག་ཡོད་པ་དེ་ཆོས་རྗེ་དོན་གྲུབ་རིན་ཆེན་རིང་ནས་གནས་སྤོར་དགོས་པ་བྱུང་། བ་ཡན་རྩ་བ་ཕྱོགས་སུ་གནས་སྤོས་པ་ལ་སྟོང་ཆུང་དགོན་པ་ཟེར། རབ་བྱུང་ལྔ་བའི་ནང་ཡིན། དེ་རྗེས་ཧེ་དམག་ལ་རྒྱུ་ནོར་བརྫངས་ནས་མེད་པར་བཏང་ན་ཡང་སྟོང་ཆུང་ཞབས་དྲུང་བསོད་ནམས་གཡུང་དྲུང་དབང་རྒྱལ་ནས་ད་ལྟའི་དགོན་གནས་སྐྱ་ཡེ་གནས་མགོའི་ཕུ་ལ་ཕྱག་བཏབས་ནས་བསྐྱངས། ཁྱུང་རྒྱལ་བོན་བརྒྱ་སྐེད་དང་སྐྱེ་ཡེ་གནས་མགོ། ཇོས་རྒྱ། ཨ་ཀ་ར་སོགས་ལྷ་སྡེ་ཡིན། ཁྱུང་དཀར་བརྒྱུད་འཛིན་སྡོང་སྐམ་ནས་ཆད་པའི་སྣང་རའི་ཞ་ཁྲ་ཡང་བོན་གྱི་སྒྲུབ་སྡེ་ཞིག་ཏུ་གྱུར་ནས་ད་ལྟའི་བར་དུ་གནས་ཡོད་ལ་སྲིད་པ་རྒྱལ་མོའི་རྡོ་སྐུ་རང་བྱོན་ཀྱང་བཞུགས་ཡོད། ཁྲི་ཀའི་ཕྱོགས་སུའང་རབ་བྱུང་བཞི་བའི་ནང་བྲུ་མཐའ་བྲལ་བསོད་ནམས་རྒྱལ་མཚན་གྱི་དངོས་སློབ་སོག་བཙུན་སྟོན་པ་ཡེ་ཤེས་རྒྱལ་མཚན་དང་སོག་སྡེ་པདྨ་རྒྱལ་ཞེས་སྐུ་མཆེད་རྣམ་པ་གཉིས་ཁྲི་ཀ་ཡུལ་དུ་བྱོན་ནས། མེ་ལུང་བྲག་དཀར་དང་ལྷ་དཀར་པོ། བོན་པོའི་གདོང་སྣ་རྣམས་ཀྱི་ཚབས་སུ་སྟོང་ཆེ་ཁྱུང་མོང་གྲྭ་ཚང་དང་འཕྲང་དམར་ལུང་བའི་ཨ་དགོན་སྒྲུབ་སྡེ་ཉམས་པའི་རྗེས་སུ་སེ་བརྒྱ། རྨེའུ་ཚང་གོང་བ་སོགས་སྒྲུབ་སྡེ་དར་རྒྱས་བྱུང་བ་ཡིན་ནོ། མཚོ་སྔོན་ཁྲི་གཤོག་རྒྱལ་མོའི་ཉེ་འགྲམ་གྱི་མཚོ་ཁའི་བོན་པོའི་གདོང་སྣ་དང་ལྷ་མོ་སྲིད་རྒྱལ་དྲེའུ་ནག་མོའི་དགོན་པ་༼ད་ལྟ་ལྷ་མོ་དྲེའུ་ཟེར་བ་དེ་ཡིན༽དང་། སད་དོ་དགོན་པ་ཞེས་པ་ཞང་སྐད་སད་དོ་ཞེས་པ་ལྷ་ཡིན་པས། ལྷ་དགོན་ཞེས་པ་༼ད་ལྟ་སད་དོ་དགོན་པ་ཟེར་བ་སྔགས་རྙིང་མ་བའི་དགོན་སྡེ་དེ་ཡིན༽རྣམས་ནི་བོན་པོས་སླར་གསོ་བྱེད་མ་ཐུབ། དེར་མ་ཟད་བྲག་དཀར་སྤྲེལ་རྫོང་ཞེས་མ་རྒྱུད་ཀྱི་སྒྲུབ་གནས་སྐོར་བ་གཡོན་སྐོར་བྱེད་དགོས་པ་དེ་ཡང་བོན་པོས་བསྐྱར་གསོ་བྱེད་མ་ཐུབ་བོ།། |

