༄༅། ཐུགས་དམ་རྩ་གསུམ་བོན་སྐྱོང་སྲུང་མའི་སྐོར།

རིག་སྔགས་ལྟར་ཡིན། དེ་མིན་བྱམས་མ་དང༌། གདུགས་དཀར་བསྐལ་པ་བཟང་མོ། ཞི་རྒྱས་དབང་དྲག་གི་མཁའ་འགྲོ་བཞི་སོགས་མོ་རྒྱུད་མཁའ་འགྲོའི་སྡེ་ཚོགས་དུ་མ་ཡོད་ཀྱང༌། དུས་ངན་སྙིགས་མར་ཕན་ཐོག་ཆེ་ཤོས་དང༌། བྱམས་དང་སྙིང་རྗེའི་བདག་མོ། རྒྱལ་བ་སྲས་བཅས་ཀྱི་ཡུམ་ཆེན་མོ་ཤེས་རབ་བྱམས་མ་དེ་རྩ་གསུམ་གྱི་ནང་ཚན་མཁའ་འགྲོའི་གཙོ་མོ་བརྩི་སྲོལ་ཡོད། ཡུམ་ཆེན་ཤེས་རབ་བྱམས་མར་ནང་གསེས་དབྱེ་ན་སྐུ་གསུང་ཐུགས་ཡོན་ཏན་འཕྲིན་ལས་སོགས་ཀྱི་བྱམས་མ་དུ་མར་ཡོད་དེ་སྐུའི་ངོ་བོ་བྱམས་མ་རིགས་ལྔ། གསུང་གི་ངོ་བོ་འཇིགས་པ་བརྒྱད་སྐྱོབ། ཐུགས་ཀྱི་ངོ་བོ་མདོ་འབུམ་བྱམས་མ་བཅུ་དྲུག ཡོན་ཏན་གྱི་ངོ་བོ་རྣམ་དག་སོ་གཉིས། འཕྲིན་ལས་ཀྱི་ངོ་བོ་ལྷ་སྨན་ལྔ་བཅུ་ང་གཉིས། བྱམས་ཕྲན་འབུམ་ཕྲག་མཐའ་ཡས་སོགས་ཡོད་ཀྱང་ལྷ་བརྒྱ་འདུས་པའི་ངོ་བོ་སྐུའི་གཙོ་མོ་ས་ཏྲིག་ཨེར་སངས་སམ་ཡུམ་ཆེན་ཤེས་རབ་བྱམས་མ་དེ་མཁའ་འགྲོའི་གཙོ་བོར་བརྩི་སྲོལ་ཡོད།

 

 
བཞི་པ་བོན་སྐྱོང་སྲུང་མའི་སྐོར།


     ༈ བོན་སྐྱོང་སྲུང་མ་ནི་སྤྱིར་སངས་རྒྱས་ཀྱི་བསྟན་པ། སྒོས་སུ་སེམས་ཅན་གྱི་བདེ་སྐྱིད། ཁྱད་པར་དུ་སོ་སོ་རང་ཉིད་ཚེ་འདིར་དགེ་སྒྲུབ་ཉམས་ལེན་བྱེད་རིང་ཕྱི་ནང་གསང་བའི་བར་ཆད་དང༌། མི་མཐུན་པའི་འགལ་རྐྱེན་སེལ་ལ། མཐུན་རྐྱེན་གྱི་སྡོང་གྲོགས་མཛད་མཁན། བསྟེན་ན་ལུས་དང་གྲིབ་བཞིན་འཁོར་བ། དུས་རྒྱུན་མཆོད་ན་ཕ་ལྟར་མགོན་པ། མ་ལྟར་བྱམས་པ། སྲིང་ལྟར་གདུང་བ། གྲོགས་ལྟར་བརྩེ་བ། དགོས་པའི་དུས་སུ་བོས་ན་འོང་བ། རྦད་ན་འགྲོ་བ། བསྐུལ་ན་མྱུར་བ་བཅས་ཀྱི་མཐུ་དཔུང་སྡོང་གྲོགས་མཛད་ལ། སྤྱིར་ཡུལ་ལུང་སོ་སོར་བསྟོད་བསྐུལ་འཕྲིན་བཅོལ་གྱི་ཡུལ་ཡོད་ཀྱང༌། བོན་ལུགས་དད་ལྡན་མང་ཚོགས་སྲོལ་རྒྱུན་གྱི་ཁྲོད་དུ་དུས་རྒྱུན་ལོ་དུས་ཀྱི་གསོལ་ཁ་དང༌། ཟླ་དུས་ཀྱི་མཆོད་པ། ཞག་རེའི་བསྐང་གསོལ་འཕྲིན་བཅོལ་བྱ་རྒྱུ་དེ་ཤིན་ཏུ་རྩ་ཆེན་འཛིན་ཏེ་མི་རབས་ནས་མི་རབས་བར་རྡོ་ལག་བརྒྱུད་དང་ཕ་ཤུལ་བུ་འཛིན་ལྟ་བུའི་ལམ་ལུགས་ཡོད་པ་དེ་མི་རིགས་ཀྱི་སྲོལ་རྒྱུན་ནང་ནས་གལ་ཆེན་ཞིག་ཡིན། སྤྱིར་བོན་གྱི་བསྟན་སྲུང་བོན་སྐྱོང་སྲུང་མའི་སྡེ་ཚོགས་ལ་གཙོ་བོར་བོན་སྐྱོང་ཕོ་རྒྱུད་དང་མོ་རྒྱུད་གཉིས་ཡོད་པའི་པོམ་ར་དང་མི་བདུད་གཉིས་གཙོས་དམ་ཅན་ཕོ་རྒྱུད་ཀྱི་སྡེ་ཚོགས་དང༌། བསྟན་སྲུང་གཙོ་མོ་མ་མཆོག་སྲིད་རྒྱལ་དྲེའུ་དམར་ནག་གཉིས་གཙོས་དམ་ཅན་མོ་རྒྱུད་ཀྱི་སྡེ་ཚོགས་བཅས་དུ་མ་ཡོད་ཀྱང་ཡོངས་གྲགས་སྲུང་མ་གལ་ཆེ་ཤོས་ནི་སྲིད་རྒྱལ་ཞལ་གསུམ་ཕྱག་དྲུག་དྲེའུ་ནག་གི་གདན་ལ་འགྱིང་བ་དེ་གཙོ་བོར་འཛིན་སྲོལ་ཡོད།
         སྲིད་རྒྱལ་ནང་གསེས་དབྱེ་ན། སྐུ་གསུམ་གྱི་ཆ་ནས་སྐྱེ་མེད་བོན་སྐུ་ཀུན་ཏུ་བཟང་མོ། རྫོགས་པའི་སྐུར་བཞེངས་དབུ་བརྒྱ་ཕྱག་སྟོང་མ། སྤྲུལ་པའི་སྐུར་བསྟན་བདེ་འགྲོ་གསང་ཡུམ། སྲིད་རྒྱལ་གྱི་སྐུ་གསུང་ཐུགས་ལས་སྤྲུལ་པའི་གཟེ་གྱད་སྤར་མའི་དབལ་མོ་ཉེར་བདུན། ཡོན་ཏན་གྱི་ཆ་ནས་དམག་དཔོན་མ་དགུ། འཕྲིན་ལས་ཀྱི་ཡང་སྤྲུལ་བརྟན་མ་བཅུ་གཉིས། མཁའ་ཀློང་དབྱིངས་གསུམ་ལ་ལྟོས་ཏེ་བཀའི་བྱ་ར་མ་གསུམ། ཉིན་མཚན་དུས་དྲུག་ལ་ལྟོས་ཏེ་སྲིད་རྒྱལ་དུས་དྲུག ས་ཆུ་མེ་རླུང་ནམ་མཁའ་ལ་ལྟོས་ཏེ་འབྱུང་བའི་ལྷ་མོ་ལྔ། ནམ་ཟླ་དབྱར་དགུན་སྟོན་དཔྱིད་བཞི་ལ་ལྟོས་ཏེ་བཀའ་བློན་དུས་བཞིའི་དབང་བསྒྱུར་རྒྱལ་མོ་བཞི་སོགས་ངོ་བོ་གཅིག་ལ་རྣམ་གྲངས་དུ་མ་ཞིག་ཡོད་ཀྱང་དུས་རྒྱུན་བསྐང་གསོལ་བྱ་ཡུལ་བསྟན་སྲུང་གཙོ་མོ་སྲིད་རྒྱལ་དྲེའུ་དམར་ནག་གཉིས་ལ་མཆོད་བསྟོད་གཙོ་བོར་བྱེད་དགོས་པ་ཡིན། མདོར་ན་ཉམས་ལེན་བྱེད་མཁན་རང་གི་མི་ཚེ་ཧྲིལ་པོའི་ཐུགས་དམ་རྩ་བ་གསུམ་དང་བོན་སྐྱོང་སྲུང་མ་བཞི་བཅས་དང་པོ་བཀའ་དྲིན་སུམ་ལྡན་རྩ་བའི་བླ་མ་ཡིན་ལ། གཉིས་པ་ཚེ་རབས་ཀྱི་ལས་ལྷ་ཡི་དམ། གསུམ་པ་མཁའ་འགྲོའི་གཙོ་མོ་ཤེས་རབ་བྱམས་མ། བཞི་པ་སྲུང་མའི་གཙོ་བོ་སྲིད་པའི་རྒྱལ་མོ་བཅས་སོ།།

青ICP备08000069号
QQ:568095347
E-mail:liamrgbm@yahoo.com.cn

པར་དབང་རེབ་གོང་བོན་མང་དྲ་བར་དབང་བས་གཞན་གྱིས་མི་སྤྱོད་པར་མཁྱེན།
བོད་ཀྱི་ཆ་འཕྲིན་ལག་རྩལ་དྲ་བས་ལག་རྩལ་ཕྱོགས་ནས་རོགས་སྐྱོར་བྱས་པར་ཐུགས་རྗེ་ཆེ་ཞུ།