རྫོགས་པ་ཆེན་པོ་ཞང་ཞུང་སྙན་རྒྱུད་ཀྱི་བོན་མ་ནུབ་པའི་གཏན་ཚིགས།
|
དིང་པ་དྲངས། བདའ་དགུ་དང་འདོད་དགུ་ནི་ཕུལ། གདུང་བའི་མཆི་མ་ཁྲག་ཏུ་གཏིགས་ནས་ཞུས་པ། བོན་སྐྱོང་རྒྱལ་པོ་ནི་བཀྲོངས། བོན་ཁྲིམས་དར་གྱི་མདུད་པ་ནི་ཞིག རྒྱལ་ཁྲིམས་གསེར་གྱི་གཉའ་ཤིང་ནི་ཆག བོན་ཁམས་སིལ་བུར་སོང་། གཡུང་དྲུང་བོན་གྱི་བསྟན་པ་ནི་ནུབ། འདི་ལྟ་བུའི་དུས་བྱུང་བས། ཐུགས་ཀྱི་བརྣག་པ་ཞུ་འཚལ་ཞུས་པས། སྣང་བཞེར་ལོད་པོའི་ཞལ་ནས། ང་ལ་སྤུ་ཞེས་བྱ་བ་གསེར་སྲང་གཅིག་ལ་ལོ་གསུམ་བསྒྲུབས་ནས་བཏང་ན། ཡར་ལུང་སོག་ག་ཁྲི་སྲོང་ལྡེ་བཙན་འཁོར་དང་བཅས་པ་ཕུང་པ་ཡོད་པ་དེ་བྱའམ། གསུངས་པས། མཚོ་རྒྱལ་གྱི་ཞལ་ནས་རྔུབ་མཛད་པར་འཚལ་ལོ་ཞུས་པས། གྱེར་སྤུངས་ཆེན་པོ་ད་རོག་མཚོ་གླིང་ལ། དར་དཀར་ཤྭ་བ་རིས་ཀྱི་གུར་ཕུབ། ཟ་འོག་དགུ་རིམ་གྱི་གདན་ལ་བཞུགས་ནས་ཞག་བདུན་བསྒྲུབས་ནས། གསེར་ཞོ་གཅིག་གསུམ་དུ་བཅད་ནས། སུམ་ནམ་གཅིག་སྲོད་ལ་འཕངས་པས། ཡར་ལུང་མཚོ་སྐམ་བྱ་བ་ཡོད་དོ། སུམ་ནམ་གཅིག་ནམ་ཕར་ཕྱེད་ཚུར་ཕྱེད་ལ་འཕངས་པས། སོག་ཁ་སྤུན་པོའི་རི་ལ་ཤྭ་བ་བདུན་ཉལ་བ་ལ་རྒྱབ་ནས། གཉིས་ཤི་ལྔ་རེངས་པས། ཤྭ་བ་རེངས་ཀྱི་རི་བྱ་བ་ཡོད་དོ། སུམ་ནམ་གཅིག་ཐོ་རེངས་ལ་འཕངས་པས། སྐུ་མཁར་ཕྱིང་བ་སྟག་རྩེ་ལ་རྒྱབ་ནས། རྒྱལ་པོ་སྙུང་གིས་ཟིན་ནོ། རྒྱལ་པོ་རིག་པ་ཅན་དེའི་ཞལ་ནས། གཡུང་དྲུང་བོན་གྱི་བསྟན་པ་བསྣུབས། བོན་སྐྱོང་རྒྱལ་པོ་བཀྲོངས། ད་ནངས་ཐོ་རངས་ཙྭོ་འོང་ལུགས་ཀྱིས། གྱེར་སྤུངས་ཆེན་པོ་ཐུགས་ཁྲོས་པ་ཡིན་པས། གསེར་ཕྱེ་འབྲོང་རུ་གང་ཁྱེར་ལ། མི་རྟ་བརྒྱ་ཐམ་པ་ཆོས་ཤིག གྱེར་སྤུངས་དེ་ལ་ང་གསོ་བའི་ཐབས་ཡོད་དོ། དེ་གདན་མ་དྲངས་ན་ང་ནི་མྱུར་དུ་འཆི་བ་འདྲ་གསུངས་སོ། དེར་རྟ་པ་བརྒྱ་དྲྭ་བྱེའི་ལུང་པར་ཕྱིན་ནས་ཞང་ཞུང་གི་ལུག་རྫི་ལ་བོད་ཀྱི་རྟ་པ་རྣམས་ཀྱིས་གཏམ་དྲིས་པ། གྱེར་སྤུངས་ཐུགས་ཀྱིས་བརྣག་པ་ཕྱུངས་ནས་བོད་ཀྱི་རྒྱལ་པོ་བསྙུང་། གྱེར་སྤུངས་ལ་སྐུ་རྒྱལ་འབུལ། སྤྱན་འདྲེན་པས་གང་ན་བཞུགས་དྲིས་སོ། རྫི་བོས་སྨྲས་པས། མཚོ་གླིང་ཉེ་བྲག་དཀར་པོའི་མ་གིའི་རྩ་ན་དར་དཀར་ཤྭ་བ་རིས་གུར་ཕིབ་ནས་ཡོད། སྐུ་མ་ངེས་ཏེ་ཅིར་ཡང་སྤྲུལ་ཟེར་རོ། དེར་མཚོ་ལ་གྲུ་བཏང་ནས་ཕྱིན་པས་ཟ་འོག་གི་གདན་དགུ་རིམ་གྱི་སྟེང་ན་ཤེལ་དཀར་གྱི་རྣ་རུར་སྤྲུལ་ནས་འདུག་པ་ལ། གསེར་ཕྱེ་འབྲོང་རུ་གང་ཕུལ་ནས་བསྐོར་བ་དང་ལྷ་ཕྱག་བྱས་པས། ཤེལ་གྱི་རྣ་རུ་གྱེར་སྤུངས་སུ་སྐུ་བཞེངས་པས་གསུངས་པ། བོན་སྐྱོང་རྒྱལ་པོ་བཀྲོངས། གཡུང་དྲུང་བོན་གྱི་བསྟན་པ་བསྣུབས། ཐུགས་ལས་བརྣག་པ་སྐྱེས་ནས་ཀྱང་། བོད་ཀྱི་རྒྱལ་པོ་བཀྲོངས་ནས་བོད་ཁམས་ཕུང་ནས་འགྲོ་བ་ལ། ད་ངས་སྨྲས་པ་ཁས་ལེན་ནམ་གསུངས། བློན་པོས་ཞུས་པ། རྗེ་ཁྲི་སྲོང་ལྡེ་བཙན་གྱི་ཞལ་ནས། དང་པོ་གཡུང་དྲུང་བོན་བསྣུབས་པ་ཡང་ངས་མ་ཉེས་ཏེ། བྷོ་ཏི་ས་ཏྭ་དང་རྒྱ་གར་གྱི་མཁན་པོ་རྣམས་དང་། འཁོར་གྱི་བློན་པོ་རྣམས་ཀྱི་ཕྲ་མ་ལགས། ད་ཅི་ལྟར་གསུངས་པ་བཀའ་ཉན་ཞུས་པས། འོ་ན་ངའི་ཚིག་བཞི་འདི་སྟེར་རམ། ངས་སྤྱོད་པའི་ཞང་ཞུང་གི་བོན་སྡེ་སུམ་བརྒྱ་དྲུག་ཅུ་འདི་མི་བསྣུབ་པ་དང་གཅིག གུ་རུབ་ཀྱི་མི་སྡེ་འདི་ལ་ཡུལ་ཡར་ལུང་སོག་ཁ་བྱིན་ནས། བླ་དང་བློན་གྱི་ཁྲལ་མེད་པར་གཡས་གྲལ་ལ་འཇོག་པ་དང་གཉིས། རྗེ་ལིག་མིན་རྐྱའི་སྐུ་ཚབ་ཏུ། གསེར་གྱི་མཆོད་རྟེན་ལ་གཡུང་དྲུང་འདོམས་གང་མགར་བ་དང་། ཁྱུང་ཟ་མཚོ་རྒྱལ་སྤྱན་སྔར། ལྷུ་བཅུ་གཉིས་མགོ་དང་བཅུ་གསུམ་གྱི་སྟོང་འཇལ་བ། གཙིགས་སུ་སྦྱིན་ནམ་གསུངས་སོ། དེར་དབང་བློན་མི་གསུམ་གྱིས་ཀས་བླངས་སོ། དེ་ནས་གྱེར་སྤུངས་རྗེའི་སྤྱན་སྔར་གདན་བསྐྱོད་ནས་ཕྱིར་ལྡོག་གི་ཆོ་ག་གསང་ཐིས་འཕར་མ་དགུ་སྐོར་མཛད། རྗེའི་བུ་ལ་དགུ་ནས་གསེར་གྱི་སྐུད་པ་དར་སྐུད་སྒྲིལ་མ་ཙམ་རེ་ཡང་བཏོན་ནོ། སྲང་ལ་བཅལ་བས་སུམ་ནམ་གཅིག་བཏོན་ནོ། དེའི་རྗེས་ལ་ཁྲག་ངན་དང་རྣག་དང་ཆུ་སེར་ལ་སོགས་པ་མང་དུ་བཏོན་ནས་བསྙུངས་པ་གདངས་སོ། རྒྱལ་པོ་ཡང་ཤིན་ཏུ་དྲིན་ནས། ཞང་ཞུང་བོན་སྡེ་རྣམས་མ་བསྣུབས་སོ། གུ་རུབ་མི་སྡེ་ལ་ཡུལ་སོག་ཁ་དང་། གྲལ་གཡས་ལ་བཞག་གོ ཞང་ཞུང་རྒྱལ་པོའི་སྐུ་ཚབ་དང་མི་སྟོང་བཅུ་གསུམ་བཙུན་མོའི་སྤྱན་སྔར་བརྫངས་སོ། ། དེར་གཡུང་དྲུང་གི་བོན་འདི་དར་ཞིང་རྒྱས་པར་བཞུགས་དུས། བཀའ་བྱིན་རླབས་ཀྱི་བདག་པོ་གྱེར་སྤུངས་སྣང་བཞེར་ལོད་པོ་ལ། མཁས་པ་གྲུབ་ཐོབ་སྟོང་རྒྱུང་མཐུ་ཆེན་གྱིས་ཞུས་ཏེ། བོན་སྒོ་བསམ་གྱིས་མི་ཁྱབ་པ་ཞུས་སོ། དེ་རྣམས་ཁ་བྱང་རྒྱས་པར་གསལ། འདི་ནི་བསྡུས་པའི་ལོ་རྒྱུས་བོན་མ་ནུས་པའི་གཏན་ཚིགས་ཟུར་ཙམ་བསྟན་པ་ལགས་སོ། །
|
<< ༄༅། ཐུགས་དམ་རྩ་གསུམ་བོན་སྐྱོང་སྲུང་མའི་སྐོར།གསོ་རིག་འབུམ་བཞི་དང་རྒྱུད་བཞི་གཉིས་ཀྱི་འབྲེལ་བ་ལ་དཔྱད་པ། >>
དཔྱད་གཏམ་ཡོངས་ལ་གཟིགས་པ།

